སྔོན་གླེང་།
ཡེ་ཤུའི་འཁྲུངས་སྐར། ཕྱི་ལུགས་ལོ་སར། དུས་ཆེན་འདི་གཉིས་ཀར་གྲོགས་པོ་གྲོགས་མོ་ཚོ་འཛོམས་པ་ཡིན། མཉམ་དུ་སྐྱིད་སྐྱིད་བཏང་བ་ཡིན། མགོ་སེར་ཚོའི་ཚེས་བཟང་དུས་བཟང་རྣམས། ང་ཚོས་འདི་ནས་རྩ་ཆེ་མཐོང་ཆེན་བྱས་ནས་སྲུང་གཙི་བྱས་པ་མིན་ནའང་། ལོ་གཅིག་གི་ཉི་མ་སུམ་བརྒྱ་དྲུག་ཅུ་ལ་མི་གཡོག་རྒྱུགས་རྗེས། དུས་ཚོད་བཙལ་ནས་ལུས་ཀྱི་ངལ་དུལ་དང་སེམས་ཀྱི་དཀའ་ངལ་སེལ་ཕྱིར། ལྷོད་ལྷོད་གལ་ཆེན་པོ་རེད། ཞོར་ལ་ས་མཐའི་སྒང་ལ་ཁ་ཐོར་ཡིན་ནའང་། ལས་མཐུན་ཚོ། ཞེ་མཐུན་ཚོ། ངོ་ཤེས་ཚོ་བསྡུས་ནས་བོད་པའི་ཁོར་ཡུག་ཆུང་ཆུང་ཞིག་ཚུགས་རྒྱུ། དེ་བས་ཀྱང་གལ་ཆེན་པོ་རེད། མ་གཞི་ནས། བོད་ཀྱི་ལོ་སར། སྐུའི་འཁྲུངས་སྐར། ཧི་མ་ལ་ཡའི་དུས་སྟོན། གསུམ་བཅུ་དུས་དྲན། ད་དུང་ཚོགས་སྐྱིད་ཁག་གི་ཐུགས་སྤྲོ། ཆུང་ས་བུ་ཕྲུག་ཚོའི་སྐྱེས་སྐར། འདི་ཚང་མ། ཕྱི་ལོགས་ནས་མགོ་སེར་ཚོའི་དུས་ཆེན་དང་། ཁོ་ཚོའི་གུང་གསེང་ནམ་འཁེལ་ལ་བསྟུན་ནས་གཏོང་བཞིན་པ་མིན་ནམ། དུས་ཚོད་འདི། ཕྱི་ལོགས་ཀྱི་བོད་མི་ཚོར་སྐྱིད་སྐྱིད་དང་ཁོར་ཡུག་ལ་གོ་སྐབས་ཡག་ཤོས་ཤིག་ཡིན།
ལོ་སར་གྱི་དགོང་ཟས་ལ་རོལ་རྗེས། ང་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་ལོ་གསར་པའི་དམ་བཅའ་བཤད་མགོ་བརྩམས། རང་གི་རེ་བ། གནས་སྟངས་ཀྱི་དགོས་འདུན། མ་འོངས་འཆར་སྣང་སོགས་དམ་བཅའི་སྣེ་མོར་བཏེགས་ནས་བཤད་མགོ་བརྩམས། རེ་བ་དང་། གནས་སྟངས། འཆར་སྣང་མི་འདྲ་བའི་དབང་གིས། ལོ་གསར་པའི་དམ་བཅའ་ཡང་འདྲ་མིན་འདྲ་བྱུང་། དམ་བཅའ་ཚང་མ་ལས་ངའི་སྣང་བར་འགྲོ་ཤོས་གཅིག་བྱུང་། གྲོགས་པོ་ཞིག་གིས། ༼ ངས་ལོ་གསར་པའི་ནང་ iphone 4G ཞིག་ཉོ་གི་ཡིན། འཕྲིན་ཐུང་ཚང་མ་བོད་ཡིག་ནང་གཏོང་གི་ཡིན་༽ཟེར། ཁ་ཐུག་གིས་བཤད་ན། ཁོའི་དམ་བཅའ་འདི། དེ་འདྲའི་ཆེན་པོ་དང་དཀའ་མོ་ཞིག་མིན། འོན་ཀྱང་། ང་ལ་སེམས་ཚོར་ཟབ་མོ་ཞིག་བཞག ངོ་མས་ངའི་སྣང་བར་འགྲོ་སོང་།
གཅིག
གྲོགས་ལུང་རིགས་རྒྱལ་གྱི་བཤད་སྟངས་ལྟར། ༢༠༠༤ ལོའི་ལོ་མཇུག་ཏུ། ང་རང་བཙན་བྱོལ་བ་ལས་སྐྱབས་བཅོལ་བ་ཞིག་བྱེད་མགོ་ཚུགས། ངྷ་རམ་ས་ལ་བཞག་ནས་ཧྥ་རན་སིར་འབྱོར། མི་ཚེ་ནང་གི་ཡུལ་བྱོལ་གཉིས་པ་དེ་བྱས། སྤྱིར་བཏང་བྱས་ན། རྒྱ་གར་དུ་ཐོག་མར་འབྱོར་སྐབས་དང་བསྡུར་ན། ད་ཐེངས། ཕྱོགས་གང་ཅིའི་ཐད་ནས་ལས་སླ་བོ་ཡིན་དགོས། འོན་ཀྱང་། འདིར་འབྱོར་རྗེས། ངས་ས་ངོ་མ་ཆོད། མི་ངོ་མ་ཤེས། སྐད་ངོ་མ་གོ འགྲོ་ལུགས་འདུག་སྟངས་དེ་བས་ཀྱང་མ་ཤེས། ཚང་མ་ང་ལ་གསར་པ་གསར་རྐྱང་དང་། དོན་ངོ་མས་བཤད་ན། ཚུར་༼ ཨ་རོགས། ༽ ལབ་ན། ཕར་༼ ཨ། ༽ཟེར་མི་ཤེས་པའི་ཚད་དུ་ལྷུང་། གནས་སྟངས་འདིའི་འོག་ནས། ང་ལས་ཁུངས་ཁག་ནང་སོང་ནས་སྐྱབས་བཅོལ་ཡིག་ཆ་འགྲིག་ཐབས་བྱས། མི་སྒེར་དང་ཚོགས་པ་བརྒྱུད་ནས་སློབ་གྲྭ་དང་འདུག་ས་རེག་ཐབས་བྱས། ཟ་ཁང་དང་ཚོང་ཁང་ཉུལ་ནས་ལས་ཀ་རེག་ཐབས་བྱས། ལས་ཁུངས་རེ་རེ་དང། ཚོགས་པ་རེ་རེ། ཟ་ཁང་དང་ཚོང་ཁང་རེ་རེ། ནང་གི་འབྲེལ་ཡོད་མི་སྣ་རེ་རེར་ཐུག་རྗེས། ངའི་སེམས་ཤུགས་ཆགས། ང་ལ་ངྷ་རམ་ས་ལ་དྲན་དུ་བཅུག ངས་ངྷ་སའི་ལས་ཁུངས་ཁག་གི་ནང་བཅར་སྐབས། རང་ལ་གང་དགོས་ཤར་མར་བཤད་ཐུབ་པ་དང་། རང་གིས་གང་བཤད་ཚང་མ། ཕར་ཕྱོགས་ཀྱིས་ལས་སླ་བོར་གོ་ཐུབ་པའི་ངང་ཚུལ་རྣམས་དྲན། ངས་མི་ཚེའི་ནང་གི་བསམ་གཅིག་ཤེས། ང་ལ་༼ རང་གི་ཁོར་ཡུག ༽ཟེར་བ་འདིའི་རིན་ཐང་ཤེས་སུ་བཅུག
