ལོ་འདི་འགར་༧གོང་ས་མཆོག་གིས་ཊེ་ཝེ་ཊིར་དྲ་བ་བརྒྱུད་རྒྱ་རིགས་ཚོའི་དྲི་བར་བཀའ་ལན་དང་། དོགས་པ་རྣམ་རྟོག་རིགས་ལ་གསལ་བཤད་ཀྱི་ལས་རིམ་ཞིག་འགྲོ་བཞིན་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༤ ཉིན་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞུང་དང་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་གཉིས་ཀྱི་རམ་འདེགས་འོག ༧གོང་ས་མཆོག་གིས་རྒྱ་རིགས་ཁྲིམས་རྩོད་པ་ཐུན་པིའོ་དང་ཅཱང་ཐེན་ཡོང་གཉིས་ཀྱི་དྲི་བ་བརྒྱད་ལ་བཀའ་ལན་གནང་བའི་གོ་སྐབས་དང་བསྟུན་ཏེ། འདི་གའི་གསར་འགོད་པས་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། ༧གོང་ས་མཆོག་གིས་ཊེ་ཝེ་ཊིར་དྲ་བ་བརྒྱུད་རྒྱ་རིགས་མང་ཚོགས་ལ་བཀའ་བསྡུར་ཞུ་རྒྱུའི་ལས་རིམ་དེ་མགོ་འཛུགས་ཇི་ལྟར་གནང་ཡོད་མེད་དང་། ལས་གཞིའི་དེའི་ཐོག་མའི་དམིགས་ཡུལ་གང་འདྲ་ཡིན་ནམ།
ལན། ༧གོང་ས་མཆོག་གི་དགོངས་གཞི་ཧ་ཅང་གསལ་པོ་རེད། རྒྱ་ནག་མི་དམངས་ལ་འབྲེལ་བ་བྱ་རྒྱུ་དང་། རྒྱ་ནག་མི་དམངས་ལ་འབྲེལ་བ་བྱས་ཏེ་ཕན་ཚུན་གྱི་གནས་སྟངས་ཤེས་རྟོགས་ཡོང་རྒྱུ་དེ་༧གོང་ས་མཆོག་གི་དགོངས་གཞི་ཆགས་ཡོད། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་། མི་དམངས་བཅས་ནས་རྒྱ་ནག་མི་དམངས་ལ་འབྲེལ་བ་བྱ་རྒྱུ་དེ་འདས་པའི་ལོ་མང་རིང་ནས་ཕྱག་ལས་གནང་བསྡད་ཡོད་པ་ཞིག་རེད། ཡིན་ནའང་། ཡུལ་དང་དུས། རྐྱེན་སྣ་ཚོགས་ཞིག་གི་དབང་གིས་རྒྱ་ནག་ནང་ལོགས་སུ་ཡོད་པའི་མི་དམངས་དང་། ལྷག་པར་དུ་ཤེས་ཡོན་ཅན་དང་མཁས་པ་ཚོར་འབྲེལ་བ་བྱ་རྒྱུར་དཀའ་ངལ་ཞིག་འཕྲད་བསྡད་ཡོད། དེ་འདྲའི་དཀའ་ངལ་ཞིག་འཕྲད་སྟབས་དེའི་ཐོག་མུ་མཐུད་ནས་ལས་ཀ་བྱ་དགོས་པ་དང་། ཐབས་ལམ་སྣ་ཚོགས་ཤིག་གི་ཐོག་ནས་ལས་ཀ་བྱ་དགོས་རྒྱུའི་དགོངས་གཞི་ཞིག་ཡོད་པ་རེད། ༢༠༡༠ ལོར་རྒྱ་ནག་རྩོམ་པ་པོ་ཝང་ལི་ཞུང་གིས་རྒྱ་ནག་ནང་ལོགས་ཀྱི་ཤེས་ཡོན་ཅན་དང་སློབ་ཕྲུག མང་ཚོགས་བཅས་ནས་བོད་ཀྱི་གནད་དོན་གྱི་དོགས་གཞིའི་རིགས་༧གོང་ས་མཆོག་ལ་དེང་དུས་དྲ་ལམ་བརྒྱུད་ཐད་ཀར་དྲི་བ་འདྲི་ཐུབ་ན་ཡག་པོ་འདུག་ཟེར་ནས་བསམ་འཆར་བཏོན་པ་ལྟར། དེང་སང་དར་སོ་ཆེ་བའི་ twitter དྲ་གནས་བརྒྱུད་གླེང་མོལ་བྱ་རྒྱུ་བྱས་པ་རེད། ཊེ་ཝེ་ཊིར་ཟེར་བ་དེ་ལ་དྲ་གནས་གཞན་དང་མི་འདྲ་བའི་ཁྱད་ཆོས་གཙོ་བོ་ཞིག་ཡོད་པ་ནི་དུས་གཅིག་ལ་མི་ཁྲི་ཚོ་མང་པོ་མཉམ་དུ་འཛོམས་ཏེ་ཡིག་ཐོག་ནས་བསམ་ཚུལ་བརྗེ་རེས་བྱ་ཐུབ་ཀྱི་ཡོད། ༢༠༡༠ ལོའི་ཕྱི་ཟླ་ ༥ པའི་ནང་༧གོང་ས་མཆོག་གིས་རྒྱ་རིགས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་རྒྱུའི་མགོ་བཙུགས་པ་རེད། སྐབས་དེར་གྷོ་གྷིལ་ནང་དུའང་རྒྱ་རིགས་ཚོར་དྲི་བ་འདོན་རྒྱུའི་གོ་སྐབས་ཤིག་ཡོད། ངས་ཤེས་ཚོད་ལྟར་ན། རྒྱ་རིགས་ཆིག་ཁྲི་ལྷག་དྲི་བ་འདོན་རྒྱུའི་ལས་གཞི་དེར་མཉམ་ཞུགས་བྱས་ཡོད་ཅིང་། ཁྱོན་བསྡོམས་དྲི་བ་ ༣༠༠ ལྷག་བཏོན་འདུག་པ་མ་ཟད། ང་ཚོས་དྲི་བ་འདོན་ཆོག་རྒྱུ་ལས་གཞན་ད་དུང་དྲི་བ་འདོན་མཁན་ཚོར་རྒྱབ་སྐྱོར་དང་ངོས་ལེན་མེད་པའི་བསམ་ཚུལ་ཡང་འདོན་ཆོག་པ་བཟོས་ཡོད་ལ། ཁ་ཤས་ཀྱི་དྲི་བ་དང་བསམ་ཚུལ་གཅིག་པ་ཆགས་ཡོང་གི་འདུག ང་ཚོས་དེའི་ནང་རྩེ་བཏོག་གིས་དྲི་བ་ ༡༠ ༧གོང་ས་མཆོག་ལ་ཕུལ་བ་བཞིན་ ༢༠༡༠ ལོའི་ཕྱི་ཟླ་ ༥ པའི་ནང་ཊེ་ཊིར་བརྒྱུད་ཐད་ཀར་བཀའ་ལན་གནང་བ་རེད།
