རྒྱ་ནག་ནང་བསྟན་ཆོས་ཚོགས་ཀྱི་བླ་མ་ཧྲིན་ཀོན་མཆོག་རྒྱ་གར་དུ་ཕེབས་ཏེ། ཟླ་སྔོན་མའི་ཕྱི་ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་༧གོང་ས་མཆོག་ལ་མཇལ་འཕྲད་གནང་ཡོད་འདུག དེ་ནི་རྒྱ་གཞུང་གིས་རྒྱལ་ཁབ་ཕྱི་ནང་གཉིས་སུ་༸གོང་ས་མཆོག་ནི་ཁ་བྲལ་རིང་ལུགས་པ་ཡིན་སྐོར་དྲིལ་བསྒྲགས་ཤུགས་ཆེན་བྱས་པའི་རྗེས། རྒྱའི་བླ་མ་ཞིག་ལ་ཡོངས་གྲགས་ཐོག་༸གོང་ས་མཆོག་ལ་མཇལ་བཅར་གྱི་གོ་སྐབས་སྤྲད་པ་དང་པོ་དེ་ཆགས་ཡོད་འདུག
རྒྱའི་བླ་མ་ཧྲི་ཀོན་ལགས་བདེ་ལེགས་ངང་ཕྱིར་རྒྱ་ནག་སྐམ་སར་འབྱོར་ཏེ། དེང་སྐབས་རྒྱ་ནག་ཀོང་ཀྲུག་ཏུ་ཆོས་ཀྱི་བྱེད་སྒོ་སྤེལ་བཞིན་བཞུགས་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཁོང་གིས་འཇར་མན་རླུང་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱས་ཏེ། ཐེངས་འདིར་༸གོང་ས་མཆོག་དང་མཇལ་འཕྲལ་སྐབས། ནང་བ་སངས་རྒྱས་པའི་ཆོས་ཉམས་ལེན་གྱི་སྐོར་དང་། རྒྱ་དམར་གཞུང་གི་དབང་སྒྱུར་འོག་ཆོས་དད་རང་དབང་གི་གནས་བབ། རྒྱ་ནག་གིས་བོད་དུ་འཛིན་པའི་སྲིད་ཇུས། དེ་བཞིན་ལིག་ཞོ་པའོ་ཡི་གནད་དོན་སོགས་ཀྱི་ཐད་བཀའ་མོལ་གནང་བའི་སྐོར་བརྗོད་ཡོད་པ་རེད།
རྒྱའི་བླ་མ་ཧྲི་ཀོན་ལགས་ཀྱིས་བོད་དང་རྒྱ་ནག་བར་གྱི་ཆབ་སྲིད་ཀྱི་འབྲེལ་བ་ཆེ་ཤོས་དེ་ཡོན་རྒྱལ་རབས་ཀྱི་སྐབས་སུ་བྱུང་ཞིང་། སྐབས་དེར་བོད་རྒྱ་གཉིས་ལ་སོག་པོས་དབང་བསྒྱུར་བྱས་པ་ཞིག་ཡིན་པ་དང་། དེ་མིན་མཱེན་དང་ཆིན། ཀྲུང་དབྱང་སྲིད་གཞུང་བཅས་ཀྱི་སྐབས་སུ་བོད་རྒྱའི་བར་ཆབ་སྲིད་ཀྱི་འབྲེལ་བ་དེ་ཙམ་བྱུང་མི་འདུག ཅེས་གནའ་སྔ་མོ་ནས་བོད་ནི་རྒྱ་ནག་གི་ས་ཁོངས་མིན་པའི་ངོས་འཛིན་གནང་ཡོད་པར་མ་ཟད། ཁོང་གིས་མའོ་ཙེ་ཏུང་དང་སི་ཏ་ལེན། ཧེ་ཐི་ལི་སོགས་ནི་འགྲོ་བ་མིའི་ལོ་རྒྱུས་སྟེང་གི་ཉེས་ཅན་པ་དག་ཡིན་ལ། བོད་ཀྱི་གནད་དོན་ཡང་མའོ་ཙེ་ཏུང་དང་ཀྲུག་ཨན་ལི་ཡི་སྐབས་སུ་བྱུང་བ་ཡིན་ལ། མའོ་ཡིས་བོད་དུ་ཚུལ་མིན་ལུགས་མིན་གྱི་དོན་རྐྱེན་བསླངས་བ་ལ་བརྟེན་ནས། བོད་རྒྱ་མི་རིགས་བར་ད་ལྟའི་དཀའ་རྙོག་འདི་བཟོས་པ་རེད། ཅེས་བརྗོད་འདུག
