བོད་པའི་མ་འོངས་པའི་དབུ་ཁྲིད་དག་གིས་ཀྱང་རྒྱལ་གཅེས་པ་དག་གིས་བཞུད་ལམ་ལ་ལྟོས་ཏེ་མི་རིགས་རང་ལུགས་ཀྱི་ལྟ་བ་དང་རྒྱལ་ཞེན་ཡོད་པའི་ཐོག་ནས་བོད་དོན་འཐབ་རྩོད་ལ་བློས་གཏོང་བྱ་རྒྱུ་གལ་ཆེན་པོ་རེད་ཟེར།
ཁ་སང་ཕྱི་ཚེས་ ༡༩ ཉིན་གྱི་ཕྱི་དྲོ་ངྷ་ས་ཉིན་སློབ་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག འབྱུང་འགྱུར་གྱི་འོས་བསྡུ་ཆེན་མོ་དང་འབྲེལ་ཏེ། ༼རྒྱལ་ཞེན་དང་འགན་འཁུར། གོ་སྐབས༽ ཞེས་པའི་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། བགྲོ་གླེང་གི་གཏམ་བཤད་པར་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང་ན་རྩོམ་པ་པོ་བྱ་དོར་ཕུན་ཚོགས་དབང་ཕྱུགས་ལགས། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུགས་ལགས་བཅས་གདན་ཞུ་གནང་འདུག
བགྲོ་གླེང་གི་ཐོག་མར་གཞོན་ནུའི་ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱིས། ང་ཚོས་འདི་ལྟ་བུའི་བགྲོ་གླེང་ཞིག་གོ་སྒྲིག་གནང་དོན་ནི། མི་མང་གི་ངོས་ནས་བཙན་བྱོལ་བོད་མིའི་འབྱུང་འགྱུར་ལོ་ལྔའི་དབུ་ཁྲིད་འཕོ་འགྱུར་གྱི་དུས་སྐབས་འདིའི་ནང་རང་གི་རྒྱལ་ཁབ་དང་མི་རིགས་ལ་འགན་འཁུར་བའི་ཐོག་ནས་གདམ་ཀ་མ་ནོར་བ་ཞིག་དང་། སྔར་ལས་ལྷག་པའི་ཆིག་སྒྲིལ་གྱི་ནུས་པ་འདོན་རྒྱུ་གལ་ཆེན་ཡིན་པའི་དྲན་སྐུལ་བྱེད་ཀྱི་ཡོད། ཅེས་ཐེངས་འདིའི་བགྲོ་གླེང་གི་དམིགས་ཡུལ་ངོ་སྤྲོད་གནང་རྗེས། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུགས་ལགས་ཀྱིས་༼ འོས་བསྡུའི་གོ་སྐབས་དང་དེ་འབྲེལ་གསར་འགོད་པའི་འགན་འཁུར༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། གསར་ཤོག་དང་རླུང་འཕྲིན་སོགས་བརྒྱུད་ལམ་གང་འདྲ་ཞིག་ཡིན་ཡང་། གཙོ་བོ་མི་མང་གིས་དོ་སྣང་དང་སྟངས་འཛིན་བྱེད་མིན་ལ་རག་ལས་ཡོད་པ་རེད། གལ་སྲིད། མི་མང་གིས་དོ་སྣང་ཆ་འཇོག་མེད་པ་ཡིན་ན་གནས་ཚུལ་མཐའ་དག་ལ་རིན་ཐང་མེད་པ་ལྟ་བུ་ཆགས་འགྲོ་བཞིན་ཡོད་སྟབས། དེ་དག་མི་མང་གིས་མཁྱེན་དགོས་པ་ཞིག་རེད།
