བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༥༠༧ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།
རྒྱ་ནག་གིས་ཕྱི་རྒྱལ་གྱི་བོད་མི་ཚང་མ་ཕྱིར་ལོག་ཤོག་ཟེར། འབྱུང་འགྱུར་གྱི་ལོ་ལྔ་ནས་བཅུའི་ནང་ཚུན་ལ་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཚང་མ་ཕྱིར་རང་རྒྱལ་དུ་ལེན་ཐུབ་པ་བྱ་རྒྱུ་ཡིན་ལ། ཁོང་ཚོའི་ཆེད་དུ་རྒན་པ་ཚོར་རྒས་གསོ་ཁང་དང་གཞོན་པ་ཚོར་སློབ་གྲྭ དར་མ་ཚོར་ལས་ཀ དེ་མིན་ཚང་མར་ཟླ་ཕོགས་སྤྲད་དེ་རང་དོན་རང་གཅེས་དང་། རང་མིར་རང་བདག་བྱས་ཏེ། རྒྱལ་སྤྱིའི་མི་མང་ཀྲུང་གོ་ལ་དགའ་བ་དང་། རྒྱལ་ཡོངས་མི་མང་གུང་ཁྲིན་ཏང་ལ་དགའ་བ་བྱ་རྒྱུ་ཡིན་ཟེར།
ཉེ་བའི་ལོ་འགའི་གོང་ནས་རྒྱ་གཞུང་གིས་ལྷ་ས་གཙོས་པའི་བོད་ནང་གི་ས་གནས་ཁག་ཏུ་སྣེ་ལེན་ཁང་བཙུགས་ཡོད་འདུག་ལ། སྣེ་ལེན་ཁང་དེ་དག་གི་ཞབས་ཞུའི་རྣམ་འགྱུར་ལེགས་ཤིང་འཚོ་བའི་མཐུན་རྐྱེན་ཧ་ཅང་བཟང་བ་མ་ཟད། ཞིང་ཆེན་དང་ཁུལ་རིམ་པ། རྫོང་སོ་སོ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཁག་གིས་ཀྱང་རྒྱ་གར་ནས་ཕེབས་མཁན་ཚོར་ཧ་ཅང་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱེད་ཅིང་། ཁ་ཡག་ཚིག་འཇམ་གྱིས་སློབ་གསོ་རྒྱག་པ། བྱ་བའི་ལས་དོན་ལ་རོགས་རམ་བྱེད་པ། ཐ་ན་དཔལ་འབྱོར་དཀའ་ངལ་ཅན་ཚོར་དངུལ་ཕྲན་བུ་རེ་ཡང་སྤྲོད་ཀྱི་ཡོད་ཚོད་འདུག འདི་ནི་རྒྱ་ནག་གི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་གཞི་དང་ནུབ་རྒྱུད་ཐོན་སྐྱེད་ཆེན་མོའི་སྲིད་བྱུས་ཀྱི་གསང་བའི་ལས་འཆར་གལ་ཆེན་ཞིག་རེད་ལ། བཙན་བྱོལ་བོད་གཞུང་གཙོས་པའི་ཕྱི་ལོགས་ཀྱི་བོད་མིའི་སྒྲིག་འཛུགས་ཁག་ཁ་ཐོར་ཡི་གཏོར་དུ་གཏོང་རྒྱུའི་འཆར་གཞི་གཏིང་ནག་ཅིག་ཀྱང་ཡིན།
ལོ་འདི་འགར་ཚུར་རྒྱ་གར་ལ་ཡོང་མཁན་ལས་ཕར་བོད་ནང་ལ་ལོག་མཁན་མང་ཞིང་། བདུན་ཕྲག་རེའི་གཟའ་མིག་དམར་དང་ཕུར་བུ་གཉིས་ལ་ལྡི་ལི་རྒྱ་ནག་གཞུང་ཚབ་ཀྱི་སྒོ་མདུན་ན་མགོ་སྒུར་སྒུར་དང་ངག་འདར་འདར་གྱིས་རྒྱ་ནག་ལ་ཐོངས་མཆན་ཞུ་མཁན་བོད་པ་ཚོའི་བང་རིམ་ན་ནིང་ལས་ད་ལོ་རིང་རབས་ཐོས་ལ། བལ་ཡུལ་སྣེ་ལེན་ཁང་དུ་གསར་འབྱོར་གྱིས་ཕོངས་ཤིང་། ངྷ་ས་དབུས་སྣེ་ལེན་ཁང་གི་ལས་བྱེད་ཚོ་ཡང་ཧ་ལམ་ཁོམ་བསྡད་ཡོད་རབས་བཤད། དེ་བཞིན། བཙན་བྱོལ་གྱི་སློབ་གྲྭ་ཁག་མང་པོ་ཞིག་སློབ་མས་སྟོང་སྟེ་སྒོ་རྒྱག་དགོས་བྱུང་ཡོད་ལ། གྲྭ་ས་ཁག་ཏུ་གྲྭ་རྒྱུན་གྱིས་སྟོང་སྲིད་པའི་སེམས་འཚབ་ཡོང་གི་ཡོད།
ལྷག་པར་དུ་ས་བྱི་ཞི་རྒྱལ་ཆེན་མོའི་རྗེས་ནས་རྒྱ་ནག་གིས་བོད་ཀྱི་གནད་དོན་ལ་བསམ་གཞིག་གསར་པ་བྱས་ཤིང་ལས་གཞི་གསར་པ་བཏིང་སྟེ། ཕྱི་སྐྱོད་ལག་འཁྱེར་ཇེ་ཉུང་དང་ས་མཚམས་གཏན་སྲུང་ཇེ་དམ་དུ་བཏང་སྟེ། ནང་མི་ཕྱི་ལ་ཤོར་དཀའ་བ་དང་ཕྱི་མི་ནང་ལ་ལོག་སླ་བའི་སྲིད་བྱུས་བཏིང་ཡོད། ཕྱི་ལོགས་ཀྱི་བོད་མི་ཚང་མ་གཅིག་གཅིག་གཉིས་གཉིས་བྱས་ཏེ། རྒྱ་རྙི་འདི་ལས་ཐར་ཐབས་མེད་པའི་ཧམ་སེམས་བཟུང་ཡོད་སྟབས། འདི་ལ་ངྷ་རམ་ས་ལའི་གཞུང་གིས་ཀྱང་། ཆུ་མ་ཤོར་གོང་གི་རགས་ཞེས་པའི་དཔེ་ལྟར་གྲ་སྒྲིག་ཨང་གསར་ཅིག་མེད་ན། ད་ཆར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་སྲ་བརྟན་ཡོང་གི་མེད་པ་དང་མི་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་ཉེན་ཁ་སྔར་ལས་ཆེ་རུ་འགྲོ་ངེས་ལ། ལྷག་པར་དུ་ “རྒྱ་མིའི་མྱུལ་མ”ཟེར་བ་འི་ཁ་གཡང་འདི་རིགས་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་ཁ་དར་ཏེ་ཛ་དྲག་གི་ངོ་བོར་འགྱུར་མི་སྲིད་པའི་ངེས་མེད།