སྔོན་ཆད་ཧུ་ཡོ་པཱང་གིས་༼ གུ་ཡངས་དང་ཁྲལ་མེད་རྒྱ་ལོག༽ བཅས་ཡིག་འབྲུ་དྲུག་ཅན་གྱི་སྲིད་ཇུས་བཟུང་སྟེ། བོད་དུ་སྲིད་ཇུས་གུ་ཡངས་སུ་གཏོང་རྒྱུ་དང་། རྒྱ་ནག་གི་དཔྱ་ཁྲལ་མེད་པ་བཟོ་རྒྱུ། རྒྱ་མི་རྣམས་བོད་ནས་ཕྱིར་ལོག་བྱ་རྒྱུ་བཅས་གཏན་འབེབས་བྱས་ཏེ། བོད་ཀྱི་གནད་དོན་ཐག་གཅོད་ཡོང་བར་ཐུགས་རེ་གནང་ཡོད་མོད། རྗེས་སུ་ཏིན་ཞོ་ཕིན་གྱིས་ལྐོག་གཡོ་ངན་ཇུས་ཐེན་ཏེ་ཧུ་ཡོ་པཱང་རྩད་རྫོགས་བྱས་པར་བརྟེན། བོད་ཀྱི་གནད་དོན་སེལ་རྒྱུར་བར་ཆད་བྱུང་བ་རེད། ཡིན་ནའང་། ད་ཆར་ཁྲིམས་སྲིད་དམངས་གཙོའི་ལམ་ལུགས་ནི་འཛམ་གླིང་སྟེང་ཁྱབ་ཆེ་རུ་འགྲོ་བཞིན་པར་མ་ཟད། ད་ལྟ་རྒྱ་ནག་དང་བྱང་ཀོ་རི་ཡ་སོགས་སྲིད་དབང་སྒེར་གཅོད་རྒྱལ་ཁབ་རེ་འགའ་མ་གཏོགས་ལྷག་མེད་པས། དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་བོད་ཀྱི་གནད་དོན་སེལ་བའི་དུས་སྐབས་ཤིག་འཆར་ངེས་རེད། ཅེས་བརྗོད་འདུག
གཞན་ཡང་། རྒྱའི་བླ་མ་ཧྲི་ཀོན་གྱིས་ཐེངས་འདིར་༸གོང་ས་མཆོག་དང་མཇལ་འཕྲལ་སྐབས་ཀྱི་སེམས་ཚོར་བརྗོད་དོན། ཏཱ་ལའི་བླ་མ་ནི་བྱམས་སྙིང་རྗེ་ཡིས་ཀུན་ནས་ཕྱུག་ཅིང་། ཆོས་ཉམས་ལེན་གྱི་གནས་ཚད་མཐོན་པོར་སླེབས་ཡོད་པའི་སྐྱེས་མཆོག་དམ་པ་ཞིག་རེད། དགུང་ལོ་ ༧༥ ལ་ཕེབས་པའི་ཁོང་གི་སྐུ་གཟུགས་ཧ་ཅང་བདེ་ཐང་ཡིན་པར་མ་ཟད། སྤོབས་པ་དང་ཡིད་ཆེས་ཀྱིས་ཁེངས་འདུག དེ་བཞིན། བོད་ནི་ཁོང་གི་ཕ་ཡུལ་ཡིན་པ་དང་། ཁོང་ནི་བོད་མིའི་སེམས་ནང་གི་བླ་ན་མེད་པའི་དབུ་ཁྲིད་ཡིན་པར་བརྟེན། ཁོང་ཕྱིར་ཕ་ཡུལ་ཏུ་ལོག་རྒྱུའི་ཐུགས་འདུན་ཟབ་མོ་འཆང་འདུག བོད་དང་རྒྱ་ནག་གི་རྩོད་རྙོག་ཐད་ནས་ཏཱ་ལའི་བླ་མའི་ལངས་ཕྱོགས་ཧ་ཅང་ཀུན་མཐུན་ཞིག་རེད། ཁོང་གིས་བོད་རང་བཙན་རྩོད་ཀྱིན་མི་འདུག ཅེས་གསལ་བཤད་གནང་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
རྒྱ་བླ་མའི་སྐད་ཆ་དེ་དག་དྲང་མོ་ཞིག་མཐོང་སོང་བས་དགའ་བསུ་བྱེད་རྒྱུ་ཡིན།