ག་ལེ་ག་ལེར། རང་གི་འབད་བརྩོན་དང་ངོ་ཤེས་ཚོའི་རོགས་རམ་ལ་བརྟེན་ནས། ང་ལ་སྐྱབས་བཅོལ་རེག འདུག་ས་རེག སློབ་གྲྭ་རེག རྒྱ་མིའི་ཟ་ཁང་ཞིག་ནང་གནས་སྐབས་ཀྱི་ལས་ཀ་ཡང་རེག ད་ནི་སྐྱབས་བཅོལ་བ་ཚོར་འཕྲད་བཞིན་པའི་གཞི་རྩའི་དཀའ་ངལ་རྣམས་ང་ལ་མེད། ཉིན་མོར་སློབ་གྲྭ་འགྲིམས། མཚན་མོར་ལས་ཀར་རྒྱུགས། ངའི་ཉིན་གཅིག་གི་དུས་ཚོད་བཅུ་དྲུག་འདི་ལྟར་སློབ་གྲྭ་དང་ཟ་ཁང་ནང་བསྐྱལ། དུས་ཚོད་གཉིས་སློབ་གྲྭ་དང་། ཟ་ཁང་། འདུག་ས་བཅས་ཀྱི་ལམ་བར་ནས་རྫོགས། ངའི་ཉིན་གཅིག་གི་དུས་ཚོད་འདི་ལྟར་བྲེལ་འཚུབ་དང་མགྱོགས་པོར་རྫོགས་ཀི་ཡོད། དང་པོ་སེམས་ནང་བདེ་སྣང་ཞིག་ཤར། དེ་ནས་སྐྱིད་སྣང་ཞིག་ཤར། ཉིན་གཅིག ཉིན་གཉིས། བདུན་གཅིག བདུན་གཉིས། ངའི་སེམས་ནང་གི་བདེ་སྣང་དང་སྐྱིད་སྣང་དེ་རྒྱུན་རིང་བོ་མ་སོང་། ཅུང་མ་འགོར། ང་ལ་ཡང་བསྐྱར་དཀའ་ངལ་གསར་པ་ཞིག་འཕྲད།
སློབ་གྲྭ་ནས། དགེ་རྒན་གྱིས་མིང་ཚིག་གསར་པ་ཞིག་སློབ་སྐབས། སློབ་གྲོགས་ཚོས་སྲབ་མཐུག་མི་འདྲ་བའི་ཚིག་མཛོད་རེ་བླངས་ནས་གོ་དོན་འཚོལ། གློག་རྡུལ་ཚིག་མཛོད་སྤྱོད་མཁན་ཡང་མི་ཉུང་བ་ཞིག་འདུག ཤོག་བུ་དང་གློག་རྡུལ་གང་ཡིན་ཡང། ཚང་མ་ཁོ་རང་ཚོའི་མ་སྐད་ཀྱི་ཤན་སྦྱར་ཚིག་མཛོད་རྐྱང་རྐྱང་རེད། ངས་ཚིག་གསར་དེ་མ་གོ དོན་དག་འཚོལ་མགོ་ཚུགས། ཧྥུ་རན་ཆི་དང་བོད་ཡིག་གི་ཚིག་མཛོད་ཅིག་ང་ལ་མེད། ང་ལ་ཇི་ལྟར་ཡོད། ད་དུང་འཇིག་རྟེན་ན་མེད། ངས་ཚིག་གསར་དེ་དབྱིན་ཡིག་ནང་བཙལ། ཚིག་གསར་རྙེད་ཀྱང་དོན་དག་མ་གོ ཡང་བསྐྱར་རྒྱ་ཡིག་ནང་བཙལ། ད་དུང་མ་གོ དབྱིན་བོད་ཤན་སྦྱར་དང་། རྒྱ་བོད་ཚིག་མཛོད་མི་བསྔོག་ཀ་མེད་བྱུང་། འདི་ལྟར། ངའི་སློབ་སྦྱོང་གི་ཡོ་ཆས་སློབ་གྲོགས་ཚོ་ལས་ཞན་པོ་ཆགས། འདི་ལྟར། ངས་སློབ་སྦྱོང་བྱེད་སྟངས་སློབ་གྲོགས་ཚོ་ལས་དལ་བུར་གྱུར། ང་ལ་ཚོར་སྣང་བྱུང་། ང་རང་ཞན་པོ་དང་དལ་བའི་སྒང་ལ། བོད་ཡིག་ཀྱང་ཞན་པོ་དང་དལ་བུ་ཡིན་པའི་ཚོར་སྣང་བྱུང་། དེ་ལས་ཀྱང་བོད་པ་ཚོ་ཞན་པོ་དང་དལ་བུ་ཡིན་པའི་ཚོར་སྣང་བྱུང་། ངའི་སེམས་ལ་དཀའ་ངལ་འཕྲད།
སློབ་གྲྭ་གྲོལ་ནས་ལས་ཀར་རྒྱུགས། ཟ་ཁང་འདི་རྒྱ་ནག་ཆུང་ཆུང་ཞིག་ཡིན། སྦྱིན་བདག་ནས་གད་པ་ཡན་ཆད། ཚང་མ་རྒྱ་མི་རྐྱང་རྐྱང་ཡིན། དེའི་སྒང་ལ་མགྲོན་པོ་ཚོ་ཡང་མང་ཤོས་རྒྱ་མི་ཡིན། ཟ་ཁང་ཆུང་ཆུང་འདི་ཕྱི་ལོགས་ཀྱི་ཁོར་ཡུག་ལ་འབྲེལ་བ་མེད། འདིའི་ནང་གི་ཟ་སྟངས་འཐུང་སྟངས། འགྲོ་ལུགས་འདུག་སྟངས། བཤད་སྟངས་ལས་སྟངས། ཚང་མ་རྒྱ་ནང་དང་གཅིག་པ་ཡིན། སྦྱིན་བདག་གིས་ལས་གྲོགས་ཚོར་རྒྱ་སྐད་བཤད། ལས་གྲོགས་ཚོས་མགྲོན་པོར་རྒྱ་སྐད་བཤད། མགྲོན་པོས་སྦྱིན་བདག་ལ་རྒྱ་སྐད་བཤད། ཟ་ཁང་འདི་ཧྥ་རན་སིར་ཡོད་ནའང་ཧྥུ་རན་ཆི་ལ་འབྲེལ་བ་མེད། འདི་ངོ་མས་རྒྱ་ནག་ཆུང་ཆུང་ཞིག་ཡིན། ང་སློབ་གྲྭར་འགྲོ་གིན་འགྲོ་གིན། ལས་ཀར་རྒྱུག་གིན་རྒྱུག་གིན། ང་ལ་ཡང་བསྐྱར་ཁེར་རྐྱང་གི་ཚོར་བ་སླེབས། ང་སློབ་གྲོགས་ཚོའི་༼འཁོར་རྒྱུག་ཆེ་བའི་སྐད་ཡིག་༽ལ་སེམས་པ་ཤོར། ང་ལས་གྲོགས་ཚོའི་༼ རང་སྐྱ་ཐུབ་པའི་ཁོར་ཡུག་ ༽ལ་སྨོན་པ་ཤོར། ང་ལ་༼རང་གི་ཁོར་ཡུག་༽ མེད་པའི་སེམས་ངལ་ཇེ་ལྕིར་སོང་།