ང་ཚོ་བཙན་བྱོལ་ནང་ལ་མཚོན་ན་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བརྒྱུད་ལམ་ཁག་དང་མི་མང་ལ་སྨྲ་བརྗོད་དང་འཚོལ་བསྡུ། འགྲེལ་བརྗོད་སོགས་ཀྱི་རང་དབང་ཡོད་ཅེས་གསལ་ཡོད་ཀྱང་རང་ཉིད་ཀྱི་གཏམ་བརྗོད་དང་རྩོམ་ཡིག་སོགས་ལ་རང་ངོས་ནས་འགན་འཁུར་རྒྱུ་དེ་གལ་ཆེན་ཆགས་ཡོད། དེ་བཞིན་འོས་བསྡུ་ལ་མཚོན་ནའང་། གཙོ་བོ་མི་མང་རང་ངོས་ནས་འགན་འཁུར་བ་དང་མཉམ་དུ་གསར་འགོད་པས་འགན་འཁུར་དགོས། གསར་འགོད་པས་འགན་འཁུར་གཙོ་བོ་མི་མང་ལ་གནས་ཚུལ་དྲང་པོ་དྲང་བཞག་དང་ཕྱོགས་ལྷུང་མེད་པ། བློ་གཟུར་བོ་གནས་པའི་སྒོ་ནས་གནས་ཚུལ་སྤེལ་རྒྱུ་དེ་ཡིན་སྟབས། འོས་བསྡུའི་བརྒྱུད་རིམ་ནང་དུ་འང་གསར་འགོད་པས་གཞུང་དང་མི་མང་བར་གྱི་གནས་ཚུལ་བརྒྱུད་སྒྲོག་དང་ནོར་འཁྲུལ་ཐེར་འདོན། དེ་བཞིན་སྤྱི་ཚོགས་ཀྱི་དཀའ་ངལ་གསལ་འདོན་སོགས་ཀྱི་ནུས་པ་འདོན་པའི་འགན་འཁྲི་ཡོད། ཅེས་བརྗོད་བྱུང་།
བྱ་དོར་ཕུན་ཚོགས་དབང་ཕྱུགས་ལགས་ཀྱིས་༼ འཐབ་རྩོད་ཀྱི་དབུ་ཁྲིད་ལ་རྒྱལ་ཞེན་དང་མི་རིགས་རིང་ལུགས་ཀྱི་གལ་གནད༽ ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་དོན། མི་རིགས་རང་ལུགས་ཀྱི་ཐ་སྙད་དེ་ཆབ་སྲིད་ཀྱི་ཐ་སྙད་ཞིག་ཡིན་ཞིང་། ཐ་སྙད་དེ་བེད་སྤྱོད་བྱེད་སྐབས་འཐབ་རྩོད་དང་འཁོན་འཛིན། འགན་ལོག་བཅས་ཀྱི་རྣམ་པ་ཡོད་པའི་ཚོར་སྣང་ཡོང་གི་ཡོད་པ་རེད། མི་རིགས་རིང་ལུགས་དང་རྒྱལ་ཞེན་གཉིས་དོན་གྱི་ངོ་བོ་འདྲ་ཡང་ཚིག་གི་ཚོར་སྣང་དང་གནད་འགག་གི་ཐད་ནས་ཁྱད་པར་ཆེན་པོ་ཞིག་ཡོད། རྒྱལ་ཞེན་ཞེས་པ་དེ་སྤྱིར་བཏང་གི་ཚིག་གཅིག་ཆགས་ཡོད་ཅིང་། མི་རིགས་རིང་ལུགས་ཞེས་པ་དེས་ལྟ་གྲུབ་ཅིག་བཤད་ཀྱི་ཡོད་པ་རེད། དེ་ཡང་ལྟ་བ་དེ་ཐོག་མར་དབྱིན་ཇིའི་བཟོ་ལས་གསར་བརྗེའི་སྐབས་སུ་འབྱོར་ལྡན་དང་འབྱོར་མེད་གྲལ་རིམ་གཉིས་ཀྱི་འགལ་ཟླའི་བར་ནས་བྱུང་བ་དང་། ཕྱིས་སུ་མི་རིགས་ཁེ་ཕན་འཐབ་རྩོད་ཀྱི་མ་ལག་ཆ་ཚང་བ་ཞིག་ཏུ་གྱུར་བ་རེད།
