སྤྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་ནི་འཛམ་གླིང་གི་ཞི་བདེའི་ཉིན་མོ་དེ་ཡིན། ཉིན་འདིར་བོད་པ་ཚང་མས་ཆེས་གསལ་བོར་དྲན་སོས་པ་ནི་ལོ་ཉེར་གཅིག་སྔོན་ལ་༸གོང་ས་མཆོག་གིས་འཛམ་གླིང་ནའོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་དགའ་སྟོན་དེ་ལོས་ཡིན།
ང་ཚོས་ལོ་རེ་བཞིན་དུ་ཉིན་མོ་འདི་དྲན་གསོ་དང་དགའ་སྐྱིད་ལ་རོལ་གྱིན་ཡོད། འོན་ཀྱང་༸གོང་ས་མཆོག་གི་ཞི་བདེའི་མཛད་འཕྲིན་སྤྱི་དང། བཀའ་སློབ་ལམ་སྟོན་ལ་ལེགས་པར་བསམ་གཞིགས་བྱས་པ་དང་བྱེད་མཁན་ཉུང་ལ། དེ་བས་རྗེས་སུ་གོམ་པ་རེ་གཉིས་སྤོ་མཁན་ཡང་ཧ་ཅང་ཉུང་། གང་ལྟར་ཚང་མའི་ཁ་ལག་གཉིས་ནས་ཞི་བདེ་ཟེར་བ་ནི་བཏོན་དང་འབྲི་བཞིན་པའི་མིང་ཚིག་གལ་ཆེན་ཞིག་ཆགས་ཡོད།
ཁྱོད་ཅག་གིས་གཟེངས་རྟགས་དེ་༸གོང་ས་གཅིག་པུས་བཞེས་པ་ཞིག་དང་༸གོང་ས་གཅིག་པུར་ཕུལ་བ་ཞིག་ལ་བསམས་ནས་རང་དང་རང་མི་རིགས་དེའི་རིག་གཞུང་དང་བཅས་པར་གཟི་བརྗིད་ཀྱི་ཆ་ཤས་རེ་ཡོད་པ་ཚོར་གྱིན་མེད། དེ་བས་ང་ཚོས་ནམ་རྒྱུན་ཉིན་མོ་འདིར་༸གོང་ས་མཆོག་གིས་གཟེངས་རྟགས་བཞེས་ཉིན་གྱི་གསུང་འཕྲིན་དེ་ཐེངས་རེ་ཀློག་རྒྱུ་ནི་སྐྱེ་བོ་གཞན་དག་གི་གསུང་བཤད་གང་མང་ལས་ཕན་ཆེ་ངེས་ཡིན།
དེ་བཞིན་ཞི་བདེའི་ཉིན་མོ་འདིར་ཞི་བདེའི་སྐོར་གྱི་ལེགས་སྦྱར་དང་བགྲོ་གླེང་དམིགས་བསལ་བྱེད་པའི་ལས་འགུལ་རིགས་ཀྱང་དགོས་གལ་ཆེ་བར་མཐོང།
ཞི་བདེའི་ལམ་བུ་འཚོལ་ན་ཞི་བདེའི་ལམ་སྟོན་པའི་རྗེས་སུ་འབྲང་དགོས། དེ་ཡང་ཇི་ལྟར་འབྲང་ཚུལ་ཤེས་དགོས་པས། བཀའ་སློབ་རིན་པོ་ཆེ་རྣམས་ལ་སློབ་སྦྱོང་ཡང་དག་པ་རེ་བྱས་ནས་རང་ལམ་རང་གིས་མ་ནོར་བ་བྱེད་རྒྱུ་འདི་ལས་ལྷག་པའི་ལམ་བུ་འཚོལ་ཐབས་ཤིག་དཀོན།