སློབ་གྲྭ ལས་ཀ བར་སྐབས་དེར། ང་ལ་༼ རང་གི་ཁོར་ཡུག་ ༽མེད་པའི་དུས་ཚོད་འདི་གཉིས་ཀྱི་ག་ལ་ཚད། ཞོགས་པ་སྔ་བོ། འདུག་ས་ནས་སློབ་གྲྭར་འགྲོ་སྐབས། ཕྱི་དྲོ། སློབ་གྲྭ་གྲོལ་ནས་ལས་ཀར་རྒྱུག་སྐབས། དགོང་མོ། ལས་ཀ་ཚར་ནས་ནང་དུ་ལོག་སྐབས། ཉིན་རེའི་ལམ་བར་གྱི་དུས་ཚོད་གཉིས་བོ། ད་དུང་དེའི་སྒང་ལ། གཟའ་མཇུག་གི་གུང་གསེང་ཉིན་གཉིས་བོ། ང་ལ་སློབ་གྲྭ་དང་ལས་ཀ་ནང་བཞིན་༼ རང་གི་ཁོར་ཡུག་ ༽མེད་པའི་དུས་ཚོད་ཅིག་ཡིན།
འདུག་ས་ནས་སློབ་གྲྭར་འགྲོ་སྐབས། ས་འོག་མེ་འཁོར་ནང་སྡོད་དགོས། སློབ་གྲྭ་ནས་ལས་ཀར་རྒྱུག་སྐབས། ཡང་བསྐྱར་ས་འོག་མེ་འཁོར་ནང་སྡོད་དགོས། ནང་དུ་ལོག་སྐབས་ཀྱང་དེ་ལྟར་ཡིན། མེ་འཁོར་ནང་། ཧྥ་རན་སའི་ཡུལ་མི། ཡུལ་ལུང་འདིའི་རིག་གཞུང་དང་འགྲོ་སྟངས་ནང་ཐིམ་ཚར་བའི་ཕྱོགས་ཡོང་བ། ད་དུང་ཡུལ་ལུང་འདིའི་༼ མི་གྲལ་ ༽དུ་འཚང་བཞིན་པའི་གསར་འབྱོར་བ་ཚོས། འགའ་རེས་ཕན་ཚུན་ལ་ཁ་བརྡ་གློད། འགའ་རེས་རྣ་ནང་ལ་ཉན་ཆས་བརྒྱུན་ནས་གླུ་གཞས་ལ་རོལ་མྱོང་བྱེད། ཡང་འགའ་རེས་དང་དོད་ཡོད་པའི་དེབ་དང་ཚགས་པར་ཀློག གང་ལྟར་མི་ཚོས་ལམ་བར་གྱི་དུས་ཚོད་སྐར་མ་གཅིག་ཡིན་ཡང་། རང་གི་དང་དོད་དང་དགོས་འདུན་ལ་བསྟུན་ནས་བེད་སྤྱོད་བྱེད་ཀི་ཡོད། འདི་ཡང་དུས་ཚོད་ཐུང་ཐུང་ཞིག་གི་ནང་། ཧ་ཅང་ཧ་ཅང་གི་རང་དབང་དང་གུ་ཡངས་པའི་ཁོར་ཡུག་ཉམས་སུ་མྱོང་སྟངས་ཤིག་ཡིན། ངའི་ཤེས་ཚད་ཀྱིས་ཧྥུ་རན་ཆིའི་དེབ་དང་ཚགས་པར་ཀློག་མ་གཏུབ། རང་ཉིད་ཀྱི་ཀློག་སྤྲོ་བའི་བོད་ཡིག་གི་དེབ་དང་ཚགས་པར་ས་འདི་ནས་མི་རྙེད། མེ་འཁོར་ནང་། ཉིན་རྟག་པར་ངས་སྟོང་འདང་འདྲ་མིན་བརྒྱབས་ནས་དུས་ཚོད་བསྐྱལ་ཐབས་བྱས། བར་སྐབས་ཤིག་ནས་དེ་ཡང་གོམས་གཤིས་ལྟ་བུར་ཆགས། ངའི་ཉིན་གཅིག་གི་རང་ཉིད་ཁོ་ནར་དབང་བའི་དུས་ཚོད་ཀྱང་འདི་ལྟར་ཟད། གཟའ་མཇུག་གི་གུང་གསེང་ཉིན་གཉིས་བོ་ང་ལ་མཚོན་ན་སེམས་ཁྲལ་ཞིག་ཡིན། ངོ་ཤེས་དང་གྲོགས་པོ་ཚོ་མ་ཁོམ་ཚེ་དེ་ཡང་ཁེར་རྐྱང་གིས་འཁྱོལ་དགོས།
ཕྱི་ལོ་ ༢༠༠༤ ལོའི་ལོ་མཇུག་ནས་ཕྱི་ལོ་ ༢༠༠༧ ལོའི་ལོ་དཀྱིལ་བར། ངའི་སྐྱབས་བཅོལ་བའི་འཚོ་བ་དེ་ཡིག་ཆ་འགྲིག་ཐབས་ནས་སློབ་གྲྭ་དང་འདུག་ས་རེག་ཐབས། དེ་ནས་གནས་སྐབས་ཀྱི་ལས་ཀ་རེག་ཐབས་སོགས་ནས་མགོ་བརྩམས། དེ་ཆེད་དུ་རང་གིས་འབད་བརྩོན་བྱས། འབད་བརྩོན་འདི་དག་གང་ཡིན་ཡང་། རེ་རེ་ལ་རེ་རེའི་ཚོད་ཀྱི་དཀའ་ཚེགས་དང་སེམས་ཚེགས་ཡོད། དཀའ་ཚེགས་རེ་རེས་ངའི་ལུས་པོ་བྲེལ་འཚུབ་དང་འདུར་རྒྱུག་གི་ནང་དུ་བསྐྱལ། ཡུལ་ལུང་འདིའི་མི་གྲལ་དུ་འཚང་མཁན་ཚོ་ལྟར་ཉིན་ལྟར་དངངས་སྐྲག་དང་བྲེལ་འཚུབ་ཀྱིས་འདུར་རྒྱུག་བྱས། སེམས་ཚེགས་རེ་རེས་ངའི་འཚོ་བ་ལ་ཁ་དོག་ཤོར་ཞིང་ནམ་གུང་གཉིད་ཀྱང་མི་ཁུག་པའི་ཚོད་དུ་བསྐྱལ། ཡུལ་ལུང་འདིར་ཡིག་ཆ་ནག་པོ་ཆགས་པའི་རྒྱ་མི་དང་། ཁ་ཆེ། མི་ནག་ཚོ་ནང་བཞིན་ཉིན་མོར་ཟས་འཆག མཚན་མོ་གཉིད་འཆག ག་ལེ་ག་ལེར། ངའི་འབད་བརྩོན་ཚང་མ་ལ་གྲུབ་འབྲས་མངོན་སུམ་དུ་ཤར། དེ་ལྟར་ཀྱང་། གྲུབ་འབྲས་འདི་དག་ངའི་ཧྲིལ་བོ་དེ་མིན། ངའི་ཆ་ཤས་ནང་གི་ཡང་ཤས་ཙམ་ལས་མིན།
༼ མུ་འགོད། ༽
རྒན་ཟླ་བ་ཚེ་རིང་ལགས་སུ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ། ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང་། སླར་ཡང་ཐུགས་རྗེ་ཆེ་ཞུ།
