ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཤིན་ཅང་ཝུ་རོ་མུ་ཆི་གྲོང་ཁྱེར་དུ་རྒྱ་ནག་གི་གཞུང་འབྲེལ་ཚོགས་འདུ་ཞིག་བསྐངས་ཏེ། ཤིན་ཅང་ཝུ་རོ་མི་ཆི་ས་ཆར་སྐྱོད་བཞིན་པའི་ཕྱི་མི་རྣམས་གཙོས་ས་གནས་ཡུ་གུར་མི་རིགས་ཡོངས་ལ་ཞིབ་བཤེར་དང་། ཐོ་འགོད་བྱ་དགོས་པའི་བྱ་འགུལ་ཞིག་མགོ་འཛུགས་བྱས་ཡོད་འདུག ཉིན་ ༡༠༠ ནང་གྲོང་ཁྱེར་གྱི་ཟ་ཁང་དང་མགྲོན་ཁང་། གློག་བརྙན་ཁང་། ཞབས་བྲོ་ཁང་། སྤྱི་གླིང་སོགས་མི་མང་འདུས་སྡོད་ཀྱི་ས་གནས་ཡོངས་དང་། གྲོང་ཁྱེར་མཐའ་འཁོར་གྱི་ཁྱིམ་ཚང་བཅས་ལ་ཞིབ་བཤེར་བྱས་ཏེ། ལག་དེབ་མེད་མཁན་ཡོངས་རྫོགས་ཕྱིར་འཕུད་གཏོང་རྒྱུ་ཡིན་ཞིང་། སྡོད་གནས་མི་གསལ་མཁན་མང་པོ་ཞིག་ད་ཆར་འཛིན་བཟུང་བཀག་བསྐྱིལ་བྱེད་བཞིན་ཡོད་འདུག ཝུ་རོ་མུ་འུ་ཆི་གྲོང་ཁྱེར་གྱི་དམར་ཤོག་མགོ་ཁྲིད་གཞོན་པ་(焦亦民)ཡིས།ལས་འགུལ་དེ་ནི་སྤྱི་ཚོགས་བདེ་འཇགས་ལ་གལ་ཆེ་བའི་ལས་དོན་ཞིག་ཡིན་ཚུལ་བརྗོད་ཡོད་འདུག
དེ་བཞིན། ཕྱི་ཟླ་ ༡༡ པའི་དཀྱུལ་ཙམ་ནས་ཤིན་ཅང་ཨ་ཧཱ་ཆི་རྫོང་དུ་ཡང་། དགུན་ཚིགས་དྲག་རྡུང་ལས་འགུལ་ཟེར་བ་ཞིག་མགོ་བཙུགས་ཏེ་ཡུ་གུར་བའི་དཔེ་ཚོང་ཁང་དང་སྒྲ་བརྙན་དཔར་སྐྲུན་ཁང་། གླུ་ཁང་དང་མགྲོན་ཁང་སོགས་སུ་ཞིབ་བཤེར་བྱས་ཡོད་པར་མ་ཟད། ཡུ་གུར་བ་ ༡༠༠ ལྷག་ལ་བཀག་ཉར་འདྲི་གཅོད་བྱས་ཡོད་ཅིང་། མིི་ ༢༠ ཙམ་ད་ལྟ་མུ་མཐུད་བཀག་ཉར་བྱས་ཡོད་འདུག གཞུང་ཕྱོགས་ནས་མི་དེ་དག་ལ་ཁྲིམས་མཐུན་ཚོང་གཉེར་ཡིག་ཆ་མེད་པའི་ཉེས་འགེལ་བྱས་ཡོད་འདུག
འཇར་མན་དུ་རྟེན་གཞི་བྱས་པའི་ཡུ་གུར་མཐུན་ཚོགས་ཀྱི་མགྲིན་ཚབ་པས་བརྗོད་པ་ལྟར་ན། ཨ་ཧཱ་ཆི་རྫོང་དུ་ཡུ་གུར་བ་ ༤ ལ་ཁྲིམས་མཐུན་ཚོང་གཉེར་ཡིག་ཆ་མེད་པའི་ཉེས་མིང་འོག་བཀག་ཉར་དང་། མི་ ༥ དངོས་སུ་འཛིན་བཟུང་བྱས་ཡོད་པར་མ་ཟད། ཡུ་གུར་མི་རིགས་ཀྱི་སྒྲ་བརྙན་པར་སྐྲུན་བྱེད་ས་ ༢༠ ཙམ་སྒོ་བརྒྱབ་ཅིང་གླུ་གཞས་བརྙན་སྡེར་ཁྲི་ ༢ ལྷག་བཙན་འཕྲོག་བྱས་སོང་། ཟཱ་ལི་དང་ཀུ་ཧྲི་ས་ཁུལ་དུ་ཡུ་གུར་བའི་དཔེ་ཚོང་ཁང་འགའ་དང་། དཔར་སྐྲུན་ཁང་གཅིག་བཅས་སྒོ་བརྒྱབ་སོང་ལ། ཉེན་རྟོག་པས་མ་འོངས་པར་ཡུ་གུར་སྐད་ཀྱི་གཞས་དང་དཔེ་དེབ་སོགས་གཞུང་གི་ཆོག་མཆན་མེད་པར་སྒེར་ངོས་ནས་དཔར་འགྲེམས་བྱ་མི་ཆོག་པའི་བཙན་བཀའ་ཡང་བཏང་ཡོད་འདུག
ཤིན་ཅང་ས་ཁུལ་དུ་ ༧་༥ ཡི་ཡར་ལངས་ལས་འགུལ་བྱུང་རྗེས་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་དང་། ད་ལོའི་ཕྱི་ཟླ་ ༨ པའི་ཚེས་ ༡༩ ཉིན་ཨ་ཁི་སོ་གྲོང་ཁྱེར་དུ་འགལ་རྫས་འགས་གཏོར་གྱིས་མི་ ༧ འདས་གྲོངས་དང་། མི་ ༡༤ ལ་རྨས་སྐྱོན་ཕོག་པ་ནས་བཟུང་། བཀག་སྡོམ་ཞིབ་བཤེར་གྱི་ལས་འགུལ་སྣ་ཚོགས་ཤིག་མགོ་འཛུགས་བྱས་ཡོད་འདུག བསྡོམས་རྩིས་ལྟར་ན། ཝུ་རོ་མི་ཆི་གྲོང་ཁྱེར་དུ་མི་གྲངས་ཁྲི་ ༣༢༠ ཡོད་པ་དང་། དེའི་ཁྲོད་འགྲུལ་བཞུད་མི་གྲངས་ཁྲི་ ༨༠ ལྷག་ཡོད་པའི་ནང་ནས་མི་ཁྲི་ ༥༢ ཙམ་གྱིས་གནས་སྐབས་བཅའ་སྡོད་ཆོག་པའི་ཐོ་འགོད་བྱས་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
ཡུ་གུར་མི་རིགས་ལ་གདུངས་སེམ་མཉམ་བསྐྱེལ་ཡོད་ང་ཚོའི་ལས་དབང་གཅིག་ཡིན་ཤར་ཕྱོགས་སྤྲིན་པ་ནག་པོ་རྒྱབ་པའི་སླན་པ་མ་རེད་ཉི་མ་སྤྲིན་གྱི་འོག་ནས་དྭངས་པའི་དུས་ཞིག་ཤར་ཡོང་།
བསྐངས་ཏེ། བསྐོངས་ཏེ།
དཀྱུལ་ཙམ། དཀྱིལ་ཙམ།
གསར་འགོད་པ་ཚེ་རིང་རྒྱལ་ལགས། སྐུ་ཉིད་ཀྱིས་ཁ་སྔོན་ནས་དེ་རིང་བར་སྤེལ་བའི་གསར་འགྱུར་ནང་དབྱངས་ཨི་དང་ཨུའི་དཀའ་ངལ་དེ་མི་མངོན་པའི་ཚུལ་གྱིས་ཐོན་ཡོང་གི་འདུག་པས། ཕྱིས་འབྱུང་དེའི་ཐོག་ཐུགས་སྣང་གནང་རོགས།
དེ་ལྟར་རྒྱུན་འབྱམས་སུ་སོང་ན། དཀྱུལ་ཙམ་ནི། དཀྱིལ་ཙམ་གྱི་འབྲི་ཚུལ་གཞན།
མི་མཐུད་ནི། མུ་མཐུད་ཀྱི་འབྲི་ཚཱུལ་གཞན། སྦྱུན་བདག་ནི་སྦྱིན་བདག་གི་འབྲི་ཚུལ་ཞེས་ཟེར་དགོས་པའི་འུ་ཐུག་གི་ལས་ལ་འཇུག་དགོས་པའི་ཉེན་ཁ་འཕྲད་ཉེན་ཆེ།།