ང་ཚོས་སྤྱི་ཚོགས་གཞན་དང་གཞན་གྱི་དགེ་སྐྱོན་ལ་བལྟ་བ་དང་མཉམ་དུ་རང་རེའི་སྤྱི་ཚོགས་གསར་རྙིང་གི་དགེ་སྐྱོན་ལ་ལྷག་པར་བལྟ་དགོས། ད་དུང་རང་གིས་རང་ལ་བལྟ་དགོས། རང་ཉིད་ཀྱི་ཐོག་ན་གཞན་ཕན་དང། བྱམས་བརྩེ། སྙིང་རྗེ། འཚེ་མེད་སོགས་ཀྱི་ཡོན་ཏན་ཅི་ཙམ་ཡོད་མེད་དང། རང་ཉིད་ཀྱིས་རང་ཉིད་ལ་འགན་ག་རེ་སྤྲད་ཡོད་མེད། རང་གི་མི་རིགས་དང་དེའི་རིག་གཞུང་ཐད་ལ་འགན་ལེན་ཅི་ཙམ་ཐུབ་ཀྱི་ཡོད་མེད་བཅས་ལ་རང་དཔྱད་བྱེད་དགོས།
གལ་ཏེ་ཁྱོད་ཀྱིས་རང་ཉིད་ལ་མཐོང་ཆུང་མ་བྱས་ཚེ་ཁྱོད་ཀྱང་མི་རིགས་འདི་དང་འདིས་རིག་གཞུང་གིས་བསྐྱེད་པ་ཞིག་ལགས་ན་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ན་གཟི་བྱིན་གྱི་འོད་ཟེར་ཕྲ་མོ་རེ་ཡོད་པ་ཅིས་ཀྱང་ཚོར་ཐུབ། ཐོག་མར་མི་རེ་རེ་ནས་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བའི་ལམ་བུ་རེ་སྙེག་ཐུབ་ཚེ་དེའི་མི་རིགས་སམ་སྤྱི་ཚོགས་ཀྱི་གཞུང་ལམ་ལའང་ཞི་འཇགས་ཀྱི་རྣམ་པ་ཐོན་ངེས། རང་ཉིད་མི་མཐོང་བར་གཞན་དང་སྤྱི་ཁོ་ནར་ཅེར་བ་དག་ལ་ལག་རྗེས་རྐང་རྗེས་ཅི་ཡང་མེད།
མཐར། “མཉེས་གཤིན་བྱམས་བརྩེས་འགྲོགས་ཐབས་འཚེ་མེད་ལམ། །མཐའ་གཉིས་སྤངས་པ་གཉིས་སྨན་དབུ་མའི་ལམ། །འཇིགས་རུང་དྲག་མཚོན་མ་མཆིས་ཞི་བདེའི་ཡུལ། །སྐྲུན་པའི་ཐབས་ཚུལ་འགྲུབ་པའི་མཐུ་དཔུང་སྐྱེད། །“ཅེས་པའི་བཀའ་རྩོམ་རིན་པོ་འདི་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་ཞལ་འདོན་གནང་རོགས་ཀྱི་གཞེན་སྐུལ་དང་ལྷན། ༸གོང་ས་མཆོག་ལའང་ཁོང་གི་དགོངས་གཞི་ལེགས་འགྲུབ་ཡོང་སླད། ཁོང་གིས་ནན་གྱིས་ཡང་དང་ཡང་དུ་གསུང་བཞིན་པའི་ལམ་སྟོན་གང་ལའང་བསམ་ཤེས་བྱེད་ཐུབ་རྒྱུ་ནི་ངའི་རེ་བ་ཡིན། བདག་གིས་ནི་ཁོང་གི་བགྲེས་ཡོལ་གནང་བཞེད་ཀྱི་དགོངས་གཞི་འདིར་ཡང་རྒྱབ་སྐྱོར་གཙང་མ་ཞུ་གིན་ཡོད། ཁོང་གི་ཞི་བདེའི་འཕྲིན་ལས་ཕྱོགས་བཅུར་རྒྱས་གྱུར་ཅིག།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་མིང་འཛིན་པ་