དེ་དང་ཆབ་གཅིག་རྒྱའི་ཆོས་ལུགས་པ་དང་ང་ཚོའི་ཆོས་ལུགས་པ་བར་ན་འབྲེལ་བ་
ཞིག་ཡོང་ཐུབ་ན་གང་གི་ཕྱོགས་ལ་ཡང་ཡག་པོ་ཡོད་ས་རེད་འདོད་ཀི འབྲེལ་བ་ཞིག་བྱུང་
བ་ཡིན་ན་མ་མཐའ་ཡིན་ན་ཡང་རྒྱ་མི་རིགས་ལ་དངོས་ཡོད་གནས་ཚུལ་གསལ་བཤད་བྱེད་རྒྱུ་གོ་སྐལ་རེ་ཡོད་ན་ཐང་།
བོད་རེ་བས་ཕོངས།
བོད་མི་ཚོ་སོ་སོའི་ཆོས་ལུགས་ནང་པར་ཞེན་ཁོག་ཆེ་དྲགས་ནས་རྒྱ་བླ་རྒྱ་འདྲེ་དེ་ཚོས་བཙན་བྱོལ་བ་རྣམས་བོད་ལ་འགུགས་ཐབས་བྱེད་ཐུབ་ངེས།
རྒྱ་བླ་ཁོ་ནི་ཤ་ཁྲག་རུས་གསུམ་རྒྱ་གཙང་ཡིན་པས་ནམ་ཡང་བོད་པར་ཕན་ཐོགས་ཀྱི་སེམས་ཤིག་ཡོང་མི་སྲིད།
ད་དུང་བོད་མི་ཚོས་རྒྱ་དམངས་གཙོར་དགའ་མཁན་འགའ་ཞིག་ལ་བླ་མ་ནང་བཞིན་བཀུར་བ་འདི་ནི་ལྟས་ངན་ཤར་བའི་སྔ་ལྟས་རེད།
ཤ་ཁྲག་རུས་གསུམ་ཀར་རྒྱ་གཙང་ཡིན་པ་ཚོ་ལ་ནམ་ཡང་བློ་མ་འགེལ་རོགས།
་ཁོ་གལ་སྲིད་བོད་ལ་ཤ་ཞེན་དང་རྒྱ་གཞུང་ལ་མི་དགའ་མཁན་ཞིག་ཡིན་ན་ཁོ་༧གོང་ས༧་མཆོག་དང་མཇལ་འཕྲད་གནང་ཙམ་དང་དེ་འདྲའི་སྐད་ཆ་བཤད་པ་ཙམ་གྱིས་བཙོན་ཁང་ལ་འགྲོ་རྒྱུ་ཉག་ཅིག་རེད།
དེ་ལྟར་མི་བྱེད་ལུགས་ལ་གཞིགས་དང་།
ཨ་ཁཁཁཁཁཁཁཁཁཁ་བོད་དོན་ནི་ནང་ཆོས་ཙམ་གྱི་དོན་དུ་ག་ལ་ཡིན།
བོད་དོན་ནི་བོད་མི་ཡོད་དོ་ཅོག་གི་དོན་ཞིག་རེད།
བོད་མིར་ནང་ཆོས་ལ་དད་དང་མི་དད་ཆོས་མེད་རིང་ལུགས་བོད་པ་ཡེ་ཤུ་བོད་པ་ཁ་ཆེ་བོད་པ་བོན་པོ་བོད་པ་ཧིན་དྷུ་ལས་སོགས་མང་པོ་ཡོད་པས་དེ་ཚོ་ཐམས་ཅད་ཀྱི་གནད་དོན་ཞིག་རེད་དོ།
རྒྱ་ཡི་བླ་མ་རྒྱལ་བར་མཇལ། རྒྱལ་བའི་དགོངས་པ་རྒྱ་ལ་བསྒྲགས།
རྒྱལ་ཁའི་རྟེན་འབྲེལ་གསར་བ་འདི། རྒྱ་རིགས་ཀུན་གྱིས་རྟོགས་པར་སྨོན།
བོད་རྒྱའི་ཆོས་སྲིད་ཟུང་འབྲེལ་དར་རྒྱས་ཡུན་བརྟན་ཤོག ། དགེའོ། དགེའོ། དགེའོ། །
རྒྱའི་བླ་མ་ལ་བཀྲ་ཤིས་བདེ་ལེགས།
ཁམས་པ་ལགས།
ཁྱེད་རང་ཉིད་ཀྱིས་དངོས་ནས་ཁོང་གི་ལོ་རྒྱུས་ལ་ལྟ་འདོད་ཡོད་ན། ངོ་དེབ་སོགས་ཀྱི་སྟེང་དུ་ག་ཚོད་དགོ་དགོ་རེད་ལགས།