བོད་ལ་མཚོན་ནའང་ལོ་རྒྱུས་དྲན་གསོ་འམ་སྤོབས་པ་བྱེད་ཡུལ་དེ་བཙན་པོའི་རྒྱལ་རབས་ཆགས་ཡོད་པ་དང་། སྐབས་དེའི་བོད་རྒྱལ་སྲོང་བཙན་སྒམ་པོ་ཁོང་ཉིད་ལ་གྲུབ་འབྲས་དང་སྤོབས་པ། རྒྱལ་ཞེན་དེ་འདྲ་ཞིག་ཡོང་བ་དེ་ཡང་མི་རིགས་རང་ལུགས་ཀྱི་བསམ་བློའི་རྨང་གཞི་ཡོད་པའི་དབང་གིས་བྱུང་བ་ཞིག་རེད། ནུབ་ཕྱོགས་པ་དང་སོག་པོའི་མི་རིགས་རིང་ལུགས་ཀྱི་ལྟ་བ་དང་། ལྷག་པར་དུ་འདས་པའི་རྒྱ་ནག་དམར་ཤོག་གི་མི་རིགས་རང་ལུགས་པ་དང་ནུབ་ཕྱོགས་ཀྱི་མི་རིགས་རིང་ལུགས་ཀྱི་དབུ་ཁྲིད་དག་གིས་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་ལ་བླ་མེད་ཀྱི་བྱས་རྗེས་བཞག་ཡོད་པ་ལྟར། མ་འོངས་པར་ང་ཚོ་བོད་པའི་དབུ་ཁྲིད་དག་གིས་ཀྱང་ད་བར་མི་རིགས་ཀྱི་འཐབ་རྩོད་ལ་བློས་གཏོང་བྱས་པའི་རྒྱལ་གཅེས་པ་དག་གི་བཞུད་ལམ་ལ་ཕྱིར་དྲན་བྱས་ཏེ། མི་རིགས་ཀྱི་བདེན་དོན་རྩོད་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་བྱུང་།
མཇུག་ཏུ་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་༼ བཀའ་ཁྲིའི་འོས་མིའི་འགན་འཁུར་དང་ཁྲིམས་ལུགས་ཀྱི་ཆ་རྐྱེན་འོག་འོས་ཤོག་རྩིས་མེད་འགྲོ་སྟངས༽ ང་ཚོ་བཙན་བྱོལ་དུ་བསྡད་དེ་འོས་བསྡུ་བྱ་དགོས་དོན་དེ་ནི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཆགས་ཡོད་པ་ཚང་མས་མཁྱེན་དགོས་པ་རེད། འོས་བསྡུ་དང་དམངས་གཙོ། འཛིན་སྐྱོང་སོགས་ཉིན་རེའི་ལས་དོན་དག་གལ་ཆེན་པོ་ཆགས་ཡོད་ནའང་། དེ་ལས་ཀྱང་གལ་ཆེ་བ་དེ་བོད་ཀྱི་བདེན་མཐའ་གསལ་རྒྱུ་དེ་ཡིན། བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་གཞི་སུ་ཡིན་ཡང་རང་ཉིད་ཀྱིས་ཐག་གཅོད་བྱ་དགོས་ཤིང་། བཀའ་ཁྲིར་དང་བླངས་བྱས་པའི་སྒྲིག་གཞི་མེད་ཀྱང་། སྤྱི་འཐུས་འོས་མིར་བཞེངས་འདོད་ཡོད་མཁན་ཚོས་ཚོགས་པ་སྐྱིད་སྡུག་ཅིག་གིས་མིང་འདོན་བྱ་རྒྱུག་བསྒུག་འདུག་རྒྱུ་མ་ཡིན་པར། སོ་སོས་དང་བླངས་བྱ་རྒྱུ་གལ་ཆེན་པོ་རེད། སྔོན་འགྲོའི་འོས་གཞིའི་ནང་བསླེབས་རྗེས་ས་གནས་མི་མང་ལ་ལངས་འདོད་ཡོད་མེད་སོ་སོའི་ངོས་ནས་བརྡ་ལན་གསལ་བོར་སྤྲོད་དགོས་པ་རེད། ཅེས་དང་།