ཆབ་བྲག་ལྷ་མོ་སྐྱབས་ཀྱིས་གུས་ཕུལ།།
རྩོམ་ཡིག་འདི་ལ་རྒྱབ་སྐྱོར་ཡོད། མུ་མཐུད་རྩོམ་པ་པོ་རྒན་པ་ཚོས་རྩོམ་ཡིག་གང་མང་ཡོང་བར་སྨོན།
འོན་ཀྱང་ཕེན་བོད་ཀྱི་རྩོམ་པ་པོའི་མིང་ཐོག་ནས་རྩོམ་ཡིག་སྤེལ་བ་དང་། རྩོམ་པ་པོའི་མཐུན་ཚོགས་་ཀྱི་ཚོགས་གཙོ་ཟེར་བས་གཞན་ལ་ཅིག་བྱེད་དགོས་ཟེར་ནས་བཀའ་གནང་བ་ལྟ་བུ་འདི་ནི་ཅང་འོས་མེད་ཅིག་མ་ཡིན་ནམ། ཞི་བདེའི་སྐོར་གྱི་བགྲོ་གླེང་སོགས་དང་ཆེད་རྩོམ་ཕྱོགས་བསྒྲིག་བྱེད་པ། ད་དུང་བཙན་བྱོལ་བོད་ཀྱི་རྩོམ་པ་པོ་མང་པོ་གསོ་སྐྱོང་བྱེདཚུལ་སོགས་ལ་མཐུན་ཚོགས་འདིས་ནུས་པ་འོས་འཚམས་ཐོན་ཐབས་བྱེད་རྒྱུ་སོགས་མང་པ་ནི་ཚོགས་གཙོ་མཆོག་གིས་ཀྱང་བརྗེད་ག་ལ་ཡོད།
འདི་ནི་ཕ་ཡོད་བཞིན་དུ་བུ་གྲལ་འགོར་བཞག་པ་ལྟ་བུའི་གནས་ཚུལ་གང་མང་མིན། མགོན་པོ་གང་ཉིད་ཀྱི་བོད་མིའི་སྐྱབས་གནས་དང་ལམ་སྟོན་ཡེ་ནས་འདོར་མི་སྲིང་པས་ད་ལྟ་བཞུགས་བཞིན་པའི་དུས་སྐབས་བཟང་མོ་འདིར། ང་ཚོས་ལམ་སྟོན་ཞུ་བཞིན། མགོན་པོ་མཆོག་གི་དགོངས་བཞེད་ལ་ཡིད་ཆེས་དང་། རྒྱ་ནག་གི་༸གོང་ས་མཆོག་གི་འཆི་བསྒུག་ལའང་ཡ་ལེན་གསལ་པོ་ཞིག་སྤྲདགོས་་པ་མིན་ནམ། ད་ནི་ང་ཚོས་འཛམ་གླིང་མི་མང་ལ། ང་ཚོ་ཁོང་གི་ལམ་སྟོན་ཟབ་མོའི་འོག ང་ཚོ་རང་གིས་བྱེད་ཐུབ་པའི་གདེང་་སྤོབས་ཡོད་ཟེར་བའི་ནུས་ཤུགས་གསར་པ་ཞིག་བསྟན་དགོས་པ་ནི། དཀའ་གནད་ཀྱི་དཀའ་གནད་དང་པོ་དེ་ཡིན་པས། ད་ལྟར་ན་པེན་ཚོགས་གཙོས་གསུངས་པ་དེ་ཡང་བདེན་པར་འདོད་པས་རྒྱབ་སྐྱོར་ཞུ་དགོས་པ་ཞིག་རེད།
བོང་བུའི་རྣ་ཡི་ནང་ལ་གསེར་བླུག་མཁན་དེའང་བླུན་པོའོ། དེ་མིན་ཅི་ཡང་བཤད་རྒྱུ་མེད་དོ།