དྲི་བ། དེང་སྐབས་དྲ་བའི་ཐོག་མི་འདྲ་མིན་གྱིས་མིང་འདྲ་མིན་བེད་སྤྱོད་བྱེད་ཀྱི་ཡོད་སྟབས། དྲི་བ་ ༣༠༠ ལྷག་འདོན་མཁན་དེ་དག་གི་མིང་དང་ལས་གནས། ས་གནས་གང་ཡིན་སོགས་ལ་རྒྱུས་ལོན་བྱས་ཡོད་དམ།
ལན། དེར་ཞིབ་འཇུག་བྱེད་ཐུབ་ཡོད་པ་མ་རེད། གང་ཡིན་ཟེར་ན། ཊེ་ཝེ་ཊིར་ནང་ཞུགས་སྐབས་མི་དེའི་གནས་སྟངས་གསལ་པོ་ཤེས་རྒྱུ་ཁག་པོ་རེད། ཡིན་ནའང་། ང་ཚོས་ཚོད་དཔག་བྱ་ཐུབ་པ་ཞིག་ལ། ཊེ་ཝེ་ཊིར་དྲ་གནས་རྒྱ་ནག་ཏུ་བེད་སྤྱོད་གཏོང་རྒྱུར་ཕྱི་ལོགས་ཀྱི་དྲ་རྒྱ་བེད་སྤྱོད་གཏོང་བྱེད་ཀྱི་མཉེན་ཆས་བེད་སྤྱོད་དགོས་པ་རེད། མཉེན་ཆས་དེ་བེད་སྤྱོད་གཏོང་ཤེས་མཁན་ཤེས་ཡོན་ཅན་དང་སློབ་ཕྲུག དེ་བཞིན་སྤྱི་ཚོགས་ནང་ཤེས་ཚད་གང་འཚམ་ཡག་པོ་ཡོད་མཁན་ཞིག་མ་གཏོགས། མང་ཚོགས་དཀྱུས་མ་ཞིག་གིས་བེད་སྤྱོད་གཏོང་ཤེས་ཀྱི་མ་རེད། དེའི་སྟབས་ཀྱིས་བརྒྱུད་ལམ་དེར་མཉམ་ཞུགས་བྱེད་མཁན་མང་ཆེ་བ་ཤེས་ཡོན་ཅན་རེད་བསམ་གྱི་ཡོད། དེ་མིན་ལས་རིགས་དང་ཤེས་ཚད། ལོ་ཚད་སོགས་ཞིབ་ཚགས་པོ་དབྱེ་ཞིབ་བྱ་ཐུབ་ཀྱི་མི་འདུག
དྲི་བ། ༧གོང་ས་མཆོག་གིས་ཊེ་ཝེ་ཊིར་བརྒྱུད་རྒྱ་རིགས་ཚོའི་དྲི་བར་བཀའ་ལན་གནང་སྐབས། དྲི་བ་གནང་མཁན་ལ་སྐད་བསྒྱུར་ཞུ་སྟངས་དང་། ཟུར་ཞུགས་གནང་མཁན་རྒྱ་རིགས་ཚོར་ཡིག་ཐོག་ནས་མཐུན་འགྱུར་གང་འདྲ་ཞུས་ཡོད་དམ།
ལན། ༢༠༡༠ ལོའི་ཕྱི་ཟླ་ ༥ ནང་༧གོང་ས་མཆོག་གིས་བཀའ་ལན་དང་པོ་དེ་གནང་ཡོད། བཀའ་ལན་གཉིས་པ་ལོ་དེའི་ཕྱི་ཟླ་ ༧ ནང་གནང་བ་རེད། ད་ལོའི་ཕྱི་ཟླ་ ༡ གྱི་ནང་བཀའ་ལན་གསུམ་པ་དེ་གནང་ཡོད། ཐེངས་དང་པོའི་སྐབས་སུ་ཡིག་ཐོག་གི་དྲི་བ་དག་ལ་༧གོང་ས་མཆོག་གིས་བཀའ་ལན་གནང་རྗེས། དེ་དག་ཡང་བསྐྱར་རྒྱ་ཡིག་ཐོག་ཕབ་བསྒྱུར་བྱས་ཏེ། ཊེ་ཝེ་ཊིར་དྲ་ཐོག་ལ་བཏང་བ་ཡིན་སྟབས། དུས་ཐོག་ཏུ་ཆ་ཚང་ཞིག་གཏོང་ཐུབ་ཡོད་མ་རེད། ཐེངས་གཉིས་པར་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞུང་གིས་དྲི་བ་ ༨ གདམ་གསེས་བྱས་ཏེ་བཏོན་པ་ལྟར། ༧གོང་ས་མཆོག་གིས་ལན་འདེབས་གནང་ཞིང་། བཀའ་ལན་ཁག་ང་ཚོས་རྒྱ་ཡིག་ཐོག་བསྒྱུར་ཏེ་ཕར་བཏང་བ་ཡིན་ལ། སྐབས་དེར་ང་ཚོས་༧གོང་ས་མཆོག་གིས་གང་གསུངས་པ་རྣམས་ཆད་ལྷག་མེད་པར་བསྒྱུར་ཏེ་ཕར་གཏོང་ཐུབ་ཡོད། ཐེངས་འདིར་སྔོན་དང་མི་འདྲ་བར་དྲ་ལམ་བརྙན་འཕྲིན་བརྒྱུད་དེ་དྲི་བ་དྲིས་ལན་གནང་ཡོད། དྲི་བ་བཏང་བའི་ཉིན་མོར་རྒྱ་ནག་གི་ཚབ་མཚོན་རང་བཞིན་གྱི་ཤེས་ཡོན་ཅན་གསུམ་དྲ་ཐོག་ཏུ་ཡོང་སྟེ། ༧གོང་ས་མཆོག་ལ་ཐད་ཀར་བཀའ་འདྲི་གནང་ཞིང་། ཁོང་ཚོས་༧གོང་ས་མཆོག་ལ་མཇལ་ཐུབ་པ་དང་། ༧གོང་ས་མཆོག་གིས་ཀྱང་ཁོང་ཚོ་གཟིགས་ཐུབ་ཡོད་དུས། གནང་སྟངས་གསར་པ་ཞིག་ཆགས་ཡོད་ལ། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཀྱང་ཆགས་ཡོད་ཅེས་ཞུས་ཆོག་གི་ཡོད། ༧གོང་ས་མཆོག་གི་ཊེ་ཝེ་ཊིར་ནང་དྲ་གྲོགས་ ༡༥༠༠༠ ལྷག་དང་། ཝང་ལི་ཞུང་ལ་མི་ ༡༣༠༠༠། ཐུན་པོ་ལ་ ༢༠༠༠༠། ཅིང་ཐན་ཡོང་ལ་ ༥༠༠༠ ལྷག་ཡོད་ཅིང་། དེའི་ནང་མཉམ་ཞུགས་བྱེད་མཁན་རྒྱ་རིགས་ཤེས་ཡོན་ཅན་ཚོར་ཡང་རང་རང་གི་ཊེ་ཝེ་ཊིར་དྲ་གྲོགས་མང་པོ་ཡོད་སྟབས། ཤིང་སྡོང་གི་ཡལ་ག་དང་ལོ་མ་བཞིན་མང་པོར་ཁྱབ་འགྲོ་རྒྱུའི་ནུས་པ་ཆེན་པོ་ཡོད། ད་ལྟའི་ཆར་༧གོང་ས་མཆོག་རྒྱ་ནག་ཏུ་ཕེབས་ཐུབ་ཀྱི་ཡོད་པ་མ་རེད་ལ། རྒྱ་ནག་ཤེས་ཡོན་ཅན་ཚོའང་ངྷ་སར་བཅར་ཏེ་༧གོང་ས་མཆོག་ལ་བཀའ་མོལ་གནང་ཐུབ་མཁན་ཉུང་ཉུང་རེད། ཐེངས་སྔོན་མར་བཀའ་བསྡུར་ཡག་པོ་བྱུང་ཡོད་སྟབས་མཉམ་ཞུགས་བྱེད་མཁན་ཚོས་ང་ཚོར་ལས་གཞི་འདིའི་ཐོག་མུ་མཐུད་ཤུགས་རྒྱག་དགོས་པར་མ་ཟད། རྣམ་པ་སྔར་ལས་ཡར་རྒྱས་གཏོང་དགོས་ཀྱི་འདུག་ཅེས་ཚུར་བཤད་ཀྱི་འདུག ཊེ་ཝེ་ཊིར་བརྒྱུད་བཀའ་མོལ་སྐབས་རྒྱ་རིགས་མང་ཚོགས་ནང་ཧ་ལས་པའི་དོ་སྣང་ཆེན་པོ་འདུག་ལ། དེ་དག་ལས་བརྒྱ་ཆ་ ༩༠ བཟང་ཕྱོགས་ཀྱི་དོ་སྣང་རེད། ཁ་ཤས་ཀྱིས་ཏཱ་ལའི་བླ་མར་སྐད་ཆ་ག་རེ་ཡིན་རུང་ཐད་ཀར་བཤད་ཆོག་གི་འདུག འདི་ལྟར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོར་བཤད་ཐབས་ཡོད་པ་མ་རེད་ཟེར་མཁན་ཡང་འདུག ཅང་ཞི་ནས་ཡིན་པའི་སློབ་མ་ཞིག་གིས་ཁོང་གི་ཕ་ལགས་སུ། ངས་དེ་རིང་ཏཱ་ལའི་བླ་མ་དང་ཐད་ཀར་སྐད་ཆ་བཤད་ཀྱི་ཡོད་ཅེས་བཤད་སྐབས། ཁོང་གི་ཕ་ལགས་སེམས་འགུལ་ཐེབས་ཏེ་མིག་ཆུ་ཤོར་སོང་། ཞེས་ཁོང་གི་དྲ་བའི་ཐོག་བཀོད་ཡོད་ལ། ཡང་རིགས་གཅིག་གིས་བོད་རྒྱའི་གནད་ཚུལ་དངོས་དེ་འདྲ་ཞིག་ཡིན་པ་སྔར་ཤེས་ཀྱི་མེད། ཐེངས་འདིར་དྲི་བ་དྲིས་ལན་བརྒྱུད་གསལ་བོ་ཆགས་སོང་ཟེར་བ་སོགས་ཡོང་གི་འདུག སྐབས་དེར་ང་ཚོའི་དྲི་བ་དྲིས་ལན་སྐབས་སྐྱོན་བརྗོད་བྱེད་མཁན་རེ་ཟུང་ཡང་འདུག
དྲི་བ། ༧གོང་ས་མཆོག་གིས་སྔ་ཕྱིར་ཐེངས་གསུམ་ལ་རྒྱ་རིགས་ཚོར་བཀའ་མོལ་གནང་ཡོད་པ་རེད། སྐུ་ཉིད་ཀྱིས་བརྒྱུད་རིམ་འདིའི་ཁྲོད་ཀྱི་གྲུབ་འབྲས་ཆེ་ཤོས་གང་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ།
ལན། ༧གོང་ས་མཆོག་གིས་རྒྱ་རིགས་མང་ཚོགས་ལ་འབྲེལ་བ་བྱ་དགོས་གསུངས་པ་དེ་ལོ་ངོ་སུམ་བཅུ་བཞི་བཅུ་སྔོན་ནས་གསུངས་ཡོད་པ་རེད། ཁ་སྔོན་གྱི་ལན་འདེབས་སྐབས་སུ་༧གོང་ས་མཆོག་གིས་ ༡༩༨༩ ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་མའི་དོན་རྐྱེན་མ་བྱུང་བར་དུ། ༧གོང་ས་མཆོག་དང་བོད་གཞུང་ནས་རྒྱ་ནག་མི་དམངས་ལ་འབྲེལ་བ་བྱ་རྒྱུའི་འབད་བརྩོན་བྱས་ཀྱང་། རྒྱ་རིགས་ཚོ་དོགས་པའི་དབང་དུ་སོང་སྟེ། ང་ཚོས་འབད་བརྩོན་ཅི་ཙམ་བྱས་ཀྱང་འབྲས་བུ་ཐོན་གྱི་མི་འདུག གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་སློབ་མའི་དོན་རྐྱེན་རྗེས་སུ་ང་ཚོས་འབད་བརྩོན་བྱས་པ་དེར་གྲུབ་འབྲས་ཆེན་པོ་ཐོབ་སོང་། རྒྱུ་མཚན་ནི་བོད་ཙམ་དུ་མ་ཟད། རྒྱ་ནག་ཏུའང་བཙན་གནོན་བྱེད་ཀྱི་ཡོད་སྟབས། རྒྱ་མིའི་དོགས་པ་ཚང་མ་སེལ་ཐུབ་ཡོད་པ་རེད་ལ། ལྷག་པར་དུ་སྐབས་དེར་རྒྱ་ནག་ཤེས་ཡོན་ཅན་དང་མང་གཙོ་དོན་གཉེར་བ་མང་པོ་ཞིག་བཙན་བྱོལ་དུ་ཕེབས་ཐུབ་ཡོད་པ་རེད། དེ་ནས་ང་ཚོས་ཕར་འབྲེལ་བ་བྱེད་སྐབས་ཚུར་ལག་པ་བཏང་སྟེ་འབྲེལ་བ་བྱེད་མཁན་མང་པོ་བྱུང་ཡོད། ༢༠༠༨ ལོའི་རྗེས་ནས་ང་ཚོར་ཚུར་འབྲེལ་བ་བྱེད་མཁན་སྔོན་མ་ལས་རྦད་དེ་མང་དུ་སོང་ཡོད། རྒྱ་ནག་གི་ཤེས་ཡོན་ཅན་སྐོར་ཞིག་གིས་ཕར་ཕྱོགས་ཀྱི་འགོག་རྐྱེན་ལ་མ་ལྟོས་པར་ཚུར་ངྷ་སར་ཡོང་གི་ཡོད་ལ། ༧གོང་ས་མཆོག་ཕྱི་རྒྱལ་དུ་ཆིབས་བསྒྱུར་གནང་སྐབས་ཀྱང་སློབ་ཆེན་དགེ་རྒན་དང་རྩོམ་པ་པོ། སློབ་ཕྲུག་མང་པོ་ཞིག་གིས་༧གོང་ས་མཆོག་ལ་མཇལ་རྒྱུའི་འདོད་པ་ཆེན་པོ་བྱེད་ཀྱི་ཡོད། ༢༠༠༨ ལོ་ནས་ད་བར་རྒྱ་རིགས་མཁས་པ་ ༤༠༠ ཙམ་ལ་མཇལ་འཕྲད་གནང་ཡོད་པར་མ་ཟད། དེ་མིན་ཉི་ཧོང་དང་ཨ་རི། ཁེ་ན་ཌ། ཨོ་སི་ཊོ་ལི་ཡ་སོགས་སུ་དུས་གཅིག་ལ་རྒྱ་རིགས་མང་ཚོགས་ ༢༠༠ ནས་ ༣༠༠ བརྒལ་བར་མཇལ་འཕྲད་གནང་ཡོད། ༢༠༠༩ ལོར་༧གོང་ས་མཆོག་ཧྥ་རན་སིར་ཆིབས་བསྒྱུར་སྐབས། རྒྱ་ནག་སྐམ་ས་ནས་ཡོང་བའི་སློབ་ཕྲུག་ཚོར་མཇལ་འཕྲད་གནང་ཡོད། སྐབས་དེར་སློབ་ཕྲུག་ཁག་ཅིག་ཚོར་བ་ཧ་ཅང་རྣོན་པོ་འདུག་ཅིང་། དེ་དག་ལས་ཕ་རེ་སི་སྒྱུ་རྩལ་སློབ་གླིང་གི་སློབ་ཕྲུག་ཅིག་གིས་རྒྱ་ནག་ཏུ་ཡོད་པའི་ཁོང་གི་ཕ་ལགས་སུ་ཁ་པར་བཏང་སྟེ། དེ་རིང་ངས་ཏཱ་ལའི་བླ་མར་ཐུག་གི་ཡོད་ཅེས་བཤད་སྐབས། ཁོང་གི་ཕ་ལགས་ཀྱིས་ཏཱ་ལའི་བླ་མར་མཇལ་སྐབས་དགོངས་དག་ལབ་རོགས། ང་སྔོན་མ་བོད་བཅིིངས་འགྲོལ་གཏོང་སྐབས། ཞིན་ཅང་ནས་རྟ་དམག་གིས་བོད་ལ་དམག་རྒྱག་མཁན་གྲས་ཡིན་ཞེས་དང་། ཡང་སློབ་ཕྲུག་ཁག་ཅིག་གིས་སེམས་ཚོར་ཆེན་པོས་༧གོང་ས་མཆོག་ལ། ང་ཚོའི་སློབ་མཐར་ཕྱིན་ཏེ་ཕྱིར་རྒྱ་ནག་ཏུ་ལོག་རྗེས་ལས་ཀ་ག་རེ་བྱ་དགོས་རེད་ཅེས་ལམ་སྟོན་ཞུ་མཁན་ཡང་འདུག
དྲི་བ། སྐུ་ཉིད་ཀྱིས་༧གོང་ས་མཆོག་དང་རྒྱ་རིགས་ཚོའི་བར་གྱི་འབྲེལ་མཐུད་པའི་འགན་གཙོ་བོ་འཁྱེར་གྱི་ཡོད་སྟབས། རྒྱ་རིགས་མང་ཚོགས་ལ་འབྲེལ་བ་བྱ་རྒྱུར་དཀའ་ངལ་ཆེ་ཤོས་གང་དག་ཡིན་པ་དང་། མ་འོངས་པར་ལས་འཆར་གསར་པ་འདྲ་ཡོད་དམ།
ལན། དཀའ་ངལ་གཙོ་བོ་ཡུལ་གྱིས་བསྐལ་བ་དང་གནས་བབ་ཀྱི་འགོག་རྐྱེན་དེ་རེད། རྒྱ་རིགས་རྣམས་ཚུར་༸གོང་ས་མཆོག་ལ་སྐུ་མདུན་ལ་བཅར་རྒྱུ་ལས་༸གོང་ས་མཆོག་ཕར་རྒྱ་ནག་དང་བོད་ལ་ཕེབས་ཐུབ་ཀྱི་མེད་པ་དེ་རེད། ང་ཚོའི་དཀའ་ངལ་ནི་༧གོང་ས་མཆོག་བོད་ལ་ཕེབས་དགོས་རྒྱུ་དེ་རེད། བོད་པ་ཤེས་ཡོན་ཅན་ཞིག་གིས་མངོན་གསལ་དོད་པོའི་ཐོག་༧གོང་ས་མཆོག་ལ་མཇལ་ན་འཛིན་བཟུང་བྱ་རྒྱུའི་ཉེན་ཁ་ཡོད། རྒྱ་རིགས་ཤིག་ཡིན་ན་དེའི་ཉེན་ཁ་མེད་ཀྱང་། ཁོང་ཚོའི་དཀའ་ངལ་ནི། རྒྱ་ནག་ཏུ་ནང་པ་མང་པོ་ཡོད་པ་ཙམ་དུ་མ་ཟད། ནང་པ་དེ་དག་གི་ཁྲོད་༧གོང་ས་མཆོག་ལ་དད་པ་དམ་ཚིག་ཡོད་མཁན་ཧ་ཅང་མང་སྟབས། ད་ཆར་ཉུང་མཐར་བདུན་ཕྲག་རེར་རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་རིགས་ ༡༠ ནས་ ༢༠ ཙམ་ངྷ་སར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་ཁ་ཞུ་བཞིན་འདུག འདི་ནི་ཉེ་བའི་ལོ་གཅིག་གཉིས་ནང་གི་འགྱུར་ལྡོག་གསར་པ་ཞིག་རེད། སྐབས་དེར་ཁོ་ཚོས་ཅི་ཞིག་བཤད་ཀྱི་འདུག་ཟེར་ན། དང་ཐོག་ང་ཚོ་མང་པོ་ཞིག་མཉམ་དུ་ཡོང་རྒྱུའི་འཆར་གཞི་ཡོད་ཀྱང་། གཞུང་ཕྱོགས་ནས་བཀག་སྡོམ་བྱས་ཏེ་ཡོང་ཐུབ་མ་སོང་ཟེར་གྱི་འདུག གནས་སྟངས་དེར་བལྟས་ན། རྒྱ་ནག་ཏུ་ཡོད་པའི་རྒྱ་རིགས་མང་ཚོགས་ཀྱིས་༧གོང་ས་མཆོག་ལ་མཇལ་རྒྱུའི་འདོད་པ་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པ་གསལ་བོ་རེད། རྒྱ་རིགས་ཚོར་འབྲེལ་བ་ཞུ་ཕྱོགས་ཐད། ཉེ་ལམ་ནས་རྒྱ་རིགས་དང་འབྲེལ་བ་བྱ་རྒྱུར་བོད་གཞུང་གི་ངོས་ནས་རྒྱ་ཆེ་རུ་བཏང་ཡོད། དཔེར་ན། ཨ་རི་དང་ཨོ་སི་ཊོ་ལི་ཡ། ཡུ་རོབ་བཅས་སུ་རྒྱ་རིགས་དང་འབྲེལ་བ་བྱེད་མཁན་གྱི་ལས་བྱེད་ཟུར་དུ་བཙུགས་ཡོད། དེའི་སྐོར་བོད་གཞུང་ཕྱི་འབྲེལ་ལས་ཁུངས་སུ་བཀའ་འདྲི་ཞུས་ན་གསལ་པོ་ཤེས་ཀྱི་རེད།
བཅར་འདྲི་ཞུ་མཁན། དཔལ་ལྡན།
ཨོ་༌༌རིགས་བུ། སྐད་ཆ་དེ་ལྟར་བཤད་ན་གོ་བདེ་གི ཡིན་ནའང་། སྤྱི་ཚོགས་འདིས་གོ་རྒྱུ་ཅན་གྱི་སྐད་ཆ་གོ་མི་ཡ་་་་་
ཨ་མཆོད་འདི་ལ་དེ་སྔ་གཞན་ཞིག་གིས་འཕྲུལ་སྒྲ་ཞེས་བཏགས་འདུག
ངས་འདི་ལས་དེ་ཡག་པར་མཐོང་།
ང་ཚོས་འདི་ལྟར་བཤད་ཆོག་སྟེ། བུ་ཕྲུག་གི་ཁ་ལ་སོ་ཡག་པོ་ཞིག་མེད་ན་ཕ་མར་ལས་འདེད་བྱེད་མི་འོས་ཀྱང་། བུ་ཕྲུག་ལ་གསེར་དངུལ་གྱི་རྒྱན་ཆ་འདོགས་རྒྱུ་ཡོད་ན་ཕ་མའི་བཀའ་དྲིན་མ་ཡིན་པ་སུས་ཀྱང་བཤད་མི་ཐུབ་པ་ཞིག་རེད།
མདོར་དྲིལ་ནས་བཤད་ན། ང་ཚོ་བོད་མི་བརྒྱ་ཆ་དགུ་ཅུ་གོ་དགུས་སེམས་རྟིང་ནས་བརྩིས་པའི་ཏ་ལཱ་བླ་མ་འདི་དེང་སང་ཤར་ཕྱོགས་ལས་ནུབ་ཕྱོགས་དང་། བོད་མི་ཚོ་ལས་མི་རིགས་གཞན་གྱི་བློས་ཐུབ་གྲོགས་པོ་ཆགས་འདུག ང་ཚོས་དད་པ་ཁོག་ལ་བཅིང་ནས་འཁང་ར་བྱེད་མི་ཆོག་པ་ཅི་ལ་ཡོད། ལྟོས་དང་།
ནུབ་ཕྱོགས་གོ་སྐབས་རིག་ལུགས་པའི་པར་པ་ཞིག་ལ་ཏ་ལཱའི་བླ་མའི་སྐུ་པར་ལས་སླ་བོས་ལོན་ཐུབ་ཀྱི་ཡོད་ཀྱང་། བོད་མི་ཚོས་པར་ཆས་ཙམ་ཡང་ཁོང་གི་མདུན་དུ་འཁྱེར་ཕོད་ཀྱི་མེད་པས། ཁོང་གི་སྐུ་པར་གསར་པ་ཞིག་དགོས་ན་གཞན་ལག་ནས་ཉོ་དགོས་པ་ཡིན།
མདོར་ན་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་སྐད་གྲགས་ཡོད་མེད་ལ་མ་ལྟོས་པར་གོ་སྐབས་འཚོལ་མཁན་ཞིག་ཡིན་ན། ཏ་ལཱའི་བླ་མར་ཕྱག་གཏོང་ཐུབ་ཀྱི་ཡོད་ལ་མཇིང་པར་ལག་པ་འང་འཇོག་ཐུབ་ཀྱི་ཡོད། ད་དུང་ནུབ་ཕྱོགས་པ་ཞིག་གིས་བོད་ཀྱི་རི་སྣ་ཆུ་མཚོ་ཙམ་འགྲེམས་སྟོན་བྱས་ཀྱང་སྐུ་སྒེར་ཡིག་ཚང་ནས། ཁྱེད་ཀྱི་བྱས་རྗེས་སྐལ་བ་མ་འཇིག་པར་གནས་ཐུབ་ཚུལ་གྱི་འུར་སྟོད་དང་བཅས་ཏ་ལཱའི་བླ་མས་ཞེས། ༧གོང་ས་མཆོག་གི་མཚན་དང་ཐམ་ཕྲུག་ཅི་གསལ་གྱིས་བཀོད་དེ་འབུལ་གྱི་ཡོད།