ཁོང་མོས་མུ་མཐུད་དོན། ཐེངས་འདིའི་བཀའ་བློན་ཁྲི་པའི་འོས་བསྡུ་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ནང་། གཞུང་ཞབས་ཀྱི་ལས་བྱེད་གྲས་སུ་ཡོད་མཁན་བཀའ་ཁྲིའི་འོས་གཞི་ནང་བཞེངས་པ་ཡིན་ན། དགོངས་པ་ཞུ་དགོས་པའི་གནས་ཚུལ་དེ་འདྲ་གོ་བྱུང་། སྤྱིར་བཏང་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ནང་གཞུང་ཞབས་ལས་བྱེད་བཀའ་ཁྲིའི་འོས་གཞིར་ལངས་ན་གཞུང་ཞབས་ལས་དགོངས་པ་ཞུ་དགོས་པའི་སྐོར་གསལ་མེད་པ་རེད། སྤྱི་འཐུས་ཀྱི་སྒྲིག་གཞིའི་ནང་གཞུང་གི་ཁེ་ཡོད་ལས་བྱེད་མ་ཡིན་པ་ཞེས་གསལ་ཡོད་སྟབས། འོས་གཞི་སོ་སོས་རང་ངོས་ནས་བསམ་བློ་བཏང་སྟེ་ཐག་གཅོད་དང་མང་གཙོའི་འགྲོ་ལུགས་ལྟར་འགྲོ་རྒྱུ་གལ་ཆེན་པོ་རེད། ཅེས་དང་། མ་འོངས་པར་འོས་གཞིར་རྒྱབ་སྐྱོར་གནང་མཁན་ཚོས་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ལ་གཟིགས་ཏེ་རྒྱབ་སྐྱོར་གནང་རྒྱུ་དང་། མི་མང་གི་ངོས་ནས་དངོས་གཞིའི་འོས་བསྡུའི་ཁྲོད་རང་ཉིད་ཀྱི་རྒྱལ་ཁབ་དང་མི་མང་གི་འགན་འཁུར་བླངས་ཏེ། སྒྲིག་གཞི་དང་མ་འགལ་བའི་ཐོག་ནས་རང་ཉིད་ཀྱི་ཐོབ་ཐང་ལོངས་སྦྱོད་བྱ་དགོས་པ་རེད། ཅེས་འབོད་སྐུལ་གནང་བྱུང་།
རྩོམ་པ་པོ་བྱ་དོར་ཕུན་ཚོགས་དབང་ཕྱུགས་ལགས་ཀྱིས་བཀའ་མོལ་གནད་དགག་ཆེན་པོ་ཞིག་གསུང་འདུག
༧ཀུན་གཟིགས་པན་ཆེན་རིན་པོ་མཆོག་གིས
་
རང་མི་རིགས་ལ་ལ་རྒྱ་དང་རང་མི་རིགས་ལ་མཐུན་འབྲེལ་་རང་མི་རིགས་འདི་ཡག་པོ་ཡོང་བའི་ཆེད་དུ་ཕྱོགས་གང་སྤྱིའི་ཐད་ནས་ངར་སེམས་བསྐྱེད་དགོས་ཞེས་གསུང་སོང་ངོ།
ཆབ་སྲིད་ཀྱི་ལྟ་གྲུབ་དང་། མི་རིགས་རང་ལུགས་ཀྱི་ལྟ་གྲུབ་ནི་མཐོ་དམའ་དང་། ཆེ་ཆུང་། ཆོས་རྒྱུད་བཅས་ཀྱི་དབྱེ་བ་མེད་པར་སྤེལ་དགོས།
མི་རིགས་ཙམ་གྱི་ལྟ་བ་ལས། རྒྱལ་ཞེན་ལྟ་བ་རྒྱ་ཆེ་ལ།
ཆབ་སྲིད་དོན་སྙིང་ལྷག་པར་ཆེ། དེ་གཉིས་གཅིག་ཏུ་བཞེད་པ་འགལ།
རྒྱལ་ཞེན་ཡོད་ན་མི་རིགས་དོན་གྱིས་ཡོད། རིགས་ཞེན་ཙམ་ལ་རྒྱལ་ཁབ་གོ་དོན་མེད།
འོན་ཀྱང་དེང་གི་དགོས་མཁོའི་དབང་བྱས་ན། མི་རིགས་ལྟ་བ་ཙམ་ཡང་རིན་ཐང་ཆེ།