ས་འབྲུག་དཀར་པོས། དོན་སྙིང་དེ་གསུངས་འདུག རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། ༸གོང་ས་མཆོག་༸སྐུ་ཚེ་ཡུན་བརྟན་ཤོག །
དྲ་གྲོགས་ལགས། ༧གོང་ས་མཆོག་ལ་བགྲེས་ཡོལ་མ་ཕུལ་བར་ཉིན་ཞིག་༧ཁོང་འཇིག་རྟེན་འདི་དང་ཞལ་གྱེས་དུས། ད་གཟོད་ང་ཚོས་ཅི་ཞིག་བྱེད། དེ་ལས་༧གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ཏེ་གཞུང་འཛིན་པ་དག་ལ་ལེགས་ཉེས་བླང་དོར་གྱི་སློབ་སྟོན་གནང་སྟེ། ཕྱི་རབས་པ་དག་ལ་སྦྱངས་པ་སྤྲད་ན་ལེགས། དེ་མིན་རང་ཉིད་བོད་མི་ཞིག་དང་རང་ཉིད་བོད་དོན་ལ་སེམས་ཁུར་ཡོད་མཁན་ཞིག་ཡིན་ཕྱིན། ༧གོང་ས་མཆོག་སྙིང་མིན་དང་མིག་མིན་ཟེར་མཁན་ཕར་ཞོག དྲན་མཁན་ཡང་མེད་པར་ཐག་གིས་བཅད་ཆོག གཞན། དགུང་གྲངས་བརྒྱད་ཅུ་ཟིན་རགས་པར་མཛད་འགན་བཞེས་པས་མ་ཆོག་པར་ད་དུང་ལས་དཀའ་ལས་རོགས། གང་ཡིན་ཟེརན། ཁྱེད་ནི་ངའི་སྙིང་དང་མིག་ཡིན་ཞེས་བཤད་ན། ངས་དེའི་གོ་བ་མི་ལོན་གི།
རྒན་ལྷ་མོ་སྐྱབས་ཀྱིས་གསུངས་པ་དེ་བདེན་པ་རེད། ང་ཚོས་ནམ་རྒྱུན་ནས་༧གོང་ས་མཆོག་ལ་དད་གུས་ཆེན་པོ་བྱེད་ཀྱིན་ཡོད་ནའང་། ཁོང་གི་གང་གསུངས་པ་དེ་དག་ལ་གནས་སྐབས་དང་ཨང་གསར་གྱིས་རྩི་སྲོང་བྱས་པ་ལས། དོན་དངོས་ཁོང་གིས་གང་གསུངས་པ་དེ་དག་ལ་རྒྱུན་མཁྱོངས་བྱེད་པའི་ཐབས་ཤེས་རྩ་བ་ནས་བྱེད་ཀྱིན་མེད་ལ། དེ་ལས་ལྡོག་ཏེ་ཁོང་གིས་གང་གསུངས་པ་དེ་དག་བདེན་པ་མིན་པར་སྒྲུབ་པར་ཐབས་ཤེས་ཡོད་དགུ་བཏོན་གྱིས་ཡོད། དཔེ་ན་༧གོང་ས་མཆོག་གིས་དེ་སྔོན་བཙན་བྱོལ་བོད་མི་ནང་རིགས་གཅིག་རྐང་འཛིན་བྱེད་མཁན་ཉུང་ཉུང་ཡིན་པར་ང་ཚོས་གཞུང་གིས་ཐུགས་སྣང་གནང་དགོས་པར་གསུངས་དུས། བོད་གཞུང་ཤེས་རིག་ལས་ཁུངས་ནས་ལམ་སང་ན་གཞོན་རིག་གཅིག་རྐང་འཛིན་པ་དང་དེ་མུས་རིག་གཅིག་རྐང་འཛིན་གྱི་སློབ་གཉེར་གནང་བཞིན་པའི་ཐོ་གང་མང་ཞིག་བསྡུ་རུབ་བྱས་ནས་༧གོང་ས་མཆོག་ལ་ཕུལ་པ་སོགས་སྐྱོག་བྲོ་བའི་ལས་ཀ་མང་པོ་ལས་པ་རེད། ང་ཚོས་དངོས་གནས་ཁོང་གིས་གང་གསུངས་པར་རྒྱུན་མཁྱོངས་དང་ལས་ལན་ཐོག་འཁྱོལ་ཐུབ་པ་ཞིག་མ་བྱེད་ཚེ། བོད་པ་ལ་རེ་བ་མེད་པ་གསལ་པོ་རེད།