འདི་ནི་ངའི་བསམ་གཞིགས་བྱེད་ཀྱིན་པའི་སྒྲུང་རྩོམ་ནང་གི་མི་སྣ་དེ་དང་ཅི་འདྲའི་འདྲ་བ་ལ། ཁྱོད་ཀྱིས་འདི་ལྟར་ད་དུང་འབྲི་རྒྱུ་ཡིན་ན་ངའི་སྒྲུང་རྩོམ་དེ་འབྲི་དགོས་དོན་མེད་པ་འདྲ། ཡིན་ན་ཡང་་
ཤག་སྒང་བ་དང་བྱམས་རྒྱལ་གཉིས་ཕེབས་པར་ཐུགས་རྗེ་ཆེ་ཞུ། གཟའ་མཇུག་ལ་ལས་བྲེལ་ཆེ་བས་དུས་ཐོག་ལན་ཕུལ་མ་ཐུབ་པ་ལ་དགོངས་སེལ་ཞུ།
བྱམས་རྒྱལ་ལགས་སུ་ཞུ་རྒྱུ།
ལས་ཀའི་ཁྲིམས་སྒྲིག་ནང་གླ་འབབ་ཆེས་དམའ་ཤོལ་ལ་སི་མེ་ཁིག་(SMIC) ཟེར་གི་རེད། ཆུ་ཚོད་རེར་ཡུ་སྒོར་བརྒྱད་དང་སིང་ཊིམ་བརྒྱད་ཅུ་གྱ་བདུན་རེ་རེད། འདི་བདུན་རེར་ཆུ་ཚོད་སུམ་ཅུ་སོ་ལྔ་རྩིས་གཞིར་བཟུང་ན། ཟླ་རེར་ཡུ་སྒོར་ཆིག་སྟོང་སུམ་བརྒྱ་བཞི་བཅུ་ནས་ལྔ་བཅུའི་བར་རེད། འདི་སྤྱིའི་སྡོམ་རྩིས་རེད། འདིའི་ནང་ནས་གཞུང་ཁྲལ་ཁག་སྟེ། སྨན་དོད་དང་ལས་ཤོར་རོགས་སྐྱོར། རྒན་ཡོལ་སོགས་འཐེན་མེད། གླ་འབབ་འདི་ལ་བྷི་ཝེ་( Brut ) ཟེར་གི་རེད། ཁྲལ་རིགས་དེ་དག་འཐེན་རྗེས་ལག་པར་རེག་ཡ་ཟླ་རེར་ཡུ་སྒོར་ཆིག་སྟོང་བརྒྱ་ཡས་མས་རེད། འདི་ལ་ནེལ་ཁྲི་( Net ) ཟེར་གི་རེད། མི་གཅིག་གི་གླ་འབབ་ངོ་མ་དེ་ནེལ་ཁྲི་(net) རེད།
གང་ཉིད་ཀྱི་སྐུ་ཟླས་བདུན་རེ་ཆུ་ཚོད་སུམ་ཅུ་ལ་ཕྱག་ལས་གནང་། ཟླ་བའི་གསོལ་ཕོག་དྲུག་བརྒྱ་ལྔ་བཅུ་ཡིན་ན་ཆུ་ཚོད་ལ་དཔག་པའི་རྦད་དེ་དམའ་བོ་རེད། ཆུ་ཚོད་རེར་ཡུ་སྒོར་ལྔ་དང་སིང་ཊིམ་བཞི་བཅུ་ཙམ་རེད། འདི་ཕྱག་ལས་ནག་པོ་ཡིན་ཙང་རེད། ཡིན་ནའང་འདི་རྒྱ་མིའི་ཟ་ཁང་གི་ལས་ཀ་ནག་པོ་ལས་གླ་འབབ་ཅུང་ཡག་པ་འདུག ཁོང་གི་ཕྱག་ལས་དཀར་པོར་བཟོས་ན་ཟླ་རེའི་གསོལ་ཕོག་Brut ཆིག་སྟོང་ལྔ་བཅུ་ལྷག་དང་། Net བརྒྱད་བརྒྱ་བདུན་ཅུ་ཡས་མས་ཤིག་རེད།
ཕྱག་ལས་འདི་དཀར་པོ་བསྒྱུར་ན་སྦྱིན་མཉམ་དུ་བཀའ་མོལ་གནང་དགོས་ཀི་རེད། སྦྱིན་བདག་དང་ཁོང་གཉིས་བར་ལས་ཀའི་ཆོད་འགན་( Contrat du Travail )འཇོག་དགོས། གལ་སྲིད་ཁོང་གཉིས་བར་ཆོད་འགན་ཡོད་ན་སྦྱིན་བདག་གིས་གཞུང་ལ་དེབ་སྐྱེལ་(Déclaration) བྱེད་ཀི་རེད། དེབ་སྐྱེལ་ཟིན་ན་གཞུང་གིས་ཟླ་རེ་བཞིན་ཁྲལ་རིགས་ཁག་འཐེན་འགྲོ་གི་རེད། དེ་ལྟར་བྱུང་ན་ད་གཟོད་ལས་ཀ་དཀར་པོ་ཆགས་པ་རེད།
གལ་སྲིད་ཁོང་གིས་བདུན་རེར་ཆུ་ཚོད་བཞི་བཅུ་ཞེ་ལྔ་ལ་ཕྱག་ལས་གནང་ན་ནག་པོ་ག་ཚོད་རེག་མིན་བཤད་ཐུབ་ཀི་མ་རེད། གཙོ་བོ་སྦྱིན་བདག་གི་ལག་པར་ཡོད་པ་རེད། ཁོང་གི་ད་ལྟའི་གསོལ་ཕོག་རྩིས་གཞིར་བཟུང་ན་ཟླ་རེར་ཡུ་སྒོར་དགུ་བརྒྱ་བདུན་ཅུ་ཡས་མས་ཤིག་རེད། དཀར་པོ་ཡིན་ན་འདི་ལྟར་རེད། བདུན་རེར་ཆུ་ཚོད་སུམ་ཅུ་སོ་ལྔ་རྩིས་གཞི་བཟུང་བའི་གླ་འབབ་ལ་འགྱུར་བ་འགྲོ་གི་མ་རེད། དེ་སྒང་ལ་ཆུ་ཚོད་བཅུ་ཐོལ་བ་ཡོད་པ་རེད། ཆུ་ཚོད་ཐོལ་བ་འདི་རིགས་ལ་(Heures Supplémentaires ) ཟེར་གི་རེད། གཞུང་ཁྲལ་ཁག་བདུན་རེའི་ཆུ་ཚོད་སུམ་ཅུ་སོ་ལྔའམ་ཟླ་རེའི་ཆུ་ཚོད་བརྒྱ་དང་ལྔ་བཅུ་ང་གཅིག་གི་ནང་ནས་མ་གཏོགས་འཐེན་གི་མ་རེད། ཆུ་ཚོད་ཐོལ་བ་ག་ཚོད་ཡོད་ནའང་གླ་འབབ་ཧྲིལ་བོ་དོ་བདག་ལ་རེག་གི་རེད། སོང་ཙང་ཁོང་གི་གསོལ་ཕོག་ཟླ་རེར་ནེལ་ཁྲི་(Net) ཆིག་སྟོང་བཞི་བརྒྱ་ལྔ་བཅུ་ཡས་མས་ཤིག་རེད།
རྒན་ཟླ་བ་ཚེ་རིང་ལགས།
ཁོ་བོའི་བཟའ་ཟླ་བདུན་རེར་ལས་ཀ་ནག་པོ་ཆུ་ཚོད་༣༠ བརྩིས་པས་ཟླ་རེར་ཡུ་སྒོར་༦༥༠ རེག་གི་འདུག་ དེ་གླ་ཆེ་ཆུང་ག་རེ་ཡིན་མིན་དང་ གལ་ཏེ་ལས་ཀ་དེ་དཀར་པོ་ལ་བཟོ་ན་ག་ཚོད་རེག་གི་ཡོད་མེད་གཅིག་གསུངས་རོགས་།
