མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འོས་མི་གསུམ་ལ་དྲི་བ་དྲིས་ལན་གྱི་སྙིང་དོན།

བོད་ཀྱི་དུས་བབ།
༢༠༡༡/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp







ཕྱི་ཚེས་ ༢ ཉིན་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་ལས་རིམ་ཐོག བཀའ་ཤག་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་མི་གསུམ་སྟེ། ཁྲིམས་ལུགས་ཆེད་མཁས་པ་བློ་བཟང་སེང་གེ་ལགས་དང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་བཅས་ལ་དྲི་བ་དྲིས་ལན་གནང་བ་ཁག་བསྡུ་སྒྲིག་བྱས་ཡོད།

ཐེངས་འདིའི་དྲི་བ་དྲིས་ལན་དེ་རིམ་པ་ ༣ དུ་བགོས་ཡོད་པ་དང་། སྐོར་ཐེངས་དང་པོར་འོས་མི་གཅིག་གི་དྲིས་ལན་ལ། འོས་མི་གཞན་གཉིས་རེ་རེ་ཡིས་བཀའ་ཤག་གི་ཚབ་བྱས་ཏེ་ལན་འདེབས་གནང་བ། སྐོར་ཐེངས་གཉིས་པར་འོས་མི་གཅིག་གིས་དྲི་བར་ལན་འདེབས་དང་། འོས་མི་གཞན་གཉིས་ཀྱིས་དྲིས་ལན་དེའི་ཐོག་དགོངས་ཚུལ་གསུངས་པ། སྐོར་ཐེངས་གསུམ་པར་དྲི་བ་གཅིག་ལ་འོས་མི་གསུམ་ཆ་ནས་ལན་འདེབས་གནང་བ། སྐོར་ཐེངས་བཞི་བར་མང་ཚོགས་ལ་དྲི་བ་བསྡུས་ཏེ་འོས་མི་གསུམ་རེ་རེ་ཡིས་ལན་འདེབས་གནང་བ་བཅས་རེད།  

སྐོར་ཐེངས་དང་པོ། འོས་མི་གཅིག་གི་དྲིས་ལན་ལ་འོས་མི་གཞན་གཉིས་ཀྱིས་བཀའ་ཤག་གི་ལན་འདེབས་གནང་བ།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་དྲི་བ། སྐུ་ཉིད་ཀྱིས་སྔོན་མ་བགྲོ་གླེང་ཁག་ཏུ་བོད་རྒྱའི་འབྲེལ་མོལ་ལ་ད་བར་གྲུབ་འབྲས་སོན་མེད་སྟབས།མ་འོངས་པར་དགོངས་པ་གསར་པ་བཞེས་དགོས་སྐོར་གསུངས་འདུགགལ་སྲིད་སྐུ་ཉིད་བཀའ་ཁྲིར་ཕེབས་པ་ཡིན་ན་དགོངས་གཞི་གསར་པ་ག་རེ་གནང་འཆར་ཡོད་དམ།

ལན། རྒྱ་ནག་གི་དབུ་ཁྲིད་ཚོ་དང་མི་མང་ལ་བོད་ཀྱི་གནད་དོན་ཐོག་བསྐྱར་དུ་ར་སྤྲོད་ཆེན་པོ་ཞིག་བྱ་རྒྱུའི་དུས་སུ་བསླེབས་འདུག་བསམ་གྱི་ཡོད། ལྔ་བཅུ་ང་གྲངས་ནས་བོད་པར་རྒྱ་མིས་ཁྲིམས་འགལ་ཐོག་བཙན་འཛུལ་བྱས་ཏེ་དགོན་སྡེ་ཁག་རྩ་མེད་དང་།བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་བ་སོགས་འགྲེལ་བཤད་གསལ་པོ་བརྒྱབ་སྟེ། ཁོང་ཅག་ལ་བོད་དོན་ཐད་ར་སྤྲོད་གསལ་པོ་བྱུང་བ་ཡིན་ན།དྲན་གསོ་དེ་དང་འབྲེལ་ཏེ་རྒྱ་ནག་གི་དཔོན་རིགས་དང་མཁས་པ་ཚོས་བོད་ཀྱི་གནད་དོན་ཐོག་གུ་ཡངས་དགོས་པའི་ཚོར་བ་ཡོང་གི་རེད། དེ་མིན། དེང་སྐབས་རྒྱ་གཞུང་གིས་ག་དུས་ཡིན་རུང་བོད་དོན་ཐོག་འཕྲལ་སེལ་གྱི་གུ་བཤངས་དང་། བོད་ཀྱི་ ཕུགས་རྒྱང་རིང་པོའི་རྩ་དོན་ཐོག་བསམ་ཤེས་མེད་པའི་ཚོར་བ་ཞིག་འདུགདེའི་སྟབས་ཀྱིས་ང་ཚོས་འདས་པའི་ལོ་རྒྱུས་དེ་ཁུངས་དག་པོ་ཞིག་གི་ཐོག་ནས་ར་སྤྲོད་ཅིག་བྱ་དགོས་ཀྱི་འདུག  