ཞི་བདེའི་རྩ་བ་ནི། དྲང་བདེན་དང་ཡིད་ཆེས་བློས་འཁེལ་ལས་བྱུང་བ་མ་གཏོགས། མི་བསད་ཁྲག་སྤྱོར་ཤ་འཁོན་དྲག་འཐབ་ལས་ནམ་ཡང་ཡོངས་མི་སྲིད་པ་འདི། བོད་རིགས་དྲ་གྲོགས་ཚོས་ཀྱང་མཁྱེན་པར་མཛོད་ཅིག
རྒན་ལྷ་མོ་སྐྱབས་ལགས། ཁྱེད་ཀྱི་དགོངས་པ་བཞེས་ཚུལ་དེ་ཧ་ཅིང་སྟབས་བདེ་འདུག
འོན་ཀྱང་བདག་དང་བདག་ལྟ་བའི་བོད་མི་བྱིངས་ལ་མཚོན་ནས་བཤད་ན
༸གོང་ས་མཆོག་ལས་གཞན་པའི་དབུ་ཁྲིད་ཞིག་རང་ཅག་ལ་སྔར་བྱུང་མྱོང་མེད་པ་མ་ཟད་འབྱུང་འགྱུར་ཡང་མི་སྲིད་པ་ཞིག་རེད
དེ་བརྟན་རྒྱ་མཚོ་ཉེ་སར་ཡོད་བཞིན་དུ། ཀོ་གྱོང་མཆུ་མའི་སྦང་ན་ཡོང་རྒྱུ་མེད་པ་གསལ་བོ་རེད།
ཡང་ཅིག་བཤད་ན་ཉིད་ཀྱི་འབྱུང་འགྱུར་ལ་ཐུགས་བསམ་བཤེས་ཁུལ་ཡིན་སྲིད་
འོན་ཀྱང་ལྟ་གོན་འདི་འདྲ་བྱེད་དགོས་དོན་མ་མཐོང་།
གང་ལགས་ཞེ་ན་མི་ཚང་ཞིག་ལ་མཚིན་ནས་བཤད་ན
མི་ཚང་དེའི་ཕ་རྒན་མེད་པའི་སྐབས་ཞིག་བྱུང་ཉིན་ནས། མི་ཚང་དེའི་བཟའ་དཔོན་ནམ་ཆོས་འཇིག་རྟེན་གང་ཡིན་ལ་མ་རྒན་གྱི་ཐེ་བྱུས་མི་བྱེད་ཐུ་མེད་རེད།ཕ་ཤུལ་བུ་འཛིན་བྱེད་མཁན་རེ་བྱུང་ན་ལྷ་རབ་རེད། ཕ་ཡོད་བཞིན་དུ་བུ་གྲལ་འགོར་བཞུགས་སྲོལ་ཡང་མེད་པ་རེད།
གང་ལྟར་རྙིང་ཞེན་འདི་ཉིན་འགའ་དང་ཡང་ན་ལོ་འགའི་ནང་སྦད་དེ་མེད་པར་བཟོ་མི་ཐུབ་པ་ཁྱེད་རང་མི་རྒན་ཞིག་ཡིན་པའི་ཆ་ནས་གསལ་ཤོས་མཁྱེན་གྱིན་རེད།