དེ་མིན་བོད་མི་ག་གེ་མོ་ཞིག་གིས་ལྷག་བསམ་རྣམ་དག་གིས་འཇིག་ལ་ཉེ་བའི་བོད་མི་རིགས་ཀྱི་ཤི་གསོན་དང་འབྲེལ་བ་ཡོད་པའི་ལས་གཞི་ཞིག་སྤེལ་བར་རྒྱབ་གཉེར་བསླངས་ཚེ། ཡིག་ཆའི་ནང་། ཁོང་གིས་རེ་སྐུལ་ཞུས་དོན་ལྟར་མཚམས་སྦྱོར་ཞུས་པ་ལགས། ཞེས་མཇུག་ཏུ་སྐུ་སྒེར་ཡིག་ཚང་གི་ལས་བྱེད་ག་གེ་མོའི་མིང་རྟགས་ཤིག་བསྐྱོན་ནས་ང་ཚོའི་ཁ་ངོ་མི་ཟློག་ཙམ་བྱེད་ཀྱི་ཡོད།
བར་སྐབས་ཤིག་ནས་བོད་མི་ཚོར་མང་མཇལ་ཞུ་རྒྱུ་ལས་ཕྱི་རྒྱལ་གོ་སྐབས་རིང་ལུགས་པ་ཅན་ཚོར་ཟུར་མཇལ་སྤྲོད་རྒྱུ་མང་དུ་བཏང་ནས། ད་ལྟ་ཁོང་སྐུ་འཚོ་བཞུགས་ཡོད་མེད་ལ་མ་ལྟོས་པར་དད་པ་ལ་སླད་མེད་པའི་བོད་མི་དཀྱུས་མ་ཚོ་༧གོང་ས་མཆོག་གི་སྐུ་པར་གྱི་འགྲམ་དུ་སྙིང་གཏམ་བཤད་རྒྱུ་འགོ་བརྩམས་པར་གྱུར།
སྔར་་་་་་་་གཞུང་ཞབས་བྱས་རྗེས་ཅན་དང་སྐུ་དྲག་གི་དྲི་མ་བྲོ་བའི་མི་རེ་ཟུང་ལ་ཏ་ལཱའི་བླ་མས་ཤི་ཁར་ཞལ་ངོ་བསྟན་ཡོད། དེ་ནི་གཞུང་གི་ལས་གནས་སུ་ཡོད་པའི་མི་ག་གེ་མོ་དང་། སྐུ་སྒེར་ཡིག་ཚང་གི་དྲ་ཐག་འཐག་མཁན་ཚོ་དང་འབྲེལ་འདྲིས་ཆེ་བ་ཡོད་མཁན་ཚོས་ཚོང་ཁ་བཟང་ཕྱོགས་སུ་སྐོར་བས་རེད།
ཇི་ལྟར་བྱས་ནས་ཕྱི་རྒྱལ་པ་དང་བོད་མི་དག་གི་མ་རྩའི་བར་སྟོང་འདི་ཆ་སྙོམས་མ་གྱུར་བར། སྐུ་སྒེར་ཡིག་ཚང་གི་བོད་མིའི་མཇལ་ཁ་དེ་ཕྱིར་འགྱངས་དང་ཇེ་ཉུང་དུ་གཏོང་རྒྱུ་ཡིན་པ་ཐག་གིས་ཆོད། ད་དུང་ཁ་གསལ་ནས་བརྗོད་ན་བོད་མི་ལྔ་བརྒྱའི་འགོ་གཙོ་ཞིག་སྐུ་མདུན་ལ་མཇལ་ཁ་ཞུ་བ་ལས། བོད་དོན་དང་ཡང་ན་དོན་ཆེན་གང་ཡང་ཞུ་རྒྱུ་མེད་ཀྱང་། སྐུ་ཞབས་དང་ལས་དྲུང་གང་རུང་གི་གྲོགས་པོ་ཡིན་པ་ཙམ་གྱིས་མགོ་སེར་རིགས་ལ་ལས་སླ་བོས་མཇལ་ཁ་རེག་བདེ་བ་ཡོད། དེ་ནི་ཏ་ལྭའི་བླ་མའི་ལེ་ཁག་གཅིག་པོ་མ་ཡིན་པར། སྐུ་དབང་བགོ་བཤའ་རྒྱག་སའི་དྲུང་ཡིག་དེ་དག་ལ་སྒེར་གྱི་མ་རྩ་གསོག་འཇོག་ཡོང་ཐབས་ཀྱི་གནད་འགག་ཅིག་ཡིན་པ་བཤད་ག་ལ་དགོས། དེ་མིན་ལོ་ངོ་དུ་མའི་རིང་སྐྱབས་བཅོལ་ལས་བྱེད་ཅིག་གི་ཟླ་ཕོག་བཞེས་ནས་ནང་མི་གཟའ་རྙོག་སྐྱོང་མཁན་ཞིག་གིས།༼བསྟན་འཛིན་དགེ་བཤེས།༽ཁང་རྩེགས་གནམ་གྱི་ཀ་བ་ལྟ་བུ་བརྒྱབས་ནས་རྡ་ས་མརྒན་གྱི་ས་བདག་ཆགས་གྲུབ་བྱེད་ཀྱི་མི་འདུག་གམ།
དྲང་མོར་བཤད་ན། ང་ཚོས་འོ་མས་གསོས་པའི་གཅེས་ཕྲུག་འདི་རང་རེའི་བོད་ཡུལ་དང་ཁ་བྲལ་བ་མ་ཟད། དེང་སང་བོད་མི་ཚོ་དང་ཁ་འབྲལ་ཉེན་འདུག་པས།
ང་ཚོས་ངོས་པར་དུ་ཏ་ལཱའི་བླ་མར་དྲན་གསོ་གཏོང་འོས་པ་ཞིག་ནི།
བོད་མི་ཚོས་ཏ་ལཱའི་བླ་མའི་སྐུ་དབང་བརྩད་ནས་རང་སྲོག་རྒྱ་ལག་ཏུ་བཞག་མྱོང་ལ། བོད་མི་ཚོས་ཏ་ལཱའི་བླ་མའི་ཡོན་ཏན་བརྗོད་ནས་གླིང་བཞིར་སྐོར་བ་བྱས་མྱོང་བ་མ་ཟད། ་ བོད་མི་ཚོས་ཏ་ལཱའི་བླ་མའི་སྐུ་ཕྱྭ་སྲུང་ནས་དགུན་ཀྱི་གྲང་ངར་ཁྱད་གསོད་བྱས་མྱོང་ལ། ད་དུང་བོད་མི་ཚོས་ཏ་ལཱའི་བླ་མའི་ཞབས་བརྟན་སྐྱོར་ནས་མཚན་མོའི་གཉིད་ཀྱང་འཆག་མྱོང་།
