ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་གསུམ་པ་དེ་ལྷ་ས་རུ་ཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་བྱམས་པ་འཕྲིན་ལས་ཀྱིས་ ༢༠༡༡ ལོའི་ཟླ་ ༡ པོའི་ཚེས་ ༡ ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་ “འགན་ལེན་གསུམ”གྱི་སྲིད་བྱུས་ཟེར་བ་ཞིག་ལག་བསྟར་བྱ་དགོས་པའི་བཀོལ་ཁྱབ་བཏང་འདུག
འགན་ལེན་གསུམ་གྱི་ཤེས་ཡོན་སྲིད་ཇུས་དེ་ནི། སློབ་ན་མ་སོན་པའི་ཞིང་འབྲོག་མང་ཚོགས་ཀྱི་ཕྲུ་གུ་རྣམས་ལ་“སྐད་གཉིས”སློབ་གསོ་འཕེལ་རྒྱས་སུ་གཏོང་རྒྱུ་དང་། དེ་དག་གི་སློབ་གསོའི་མ་དངུལ་ལྗོངས་ནོར་སྲིད་ལས་ཁུངས་ཀྱི་འགན་སྲུང་ཁྱབ་ཁོངས་ནང་འཇོག་རྒྱུ་ཡིན་ཚུལ། གཞུང་བཙུགས་བྱིས་སྐྱོང་ཁང་དང་སློབ་གསོའི་གཙོ་གཉེར་དོ་དམ་སྡེ་ཚན་གྱི་བྱིས་སྐྱོང་ཁང། དམངས་བཙུགས་བྱིས་སྐྱོང་ཁང་བཅས་སུ་ཡོད་པའི་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་ཁ་གསབ་རོགས་དངུལ་སྤྲོད་རྒྱུ། གཞན། སློབ་གྲྭར་འགྲོ་བཞིན་པའི་བྱིས་པར་འགན་ལེན་གསུམ་གྱི་སྲིད་ཇུས་རྒྱ་ཆེ་རུ་གཏོང་བ་དང་མཉམ་དུ་མཐོ་རིམ་སློབ་འབྲིང་དང་འབྲིང་རིམ་ལས་རིགས་སློབ་གྲྭ སྲིད་འཛིན་གཙོ་གཉེར་སྡེ་ཚན་གྱི་མཐོ་རིམ་སློབ་འབྲིང་སོགས་ཀྱང་འགན་ལེན་གསུམ་གྱི་སྲིད་ཇུས་ལག་བསྟར་བྱེད་པའི་ཁྱབ་ཁོངས་སུ་འཇོག་དགོས། ཞེས་བརྗོད་འདུག
སྤྱིར་རྒྱ་ནག་གི་འགན་ལེན་གསུམ་གྱི་སྲིད་ཇུས་ཟེར་བ་འདི་ ༡༩༨༥ ལོ་ནས་དངོས་སུ་ལག་བསྟར་བྱས་མགོ་ཚུགས་པ་ཞིག་ཡིན་ཞིང་། ད་ལྟའི་བར་རྒྱ་ནག་ནང་ཁུལ་དང་ལྷག་པར་དུ་གྲངས་ཉུང་མི་རིགས་ས་ཁུལ་དུ་ལག་བསྟར་བྱས་ཏེ་གྲུབ་འབྲས་གང་འཚམ་ཐོན་རྗེས། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་མཐུན་ཚུལ་བཤད་དེ། ད་ཆར་བོད་ཁུལ་དུ་ལག་ལེན་བསྟར་མགོ་བརྩམས་ཟིན་ཡོད་འདུག
གསར་འགོད་པ། དོན་གོ
བོད་དབྱིན་རྒྱ་གསུམ་སྐད་ཡིག་དག གཙོ་ཕལ་དབྱེ་བ་མ་ནོར་གལ།
ཚན་རིག་ལག་རྩལ་ལ་སོགས་ཀྱང། ཧ་ཅང་མཁོ་བ་ཤེས་པར་བྱ།