ཁོང།།།།།ཁྱེད་རང་གི་གསུང་པའི་ཞི་བདེ་དེར་གུས་པ་ཧ་ཅང་དགའ་པོ་ཡོད་ལ་གོང་ས་མཆོག་གི་དབུ་མའི་ལམ་དེར་ཡང་གུས་པ་རྒྱབ་བསྐྱོར་བརྒྱ་ཆ་བརྒྱ་དང་ལྷག་ཙམ་ཡོད། ཡིན་ན་ཡང་གུས་པས་མཐོང་སྣང་ལ་ང་ཚོ་བོད་པ་ཚང་དང་རྒྱ་ནག་དབར་གྱི་འབྲེལ་བ་དེ་ལ་ཞི་བདེ་དང་དབུ་མའི་ལམ་གྱིས་ནུས་པ་མིག་མཐོང་ལག་ཟིན་ཞིག་མངོན་གི་མི་འདུག། དེ་ལས་འཕྲལ་ཡུན་གྱི་དྲག་མགུལ་ལས་དོན་ཕྲན་བུས་ནུས་པ་ཆེ་བ་མཐོང་གི་འདུག།།། དཔེར་ན་འདས་པའི་ལོ་བཅུ་གྲངས་ཁ་ཤས་ཀྱི་ཞི་བདེ་དང་དབུ་མའི་ལམ་གྱི་ནུས་པ་ལས་༢༠༠༨གྱི་ཉིན་གཅིག་གཉིས་ཀྱི་ལས་མགུལ་དེར་འཛམ་གླིང་ཡོང་ནས་མཐོང་ཆེན་དང་རྒྱབ་བསྐྱོར་ཡོད་པ་ནི་ང་ཚོ་ཚང་མས་མངོན་གསལ་རེད། ལྷག་པར་དུ་བོད་ཕྱི་ནང་གི་བོད་རིགས་རྒན་གཞོན་ཚང་མས་ད་བར་བྱུང་མྱོང་མེད་པའི་དོ་སྣང་ཆེ་རུ་སོང་ཡོད་པ་ང་ཚོས་མཁྱེན་གསལ་མ་རེད་དམ།།།།།།།
ཞི་བདེ་ནི་འགྲོ་བ་མི་རིགས་ཚང་མར་དགོས་ངེས་རེད་ཡིན་ན་ཡང་སྐབས་དང་བསྟུན་དགོས་རེད།།།། དེ་མིན་ན་བོད་པའི་གཏམ་དཔེ་བཞིན་ ནང་ལ་ཙམ་པ་མེད་པར། སྒེའུ་ཁུང་ཙམ་རལ་ཡོག་ཡོག། ཞེས་པ་བཞིན་རེད།
ཆབ་བྲག་ལགས།
སྐུ་ཉིད་ཀྱིས་༸གོང་ས་མཆོག་གི་བགྲེས་ཡོལ་ཆ་ཚང་དགོངས་བཞེད་ལ་རྒྱབ་སྐྱོར་ཡོད་ཟེར་བ་ནི་དོན་དུ་༸གོང་ས་མཆོག་བགྲེས་ཡོལ་གནང་འཐུས་ཆོག་ཟེར་བ་ཡིན་ནམ། ༸གོང་ས་མཆོག་ནས་བགྲེས་ཡོལ་གནང་རྗེས་ཡ་ང་བའི་བོད་ཀྱི་གནས་སྟངས་ཛ་དྲག་པའི་ད་ལྟའི་དུས་ཚོད་འདིར་ཐུགས་བསམ་བཞེས་ཡོད་པས།
ང་རང་གི་ཕྱོགས་ནས་བཤད་ན་ཁོང་དུས་ནམ་ཡང་ངའི་རྩ་བ་བླ་མ་ཡིན་ལ་དུས་ནམ་ཡང་ངའི་ཆོས་སྲིད་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཡིན། དེ་བས་ཁོང་ནི་རང་ཅག་གངས་ཅན་པ་རྣམས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུ་ཡིན་པས། ང་ལ་སྙིང་མཁོ་ལ་མིག་ཀྱང་མཁོ་བས་ངས་༸གོང་ས་མཆོག་ནས་བགྲེལ་ཡོལ་གྱི་དགོངས་བཞེད་ལྟ་ཅི། ཕྱེད་བགྲེས་ཡོལ་གྱི་དགོངས་བཞེད་ཀྱང་མི་གནང་བར་བོད་ཀྱི་ཆོས་སྲིད་ཀྱི་ཐུགས་འགན་མུ་མཐུད་བཞེས་རྒྱུར་གསོལ་བ་ཕུར་ཚུགས་སུ་འདེབས་བཞིན་ཡོད།