ད་དུང་དེས་ག་ལ་ཚད། བོད་མི་ཚོས་ཏ་ལཱའི་བླ་མར་སྐུ་ཡོན་ཕུལ་མྱོང་ལ་བླ་ན་མེད་པའི་སྐུ་དབང་ཡང་ཕུལ་བ་རེད།
ཡང་གཅིག་བཤད་ན། ཏ་ལཱའི་བླ་མས་་་་་་བསམ་བཞིན་དུ་མ་ཡིན་ནའང་། ཁོང་གིས་བོད་མི་རེ་ཟུང་ཤི་བར་བསྔོ་བ་འདེམས་མྱོང་མེད་ཀྱང་། རྒྱ་རིགས་ཝང་ལི་ཞོན་ལ་བོད་མི་ཞེན་ཁོག་ཅན་འགའ་ཞིག་གིས། ལོ་རྒྱུས་ཀྱི་འཁོན་འཛིན་བཅིང་བར་ཐུགས་གསོའི་ཕྱག་འཕྲིན་དང་གསུང་འཕྲིན་སྐུར་བ་སོགས་གནམ་མགྱོགས་ས་གནོན་གྱི་རྒྱབ་སྐྱོར་གནང་མྱོང་བ་རེད། འདིས་ཅི་ཞིག་མཚོན་པ་རེད་ཟེར་ན། བཟང་ཕྱོགས་ནས་ཏ་ལྭའི་བླ་མའི་ཐུགས་རྒྱུད་གཞུང་དྲང་གི་རྣམ་པ་མཚོན་པ་གང་ཞིག་ལ། ལྡོག་ཕྱོགས་ནས་མི་རབས་མང་བོའི་རིང་སྙིང་ལ་རྨ་ཁ་ཐེབས་པའི་བོད་མི་རིགས་ཀྱི་སེམས་ཁམས་ལ་ཏ་ལྭའི་བླ་མས་ཆབ་སྲིད་ཀྱི་ཐོག་ནས་གུས་བཀུར་དང་བརྩི་འཇོག་མ་གནང་བའི་རྟགས་ཤིག་ཀྱང་རེད།
ངས་ཡང་ཡང་སེམས་ལ་དྲན་པ་ཞིག་ནི། ༧གོང་ས་མཆོག་གི་སྐུའི་འཚར་ལོང་ཁྲོད་པང་ལ་ཉར། ཞལ་ཏོག་བཀྱགས་ནས། མི་ཚེ་གང་བོར་ཅི་གསུང་བཀའ་བཞིན་བསྒྲུབས་པའི་བོད་མི་མང་བོ་ཞིག་ཤི་ཁར་རེ་བའི་མིག་གིས་ཅེར་རེ་ལྟ་བཞིན། ༧གོང་ས་མཆོག་ལ་བོད་རྒྱ་ལག་ནས་ལེན་རྒྱུའི་ཁ་ཆེམས་བཞག་མྱོང་བ་མ་ཟད། ད་ལྟ་སྐུ་འཚོ་བཞུགས་ཡིན་པའི་ཏ་ལྭའི་བླ་མ་ཁོང་གིས་ཀྱང་ཁས་ལེན་གནང་ཡོད་པས། ལོ་ངོ་ཁ་ཤས་ཞིག་ལས་མ་ཕྱིན་པར་ཤི་བོའི་ཁ་ཆེམས་འདི་ལྟར་བརྗེད་སོང་ན། ང་ཚོས་རང་གི་དབུ་འཁྲིད་ལ་ཆོས་ཕྱོགས་ནས་ཀྱང་དད་པ་བྱེད་བདེ་བ་ཞིག་ཨེ་འདུག
ཡང་གཅིག་བཤད་ན། མང་ཉུང་ལ་མ་ལྟོས་པར་ང་ཚོས་མི་ལོ་ལྔ་བཅུའི་རིང་གསོ་སྐྱོང་བྱས་པའི་བོད་མི་ཤེས་ཡོན་ཅན་དེ་ཚོ་ཚོར་མེད་དུ་བཞག་ནས། གཡོ་ལ་བྱང་བའི་རྒྱ་སྒྱུ་མ་མཁན་འདི་ཚོས་སྔ་ཕྱི་བར་གསུམ་དུ་ཏ་ལྭའི་བླ་མའི་སྐུ་དབང་བོད་དོན་དུ་བསྒྱུར་བར། ཏ་ལྭའི་བླ་མ་རང་ལ་དངོས་བརྒྱུད་ཅི་རིགས་ནས་མཇལ་ཏེ། དབང་ཆ་དང་འོས་ཐོབ་གཉིས་ཀ་མེད་པའི་བོད་ཀྱི་མ་འོངས་པའི་ཐག་གཅོད་དེ། ཆབ་སྲིད་ཀྱི་སློབ་སྟོན་མེད་པའི་ཏ་ལྭའི་བླ་མར་ནན་ཏན་ངང་སྐྱར་བཤད་ཡང་བཤད་གནང་འཇུག་གི་ཡོད། འདི་ལ་ང་རང་ཐེ་བས་བོད་མི་བསམ་ཤེས་ཅན་མང་བོས་ཁས་ལེན་གཏན་ནས་བྱེད་མི་སྲིད་ལ། གནས་ལུགས་ཀྱི་ཐོག་ནས་བོད་མི་ས་ཡ་དྲུག་གི་ཆབ་སྲིད་ཀྱི་བདག་དབང་དེ ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་ཐག་གཅོད་གནང་མི་ཆོག་པ་ཞིག་དང་འོས་འཚམས་ཀྱང་དེ་བས་མེད།
དེས་ན༧གོང་ས་མཆོག་གིས་རྒྱ་རིགས་ཕྱི་འབྲེལ་ཆབ་སྲིད་འབྲེལ་མཐུད་པ་དེ་ཚོར་བོད་རྒྱ་ཁོངས་སུ་འདུག་རྒྱུ་ཡིན་གསུངས་པ་ལས། བོད་རྒྱ་ཁོངས་སུ་འདུག་པར་ངས་བོད་མི་མང་ལ་གོ་སྐོན་བློ་འགུགས་བྱེད་ཀྱི་ཡིན་ཞེས་ཟེར་ན། ཉུང་མཐའ་ཡང་ང་ཚོ་བཙན་བྱོལ་བོད་མི་ཁ་ཤས་དང་། ཏ་ལྭའི་བླ་མར་དབང་ཆ་མེད་བཞིན་དུ་རྒྱལ་ཁབ་དང་མི་རིགས་འདི་བསམ་བཞིན་ཁེ་མེད་དུ་བཙོང་མི་དགོས་པ་རེད།