རིག་གནས་གསར་བརྗེ་ནི་སུའི་མགོ་ལ་ཡོང་མྱོང་མོད། བོད་དང་རྒྱ་ནག་པའི་བསམ་བློའི་འཁྱེར་སོ་ནི་ཤར་ནུབ་ཡིན་པས། རྒྱ་ནག་ལ་ནང་ཆོས་རྣམ་དག་ཅིག་དར་མྱོང་ཡོད་མེད་ཀྱང་ང་ནི་དོགས་པ་ཟའོ།། ཧྭ་ཤང་གི་སྐད་ཆ་དེ་ཡང་རྒྱ་གཞུང་གི་གོ་སྒྲིག་ཅིག་མིན་འགྲོ གོ་ཐོས་ལ་ལོ་འདི་དག་གི་རྒྱ་གཞུང་གི་ལས་འཆར་གཙོ་བོ་ཞིག་ནི་རྒྱ་ཆོས་དད་པས་མཐོང་ཆེན་གཙོ་བོར་བྱེད་ས་དེ་རྒྱ་བརྒྱུད་ནང་བསྟན་བཟོ་རྒྱུ་དེ་རེད་ཟེར། བོད་དོན་བེད་སྤྱད་ཀྱིས་ཧྭ་ཤང་ཉིད་རྒྱའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ལ་དབང་བསྐུར་རྒྱུ་ཡིན་པ་འདྲ། གང་ལྟར། རྒྱ་ཞིག་གིས་ཅིག་བྱས་སོང་ཟེར་བ་ལ་ང་ནི་ནམ་ཡང་ཧང་སང་གི་མི་འདུག་གོ།
དེ་ནི་དྲང་བདེན་ལ་རྒྱབ་སྐྱོར་དང་། གནས་ལུཊ་ལ་བདེན་ཁ་སྤྲད་པ་ཞིག་རེད། དེ་ནི་ནང་པའི་གྲ་བ་ཞིག་ལ་མཚོན་ན་རིན་ཐང་དང་རྩ་ཆེ་ཤོས་རེད།
གལ་སྲིད་གནས་ཚུལ་འདི་བདེན་ན། དྲང་བདེན་གྱི་སྐད་ཆ་བཤད་པའི་བླ་མ་འདི་ལྟ་བུ་མང་པོ་ཞིག་བྱུང་ན། གོང་ཁྲན་ཏང་གི་འཁྱོག་བཤད་ཀྱིས་ཟ་ཟིར་གྱུར་བའི་རྒྱ་རིགས་མང་པོ་མང་པོ་ཞིག་གོ་རྟོགས་སད་ཐུབ་པ་ལྟ་ཅི་སྨོས། རྒྱ་ནག་གཞུང་གི་ཆོག་མཆན་འོག་ནས་༧གོང་ས་མཆོག་དང་མཇལ་འཕྲད་གནང་བ་བདེན་ན། འགྱུར་བ་ཞིག་གི་རྣམ་འགྱུར་མིན་ནམ་ཡང་སྙམ་མོ།།
གསར་འགྱུར་སྙན་མོ་ཞིག་འདུག ཡིན་ན་འང་བླ་མ་ཧྲིན་ཀོན་གྱི་མགོ་ལ་ཉི་མ་དམར་པོ་ཞིག་གཞི་ནས་ཤར་གྲབ་ཡོད་རྒྱུ་རེད། ཁོང་གི་མེ་ལྟར་འབར་གྱིན་བཞིན་པའི་སྙིང་སྟོབས་དང་དྲི་མས་མ་གོས་བའི་རྣམ་དག་གི་སེམས་པ་ལ་གུས་འདུད་ཞུ།
བདེ་བླགས་ལ་ཡང་བདེ་ལེགས་བྲིས་འདུག་ད་དུང་་་་་་་་་་་་་་་་་་་་་་་་
ཐུགས་འདུན་བཅངས་འདུག
ཅེས་བརྗོད་རིགས། ཁྱད་པར་དུ་གསར་འགོད་པ་གསར་བ་འདིས་ག་དུས་ཡིན་ན་ཡང་གཟུགས་དང་གཟིགས་ནོར་འདུག་པས། སྐུ་གཟུགས་བདེ་ཐང་ཞེས་པར་བཅོས་རོགས། རྒྱ་བླ་མ་འདིའི་ལོ་རྒྱུས་ཀྱི་ཁུངས་སྣེ་ཙམ་ཞིག་ཅིས་ཀྱང་མཁོ་སྤྲོད་གནང་རོགས།
འདིའི་མིང་རྒྱ་ཡིག་གིས་གཅིག་བྲིས་ན་ངས་རྒྱ་ཡིག་གི་ཐོག་ནས་ལོ་རྒྱུས་ལ་གཅིག་ལྟ་འདོད་ཡོད་པས་དོ་དམ་པས་ཐུགས་ཀྱིས་འཛིན་རོགས།