ཡང་བདུན་རེ་ལ་དུས་ཚོད་༥༤ ལས་ཀ་བྱེད་ན་ཟླ་རེ་ལ་དཀར་པོ་ནག་པོ་སོ་སོར་ག་ཚོད་རེག་གི་ཡོད་ན་གཅིག་གསུངས་རོགས་།
དེང་སང་མི་མང་པོ་ནུབ་ཕྱོགས་སུ་སེམས་པ་འཁོར་བཞིན་པའི་སྐབས་ཁྱེད་ཀྱིས་གསུངས་པ་བཞིན་དངོས་ཡོད་གནས་སྟངས་འདི་འདྲ་རེ་དྲ་ཐོག་ཏུ་འགོད་ཐུབ་ན་ཕན་ཐོག་འབྱུང་གཞི་རེད་འདུག་པས་དགའ་བསུ་ཞུ།།
སྐལ་བཟང་གཉིས་ཕེབས་པར་ཐུགས་རྗེ་ཆེ་ཞུ། མི་ཉག་ལ་ཟིན་བྲིས་ནང་ལན་བཞག་ཡོད།
སྔོན་མ་གསོག་སྒར་ནང་བཤད་པའི་སྒྲུང་དེ་ཚོ་ངའི་ཁྱིམ་གཞི་འཛིན་སྐབས་ཀྱི་དཀའ་ངལ་ཁག་རེད། དེ་ཡང་གཙོ་བོ་གནས་སྟངས་དང་དཔལ་འབྱོར་གྱི་དཀའ་ངལ་རེད། ཧྥ་རན་སིར་ཐོག་མར་འབྱོར་སྐབས་ཀྱི་སྒྲུང་འདིའི་དཀའ་ངལ་གཙོ་བོ་སེམས་པ་རེད།
ཧྥ་རན་སིའི་སྐྱབས་བཅོལ་ཞུ་སྟངས་ཀྱི་ཁྲིམས་སྒྲིག་འདི་ལྟར་རེད། གཞུང་གིས་དང་པོ་སྐྱབས་བཅོལ་ཞུ་མཁན་ཚོར་ཟླ་གཅིག་རིང་སྡོད་ཆོག་པའི་ལག་འཁྱེར་ཞིག་སྤྲོད་ཀི་རེད། དུས་ཡུན་དེའི་ནང་སྐྱབས་བཅོལ་ཞུ་མཁན་ཚོས་རང་གི་སྒྲུང་བྲིས་ནས་སྐྱབས་བཅོལ་ལས་ཁུངས་ལ་འབུལ་དགོས་ཀྱི་ཡོད་པ་རེད། སྒྲུང་ཡར་ཕུལ་ཚར་རྗེས་ཡང་བསྐྱར་ཟླ་གསུམ་ལ་སྡོད་ཆོག་པའི་ལག་འཁྱེར་སྤྲོད་ཀི་རེད། དེ་ནས་བཟུང་མི་རེར་ཟླ་རེར་ཉིན་རྩིས་ལྟར་ཡུ་སྒོར་སུམ་བརྒྱ་ཡས་མས་ཙམ་གྱི་འཚོ་སྣོན་སྤྲོད་ཀི་རེད། འདིའི་དུས་ཡུན་ལོ་གཅིག་རེད། ཡིག་པ་དཀར་པོ་ཆགས་ན་ལས་ཀ་བྱེད་ཆོག་གི་རེད། དེའི་སྒང་ལ་སྨན་དོད་རིན་མེད་རེད། འགྲིམ་འགྲུལ་པ་སི་ཡང་རིན་མེད་རེད། འཚོ་སྣོན་དེ་མང་པོ་མིན་ནའང་། དཀའ་ངལ་ཡོད་པ་མ་རེད།
དཀའ་ངལ་གཙོ་བོ་དེ་ཡིག་ཆ་རེག་མིན་རེད། ང་ཧྥ་རན་སིར་འབྱོར་སྐབས་དེར་བོད་པ་མང་པོ་མི་འདུག དེ་ནང་ནས་སྐྱབས་བཅོལ་ཞུ་མཁན་མང་པོ་མ་རེད། མང་ཤོས་གཉེན་སྒྲིག་གི་སྒང་ནས་ཡོང་བ་རེད། ང་འདི་གར་ཉིན་ཤས་བསྡད་རྗེས་བྷེལ་འཇམ་དུ་གནས་སྟངས་རྒྱུས་ལོན་བྱེད་དུ་ཕྱིན་པ་ཡིན། དེ་གར་གནས་སྟངས་ཡག་ན་འདུག་དགོས་བསམ་སོང་། ཡིན་ནའང་། བར་སྐབས་དེ་ནི་བྷེལ་འཇམ་ནང་གནས་སྟངས་ཧ་ཅང་སྐྱོ་བོ་རེད། བོད་པ་ཡོང་རྒྱུ་མང་དྲགས་ནས་གཞུང་གི་སྟངས་འཛིན་ནན་མོ་བྱེད་པའི་སྒང་རེད། ཁ་སང་བོད་པ་བཅོ་ལྔ་ལ་ཡིག་ཆ་ནག་པོ་སྤྲད་འདུག དེ་རིང་བོད་པ་བཅུ་ལ་ཡིག་ཆ་ནག་པོ་སྤྲད་འདུག སང་ཉིན་ག་ཚོད་ཅིག་ཡིག་ཆ་ནག་པོ་ཆགས་རྒྱུ་ཡིན་ནམ། གཅིག་ལ་ཐུག་ན་དེ་བཤད་ཀི་རེད། གཉིས་དང་གསུམ། བོད་པ་སུ་ལ་ཐུག་ནའང་བཤད་རྒྱུ་དེ་ལས་མི་འདུག སོང་ཙང་ང་མུ་མཐུད་ནས་བྷེལ་འཇམ་ནང་འདུག་ཐུབ་མ་སོང་། ཕྱིར་ཧྥ་རན་སིར་ལོག་ཡོང་བ་ཡིན། བྷེལ་འཇམ་གྱི་གནས་སྟངས་སྐྱོ་བོ་འདི་སྐུ་མདུན་དེ་གར་ཆིབ་ས་བསྒྱུར་མ་གནང་བར་དུ་འགྱུར་བ་ཐེབས་མ་སོང་། ༢༠༠༧ ལོར་སྐུ་མདུན་དེར་གར་ཆིབས་བསྒྱུར་གནང་ནས་གནས་སྟངས་ལ་འགྱུར་བ་ཕྱིན་འདུག ད་ལྟ་གནས་སྟངས་ཡག་པོ་ཞེ་དྲག་འདུག
ང་ཕྱིར་ཧྥ་རན་སིར་ལོག་ནའང་ཡིག་ཆའི་གནས་སྟངས་ད་དུང་སེམས་ཁྲལ་རེད། གཅིག་ནས་འདི་གར་བོད་པ་སྐྱབས་བཅོལ་བ་མང་པོ་མེད་ཙང་སྐྱབས་བཅོལ་གནས་སྟངས་ལས་སླ་བོ་ཡིན་མིན་ཤེས་ཀི་མི་འདུག གཉིས་ནས་སྐབས་དེར་ད་ལྟའི་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་ནང་སྲིད་བཀའ་བློན་རེད། སྐབས་དེར་ཁོས་སྐད་གྲགས་ཅན་གྱི་གསུང་བཤད་ཅིག་གནང་བ་རེད། ༼ ཧྥ་རན་སིའི་སྲང་ལམ་ལ་ཕྱགས་མ་བརྒྱབས་ནས་གཙང་མ་བཟོ་གི་ཡིན ༽ཞེས་པའི་གསུང་བཤད་དེ་རེད། ནང་དོན་ཧྥ་རན་སིའི་ནང་ཡོད་པའི་ཕྱོགས་ཡོང་བ་ཚོ་གཙང་མ་བཟོ་གི་ཡིན་ཞེས་པ་དེ་རེད། ཁོའི་ནང་སྲིད་བཀའ་བློན་གྱི་དུས་ཡུན་ནང་། ཕྱོགས་ཡོང་བ་མང་པོ་ཞིག་ཕྱིར་འབུད་བཏང་བ་རེད། མཐའ་མཚམས་ཁག་གཙོས་བའི་སྐྱབས་བཅོལ་སྣེ་ལེན་ཁང་དང་རོགས་སྐྱོར་ཚོགས་པ་བརྒྱ་ཆའི་དགུ་བཅུ་སྒོ་བརྒྱབ་བཅུག་པ་རེད། སྐྱབས་བཅོལ་ཞུ་སྟངས་ཀྱི་ཁྲིམས་སྒྲིག་ལ་འགྱུར་བ་བཏང་ནས་མགྱོག་པོར་ཐག་ཆོད་ཡོད་པ་བཟོས་པ་རེད། ནག་པོ་ཆགས་མཁན་ཚོ་ཐད་ཀར་ཕྱིར་འབུད་བཏང་བ་རེད། ངའི་སྐྱབས་བཅོལ་མགོ་བཙུགས་ནས་ཡིག་ཆ་དཀར་པོ་ཆགས་བར་དུ་སེམས་ཁྲལ་རྐྱང་རྐྱང་ནང་ལྷུང་ནས་བསྡད་པ་ཡིན། སོང་ཙང་སེམས་ཀྱི་དཀའ་ངལ་གཙོ་བོ་རེད། འདི་ཕྱོགས་གཅིག་རེད། ཕྱོགས་གཞན་པ་སྟེ་གཙོ་བོ་ནི་ཁོར་ཡུག་གི་སྐོར་ནས་རེད། འདིའི་སྐོར་མུ་མཐུད་ནས་ཟིན་བྲིས་ནང་འབྲི་དགོས་བསམ་ཡོད།
རྒན་ཟླ་བ་ཚེ་རིང་ལགས་ནས་སྤྱི་ཚོགས་ལ་ཕན་ངེས་ཀྱི་ཁ་ཞེ་མ་བྲལ་བའི་གནད་གཏམ་དྲང་མོར་གསུངས་པར་ཧ་ཅང་ཐད། ལས་རིགས་གང་ཞིག་ཡིན་ཡང་ཆེད་ལས་ཀྱི་ངོ་བོར་བལྟ་དགོས་ཟེར་བ་འདི་ནི། དེང་སྐབས་རྒྱ་གར་དུ་ལས་མེད་དུ་མྱུལ་བཞིན་པའི་ན་གཞོན་ཀླད་སྟོང་རྣམས་ལ་སློབ་གསོ་ཤུགས་ཆེན་ཞིག་འཐེབ་ངེས་འདུག ཕྱི་རྒྱལ་དུ་བོད་མི་ཤེས་ཡོན་ཅན་མང་དག་ཅིག་བསྐྱོད་ཟིན་གཞན་རྣམས་ནས་ཀྱང་། མ་འོངས་བོད་མིའི་སྤྱི་ཚོགས་ལ་ཕན་ངེས་ཀྱི་སྐད་ཆ་འདི་འདྲ་བ་རྣམས་སློབ་གསོ་དང་ཉིན་ཐོའི་ཚུལ་དུ་བཀོད་ན། ཇི་འདྲའི་ཕན་ཐོགས་ཡོང་ངེས་རེད། སེམས་འཁུར་བླངས་ནས་གནད་དོན་བདེན་པར་སྤེལ་བར་ཐུགས་རྗེ་ཆེ། བཙན་བྱོལ་བོད་མིའི་བརྒྱ་ཆ་མང་དག་ཅིག་ཕྱི་རྒྱལ་དུ་བུད་ཟིན་དང་། མང་དག་ཅིག་འཕུར་རྒྱུར་བསྒུགས་ནས་འདུག་པས། དེ་རིང་ཁྱེད་ཀྱིས་བགོས་པའི་སྐད་ཆ་འདི་ལྟ་བུའི་གནས་ཚུལ་ཀྱི་མཁོ་དགོས་ཤིན་ཏུ་ཚེན་པོ་འདུག་པས། མུ་མཐུད་བར་གསེང་སྐབས་སུ་འབྲི་རོགས་གནང་། བོད་མི་དཀྱུས་མ་མ་ཡིན་པའི་དགེ་རྒན་ཞིག་ཕྱི་རྒྱལ་དུ་གྱར་བའི་ཁྱད་པར་ཡང་། འདི་རང་ལ་ངོས་འཛིན་བྱ་ཆོག་པ་ཞིག་ཚོར།
སྙིང་རྩ་སྤར་འཛིན་ལགས། ཐུགས་རྗེ་ཆེ།
རྒན་ཟླ་ཚེ་ལགས་ཁྱེད་ཀྱིས་སྒེར་གྱི་ཉམས་མྱོང་བརྒྱུད་ནས་ཧྥ་རིན་སའི་སྤྱི་ཚོགས་ཀྱི་སྣེ་རེ་བསྟན་པ་བཀྲིན་ཆེ། ཁྱེད་ཀྱིས་རྩོམ་འདིས་ལོ་ངོ་མང་པོ་ཞིག་གི་སྔོན་ལ་གསོག་སྒར་སློབ་གྲྭའི་འཛིན་གྲྭ་ཞིག་གི་ནང་ནས་ཁྱེད་རང་དང་གཟའ་ཟླ་གཉིས་ཀྱི་སྐོར་བཤད་པ་དྲན་སོང་། ཁྱེད་རང་གཉིས་གསོག་སྒར་སློབ་གྲྭ་ནས་ཕྱི་ལོག་ལ་བུད་པ་དང་ནོར་གླིང་སོགས་ནས་ཉི་མ་བསྐྱལ་བའི་སྒྲུང་དེ་དྲན་བྱུང་། དེ་ཡང་ཁྱེད་རང་གིས་སྒེར་གྱི་ཉམས་མྱོང་བརྒྱུད་ནས་ང་ཚོའི་རིགས་ལ་སྤྱི་ཚོགས་ཀྱི་སྣེ་བསྟན་པ་ཡིན་པས་ཐུགས་རྗེ་ཆེ།
གྲོགས་ཟླ་བ་ཚེ་རིང་ལགས།
ཡུལ་གྱར་བ་ཞིག་གིས་ཡུལ་གྱར་བའི་རྩོམ་འབྲི་ཐབས་ལམ་ཞིག་གིས་ཡུལ་གྱར་བའི་འཚོ་བ་གསོན་པོ་གསལ་སྟོན་བྱས་འདུག་པས་དགའ་སྤྲོ་ཆེ། ཐད་ཀར་ཞུ་ན། དུས་ཆེན་དེར་ང་ཡང་ནོར་ཝེ་རྒྱལ་པོའི་ཚབ་བྱས་ཏེ་ཁྱེད་ཀྱི་ཁང་ཁྱིམ་དྲོན་མོ་དེའི་ནང་མགྲོན་དུ་འབྱོར་མྱོང་ཡོད་པས་བཀྲིན་ཆེ་ལན་བརྒྱ་ཞུ་རྒྱུ་ཡིན། རེད་ཡ། ལོ་གསར་གྱི་དགོང་ཟས་ལ་རོལ་རྗེས་ང་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས་དམ་བཅའ་བཤད་ཡོད། དམ་བཅའ་དག་ལ་ངའི་སྣང་བར་དང་རྣ་བར་འགྲོ་ཤོས་ནི་ཁྱོད་ཀྱི་དམ་བཅའ་དེ་ཡིན། ཁྱེད་ཀྱིས་དམ་བཅའ་དེ་རྩ་བའི་དམ་བཅའ་ཞིག་ཏུ་འགྱུར་བའི་རེ་སྨོན་དང་བཀྲིས་བདེ་ལེགས་ཞུ།