མདོར་བསྡུས་ན། བོད་མི་རིགས་ཀྱིས་མི་རབས་བཅུ་བཞིའི་རིང་ཡ་གའི་མཆོད་བཤམས་ནང་མར་ཁུས་མཆོད་པ་ཕུལ་བའི་བླ་མ་ལོ་རྒྱུས་ཅན་པོ་སྟེ། དུས་དེང་སང་བོད་མི་གང་མང་ཞིག་ཤི་ཁར་ཁོང་གི་པར་ཙམ་ཡང་མཐོང་ཐུབ་ཀྱི་མེད་ཀྱང་། ཅི་མི་སྙམ་པར་རྒྱ་མགོ་ཝང་ལི་ཞོན་གྱི་དྲ་གྲོགས་གསར་པ་ཞིག་ཏུ་གྱུར་པ་ནི། བོད་མིའི་དད་པ་ལ་བསླུ་བ་མེད་པས་ཁེངས་ར་བྱེད་མ་ཕོད་པ་རེད་མ་གཏོགས། བོད་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ཡིན་པའི་ཆེ་མཐོངས་དང་གདན་ཐོབ་དེ་ཁོང་གིས་སོར་གང་གིས་ཇེ་དམའ་རུ་བཏང་འདུག
ངས་ཀློག་མཁན་ཚོར་གསལ་བཤད་ཞུ་འདོད་བྱུང་། བསམ་ཚུལ་འདིའི་མདུན་རྒྱབ་གཉིས་ཀ་མཐོང་བའི་ཐོག་ནས་ལྟ་ཚུལ་བརྗེ་རེས་གནང་ན་དགའ་བསུ་ཡོད།
བསམ་ཚུལ་འདི་དུས་བབ་དྲ་ངོས་སུ༧གོང་མཆོག་གིས་ཝང་ལི་ཞོན་དང་དྲ་འབྲེལ་གནང་བར་འཁོད་པ་དེར་གཞིགས་ནས་བྲིས་པ་ཡིན།
རིགས་ཀྱི་བུ།་་པུར་མིང་བཀོལ་རོགས་ཞུ།
ཧོརགཙང་ལེགས་བཤད།
ཀརྨ་རྡོ་རྗེ་ལ་བྱུང་ཚོར་སྣང་དེ་ང་ལ་ཡང་བྱུང་སོང་། རྒྱ་ནག་ནང་གི་མི་དམངས་ཚོ་སྙིང་རེ་རྗེ།
ཅང་ཞི་ནས་ཡིན་པའི་སློབ་མ་ཞིག་གིས་ཁོང་གི་ཕ་ལགས་སུ། ངས་དེ་རིང་ཏཱ་ལའི་བླ་མ་དང་ཐད་ཀར་སྐད་ཆ་བཤད་ཀྱི་ཡོད་ཅེས་བཤད་སྐབས། ཁོང་གི་ཕ་ལགས་སེམས་འགུལ་ཐེབས་ཏེ་མིག་ཆུ་ཤོར་སོང་། ་་ཞེས་དང་།
་་། དེ་དག་ལས་ཕ་རེ་སི་སྒྱུ་རྩལ་སློབ་གླིང་གི་སློབ་ཕྲུག་ཅིག་གིས་རྒྱ་ནག་ཏུ་ཡོད་པའི་ཁོང་གི་ཕ་ལགས་སུ་ཁ་པར་བཏང་སྟེ། དེ་རིང་ངས་ཏཱ་ལའི་བླ་མར་ཐུག་གི་ཡོད་ཅེས་བཤད་སྐབས། ཁོང་གི་ཕ་ལགས་ཀྱིས་ཏཱ་ལའི་བླ་མར་མཇལ་སྐབས་དགོངས་དག་ལབ་རོགས། ང་སྔོན་མ་བོད་བཅིིངས་འགྲོལ་གཏོང་སྐབས། ཞིན་ཅང་ནས་རྟ་དམག་གིས་བོད་ལ་དམག་རྒྱག་མཁན་གྲས་ཡིན་ཞེས་དང་། ཡང་སློབ་ཕྲུག་ཁག་ཅིག་གིས་སེམས་ཚོར་ཆེན་པོས་༧གོང་ས་མཆོག་ལ། ང་ཚོའི་སློབ་མཐར་ཕྱིན་ཏེ་ཕྱིར་རྒྱ་ནག་ཏུ་ལོག་རྗེས་ལས་ཀ་ག་རེ་བྱ་དགོས་རེད་ཅེས་ལམ་སྟོན་ཞུ་མཁན་ཡང་འདུག ་་་འདིཀློག་དུས་ང་ཡང་མིག་ཆུ་འཁོར་བྱུང་། སྐུ་ཚེ་ཡུན་བརྟན་ཤོག །
རྒྱ་བོད་གཉིས་ཀྱི་སྤྱི་མོས་ཀྱི་དྲ་ལམ་ཞིག་བཟོ་ཐོབ་ན་ཡག་པོ་ཡོད་ས་རེད།
དྲུང་ཆེ་ཚེ་རྒྱམ་ལགས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན་
twitter འདི་ལ་བོད་ཚིག་ཏུ་ཁོ་བོས་ འཕྲུལ་འཕྲིན་ དུ་བཏག་པ་ལ་ལེགས་ཉེས་གང་འདྲ་འདུག དགོངས་ཚུལ་གསུང་རོགས།
ལས་གཞི་འདི་ཧ་ཅང་ཡག་པོ་རེད་ལ་འདི་གོང་འཕེལ་དང་དར་རྒྱས་ཡོང་བའི་སྨོན་འདུན་ཞུ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་གིས་ཀྱང་བྱ་བ་འདི་ཅན་པོ་ལས་
ཐུབ་ན་ཡག་པོ་ཡོད་ཀི ལས་གཞི་འདི་ཆུང་ཆུང་ཞིག་མ་རེད་ཡ། དྲྭ་གྲོགས་བསམ་བློ་བ་དག་གིས་འདི་ཕྱོགས་ལ་ལན་སྟོན་རེ་གནང་ཐུབ་ན་བཟང་གི
ལས་གཞི་འདི་ཧ་ཅང་གི་གཟི་བརྗིད་ལྡན་པ་ཞིག་རེད།
མུ་མཐུད་ཡར་རྒྱས་ཡོང་བའི་སྨོན་འདུན་ཞུ།
དྲུང་ཆེ་ཚེ་རྒྱམ་ལགས་ཞེ་དྲ་བཀའ་བསུ་ཞུ།
ཐུགས་རྗེ་ཆེ།