དྲ་གྲོགས་ཟླ་བའི་རྩོམ་ཡིག་ལས་རྩོམ་མཆན་ཡག་པོ་འདུག། ཁ་གསལ་ཞིང་གོ་བདེ་བ་ཞིག་བྲིས་འདུག། ཟླ་བ་ཚེ་རིང་འདི་རང་གི་ཀློག་པ་པོར་བརྩི་བཀུར་ཅན་གྱི་ཟིན་བྲིས་བ་ཞིག་ཡིན་པ་སྔ་མོ་ནས་ཚོར། འདི་བཟང་སྤྱོད་ཅིག་རེད། ལ་ལས་རང་གི་ཀློག་པ་པོར་ཁ་ཡ་བྱེད་ཀྱིན་མི་འདུག། རབ་བྱུང་ན་ཐུགས་རྗེ་ཆེ་ཟེར་བ་ཙམ་རེད། དེ་བས་ང་རང་སྐུ་ཞབས་ཟླ་བ་ཚེ་རིང་གིས་རང་གི་ཀློག་པ་པོར་དུས་ཚོད་བཏང་ནས་ཕྱི་གསལ་ནང་གསལ་གྱི་དྲིས་ལན་སྤྲོད་པའི་བཟང་སྤྱོད་ལ་དགའ་སོང་།
རྒན་ལགས། མཛུབ་སྟོན་གནང་བ་ཐུགས་རྗེ་ཆེ། སྡུག་ཅག་དེ་འབྲི་ནོར་ཤོར་སོང་བས། སྡུག་ག་ཡིན་པ་དགོངས་འཇགས་ཞུ་བ་དང་ཆབས་ཅིག་དགོངས་པ་མ་ཚོམས་ཞུ་རྒྱུ་ཡིན།
རོང་རྒྱལ་ཐང་ལགས། ཕེབས་ནས་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ་ཞུ།
སྤྱིར་བཏང་བོད་མི་སུ་འདྲ་ཞིག་ཡིན་ཡང་ཕྱི་རྒྱལ་གང་རུང་དུ་ཕྱིན་ན་གཟི་བརྗིད་ལྟ་བུར་རྩིས་ཀི་ཡོད་པ་རེད། འདི་བོད་པའི་སྤྱི་ཚོགས་གཅིག་བུ་མ་རེད། དཔལ་འབྱོར་སྐྱོ་བོ་ཡིན་པའི་ཡུལ་ལུང་ཚང་མར་ཅིག་གྱུར་གྱི་སྣང་ཚུལ་འདི་ཡོད་ཡོད་པ་རེད། དཔལ་འབྱོར་ཡར་རྒྱས་ཆེ་བའི་རྒྱ་ནག་ལྟ་བུ་ལ་མཚོན་ནའང་ད་དུང་དེ་ལྟར་རེད། ཕ་རི་སི་གཅིག་བུའི་ནང་རྒྱ་མི་འབུམ་གཉིས་ཡོད་པ་རེད།
ཕྱི་ལོགས་ཀྱི་བོད་མི་ཚོའི་གོམས་གཤིས་ཤིག་ལ། རང་གི་ལས་ཀ་ག་རེ་ཡིན་མིན་དེ་ཕྱིར་ཡོང་ནས་བཤད་ཀི་མ་རེད། ལས་ཀ་༼ སྡུག་ཅག ༽ཡིན་པས་མ་རེད་འདོད། རང་གི་ལས་ཀ་དང་། སེམས་ཁམས། སྤྱི་ཚོགས་འདུ་ཤེས་སོགས་སྙོམ་སྒྲིག་མ་ཐུབ་པའི་རྐྱེན་རེད།
ངས་སྔོན་མ་སློབ་གྲྭ་འགྲོ་སྐབས་རྒྱ་མི་ཟ་ཁང་ཞིག་ནང་ཟླ་དགུ་ཙམ་ལ་ལས་ཀ་བྱས་པ་ཡིན། དེ་ཡང་སློབ་གྲྭ་གྲོལ་ནས་ཕྱི་དྲོ་ཆུ་ཚོད་དྲུག་པ་ནས་དགོང་མོའི་ཆུ་ཚོད་བཅུ་གཅིག་བར་རེད། ལས་ཀའི་ངོ་བོ་ཐབ་ཚང་ནང་ཕོར་བ་དཀྲུ་རྒྱུ་དང་གྲང་ཚལ་བཟོ་རྒྱུ་རེད། ངས་རང་གི་ལས་ཀ་འདི་༼ སྡུག་ཅག ༽ཡིན་པ་བསམ་མ་མྱོང་། ཨ་ཅང་ཅང་། རྒྱ་གར་ནང་དགེ་རྒན་བྱས་པ་རེད། དེ་ནས་གསར་འགོད་པ་བྱས་པ་རེད། རང་གི་འཇོན་མིན་གང་ལྟར་ཡང་། ལས་གནས་འདི་གཉི་ཀ་སྤྱི་ཚོགས་ཐོག་མཐོང་ཆེན་པོ་རེད། དེ་གཉིས་དང་བསྡུར་ན་ཟ་ཁང་གི་ལས་ཀ་འདི་སྤྱི་ཚོགས་ཐོག་མཐོང་ཆེན་པོ་མ་རེད། འདི་ལྟ་བུའི་སྐབས་མི་སུ་ཡང་ལས་ཀ་དང་། སེམས་ཁམས། སྤྱི་ཚོགས་འདུ་ཤེས་སོགས་ཁ་ཐུག་ལ་སྙོམ་སྒྲིག་བྱེད་ཐུབ་རྒྱུ་ཁག་པོ་རེད། སོང་ཙང་ཁོ་ཚོས་གསང་གི་ཡོད་པ་རེད། གང་ལྟར་ཕྱི་ལོགས་ཀྱི་བོད་མི་སུ་ཞིག་ཡིན་ནའང་གསང་དང་མ་གསང་ལ་ཁྱད་པར་ཡོད་པ་མ་རེད། བརྒྱ་ཆའི་བརྒྱད་ཅུ་ནས་དགུ་བཅུ་བར། ཚང་མས་དམའ་རིམ་སྤྱི་ཚོགས་ཀྱི་ལས་ཀ་རྐྱང་བྱེད་ཀི་ཡོད་པ་རེད། དེ་ཡང་གཙོ་བོ་ལུས་ཤུགས་ངལ་རྩོལ་རེད།
ཡག་ས་ཞིག་ནི། ཕྱི་ལོགས་ནས་ལས་ཀའི་ངོ་བོ་དང་ཡོང་འབབ་གང་ཡིན་ཡང་ཚང་མར་གཅིག་མཚུངས་ཀྱིས་བལྟ་གི་རེད། ཚང་མར་འདྲ་མཉམ་གྱི་གདན་གྲལ་ཡོད་པ་རེད། ཚང་མ་ཆེད་ལས་བའི་ངོ་བོར་ངོས་འཛིན་བྱེད་ཀི་རེད། འདི་རྒྱ་གར་དང་བསྡུར་ན་བར་ཁྱད་ཆེན་པ་རེད། འདི་ཡང་ཁོ་ཚོས་རང་གི་ལས་ཀ་གསང་དགོས་པའི་གནད་གཅིག་རེད་འདོད།
ངའི་སློབ་གྲྭར་ཚར་རྗེས། ཟ་ཁང་སྦྱིན་བདག་གིས་ཉིན་ཧྲིལ་བོའི་ལས་ཀ་སྤྲོད་ཆོག་ཟེར། ལས་ཀ་ཡང་ཐབ་ཚང་གི་ལས་ཀ་ནས་སྣེ་ལེན་པར་བསྒྱུར་ཆོག་ཟེར། ཁོར་ཡུག་འདི་ནས་ལས་ཀ་དེ་འདྲ་ཞིག་རེག་རྒྱུ་ཡང་ལས་སླ་བོ་ཞེ་དྲག་མ་རེད། དེ་ལྟར་ཀྱང་ངས་ལས་མཚམས་བཞག་པ་ཡིན། ངས་ལས་ཀ་དེ་རིགས་༼ སྡུག་ཅག་ ༽ཡིན་པའི་བསམ་བློའི་འོག་ལས་མཚམས་བཞག་པ་མིན། རང་གི་མངོན་འདོད་དང་ཐོག་མའི་དམིགས་ཡུལ་དང་མཐུན་མ་སོང་།
ཧྥ་རན་སིའི་ལས་ཀའི་ཁྲིམས་སྒྲིག་ལྟར་ན། མི་གཅིག་གི་བདུན་རེའི་ལས་ཡུན་ནི་ཆུ་ཚོད་སུམ་ཅུ་སོ་ལྔ་རེད། མ་མཐའི་གླ་འབབ་ཆུ་ཚོད་རེར་ཡུ་སྒོར་བརྒྱད་དང་ཕྱེད་ཀ་ཙམ་རེད། རྩིས་གཞི་འདིའི་སྒང་ནས་མི་གཅིག་གི་ཟླ་བའི་གླ་འབབ་ནི་ཡུ་སྒོར་ཆིག་སྟོང་སུམ་བརྒྱ་ཡས་མས་རེད། དེ་ནང་ནས་གཞུང་ཁྲལ་ཁག་གཅིག་ཡོད་པ་རེད། སྨན་དོད་དང་ལས་ཤོར་རོགས་སྐྱོར། རྒན་ཡོལ་སོགས་བརྒྱ་ཆར་བཀུག་ནས་འཐེན་འགྲོ་གི་རེད། ཤུལ་ནས་ཟླ་བའི་གླ་འབབ་དངོས་གནས་དེ་ཡུ་སྒོར་ཆིག་སྟོང་ཡས་མས་ཤིག་རེད། གལ་སྲིད་ཁྱེད་རང་ན་ནས་སྨན་ཁང་དུ་འགྲོ་དགོས་བྱུང་ཚེ་གཞུང་ནས་བརྒྱ་བདུན་ཅུ་དོན་ལྔའི་སྨན་དོད་རོགས་སྐྱོར་ཡོད་པ་རེད། གལ་སྲིད་ཉིན་ཞིག་ཁྱོད་ལས་ཤོར་བ་ཆགས་ཚེ། གཞུང་གིས་ཁྱོད་ཀྱི་ཟླ་བའི་གླ་འབབ་རྩིས་གཞིར་བཟུང་ནས་ཟླ་རེར་གླ་འབབ་ཀྱི་བརྒྱ་ཆ་བརྒྱད་ཅུ་འཚོ་སྣོན་དུ་སྤྲོད་ཀི་རེད། རྒན་ཡོལ་ཀྱང་དེ་ལྟར་རེད།
རྒྱ་མིའི་ཟ་ཁང་ནང་ལས་ཀ་བྱས་ན། ཞོགས་པ་ཆུ་ཚོད་བཅུ་བ་ནས་ཉིན་གུང་ཆུ་ཚོད་གསུམ་པའི་བར་དང་། ཕྱི་དྲོ་ཆུ་ཚོད་དྲུག་པ་ནས་དགོང་མོའི་ཆུ་ཚོད་བཅུ་གཅིག་བར་རེད། ཉིན་གཅིག་ལ་ཆུ་ཚོད་བཅུ་ནས་བཅུ་གཅིག་ལྷག་ལ་ལས་ཀ་རེད། བདུན་རྩིས་བྱས་ཆུ་ཚོད་དྲུག་ཅུ་ནས་བདུན་ཅུའི་བར། གླ་འབབ་ཟླ་རེ་ཆིག་སྟོང་ལྔ་བརྒྱ་ཡས་མས་རེད། དེ་ཡང་དུས་ཚོད་ཚང་མ་གཞུང་ལ་དེབ་སྐྱེལ་བྱེད་ཀི་མ་རེད། དེའི་ནང་ནས་ཧ་ལས་ན་བདུན་རེར་ཆུ་ཚོད་ཉི་ཤུ་ཙམ་ལས་དེབ་སྐྱེལ་བྱེད་ཀི་མ་རེད། འདིའི་སྒང་ནས་སྨན་དོད་དང་ལས་ཤོར་རོགས་སྐྱོར། རྒན་ཡོལ་སོགས་ལ་རྩིས་ཤིག་བརྒྱབས་ན་མཐའ་མིའི་གྱོང་རེག་མཁན་སོ་སོ་རེད། དེའི་སྒང་ལ་རང་གི་གཉིད་འཆག་ཟས་འཆག་གི་དཀའ་ལས་བརྒྱབས་པའི་ཁེ་བཟང་དོན་མེད་དུ་གཞན་ལ་སྤྲོད་འདོད་མ་བྱུང་། ངས་རྒྱ་མིའི་ཟ་ཁང་གི་ལས་མཚམས་འཇོག་དོན་འདི་ཡིན།
རྐུན་ཇག་འཕྲོག་གསུམ་དང་། མི་གསོད་ཁྲག་སྦྱོར་གྱི་ལས་ཀ་ཞིག་མིན་ཚེ་༼ སྡུག་ཅག ༽ཅེས་པའི་མིང་ཚིག་འདི་ལན་པོ་འདྲ་ཞིག་མཐོང་མ་སོང་། ང་ཚོས་ལས་ཀ་གང་ཞིག་ཡིན་ཡང་དེ་ལ་གྲལ་རིམ་གྱི་མིག་གིས་མི་ལྟ་བར། ཆེད་ལས་ཀྱི་ངོ་བོའི་ཐོག་ནས་ལྟ་སྟངས་ཞིག་འཛིན་རྒྱུ་གལ་ཆེན་པོ་རེད། འདི་འདྲའི་གོམས་གཤིས་ཤིག་འཇགས་རྒྱུ་ཡང་གལ་ཆེན་པོ་རེད།
རྒན་ལགས། ཁ་ཁོག་མེད་པར་དྲང་པོ་དྲང་བཞག་གིས་གསུངས་པར་ཐུགས་རྗེ་ཆེ་ཞུ། ཁ་ཤས་ཀྱིས་ལས་ཀ་སྡུག་ཇག་སོགས་གསང་སྟེ་རང་ཉིད་སྤྱང་པོ་ཡིན་མདོག་མདོག་གིས། མི་ཡུལ་ནས་ལྷ་ཡུལ་དུ་འཕུར་སོང་བའི་སྐད་ཆ་བཤད་ཀྱིན་འདུག དེ་ནི་མ་འོས་པ་དང་སྤྱི་ཚོགས་ཀྱི་འགན་མ་འཁུར་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། བཙན་བྱོལ་བ་དང་སྐྱབས་བཅོལ་པ་གང་ཡིན་ཡང་སོ་སོའི་འཚོ་བའི་གནས་སྟངས་གསལ་པོ་གསུང་ན་དགོས་པ་རྒྱུ་མཚན་ཡིད་ལ་ཤར་ངེས། མུ་མཐུད་བསམ་ཚུལ་དང་སྐྱབས་བཅོལ་འཚོ་བའི་ངོ་སྤྲོད་གང་མང་སྤེལ་རོགས་ཞུ།