བློ་བཟང་སེང་གེ་ལགས་ཀྱི་བཀའ་ཤག་གི་ལན་འདེབས། རྩ་དོན་རྩོད་རྒྱུ་དེ་རྒྱལ་སྤྱིའི་ཁོར་ཡུག་དང་སྐབས་དང་དུས་ལ་བསྟུན་རྒྱུ་གལ་ཆེན་པོ་རེད།བོད་རྒྱ་ཞི་མོལ་འགག་བསྡད་པ་དེ་རྒྱ་ནག་གཞུང་དང་མགོ་ཁྲིད་ཚོས་བོད་དོན་ཐོག་ཐག་མ་ཆོད་པར། སྲིད་བྱུས་གསར་པ་གང་འདྲ་ཞིག་འཛིན་དགོས་མ་ཤེས་པས་འགག་བསྡད་པ་ཞིག་རེད།རྒྱལ་སྤྱི་དང་།ཨེ་ཤ་ཡའི་ནང་། ལྷག་པར་དུ་རྒྱ་ནག་ཏུ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བ་ཡིན་ན།གོ་སྐབས་བཟུང་སྟེ་ཐབས་ལམ་གསར་པ་ཞིག་བརྙེད་ཐུབ་པའི་རེ་བ་ཡོད།ཨེ་ཤ་ཡའི་ནང་ ༢༠༡༡ནས་༢༠༢༡ བར་གྱི་ལོ་བཅུའི་རིང་ཨེ་ཤ་ཡའི་མངའ་ཁུལ་ལ་འགྱུར་ལྡོག་འགྲོ་སྲིད་པ་རེད། སྐབས་དེར་གོ་སྐབས་དམ་འཛིན་བྱ་རྒྱུ་གལ་ཆེན་པོ་རེད།  

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ཤག་གི་ལན་འདེབས། བོད་རྒྱ་ཞི་མོལ་ཐོག་བཀའ་ཤག་གིས་ད་བར་ཐབས་ཤེས་གང་གནང་དགོས་པ་དེ་གནང་ཡོད། འོན་ཀྱང་བོད་ཀྱི་དཀའ་རྙོག་སེལ་ཐུབ་ཡོད་མ་རེད།དེ་ལ་རྒྱུ་མཚན་མང་པོ་ཞིག་ཡོད། ངས་མདོ་བསྡུས་ཤིག་ཞུས་ན། ད་ལྟའི་རྒྱ་ནག་གི་མགོ་ཁྲིད་ཚོར་ཐག་གཅོད་བྱེད་པའི་ཆབ་སྲིད་ཀྱི་ཆོད་སེམས་མེད་པས་རེད། དེར་བརྟེན། རྒྱ་ནག་མི་མང་ལ་དབུ་མའི་ལམ་གྱི་སྲིད་བྱུས་འགྲེལ་བཤད་བརྒྱབ་སྟེ།མང་ཚོགས་ཀྱི་བསམ་བློར་འགྱུར་བ་བཏང་སྟེ་ཆབ་སྲིད་ཀྱི་ནུས་པ་འདོན་རྒྱུ་གལ་ཆེན་པོ་རེད།  

བློ་བཟང་སེང་གེ་ལགས་སུ་དྲི་བ། སྐུ་ཉིད་ཀྱིས་བཀའ་ཁྲིའི་ཕྱག་ལས་གནང་ཕྱོགས་ཐད། རྩ་དོན་གསུམ་ལག་ལེན་བསྟར་དགོས་ཚུལ་གསུངས་ཡོད། ཁྱེད་རང་བཀའ་ཁྲིར་བདམས་ཐོན་བྱུང་བ་ཡིན་ན། རང་མགོ་རང་ཐོན་ཡོང་བར་གསར་གཏོད་ག་རེ་གནང་འཆར་ཡོད་དམ།  

ལན། འཛིན་སྐྱོང་གི་ཐོག་ནས་གསར་གཏོད་བྱ་རྒྱུ་ཡོད་པ་རེད། ལས་བྱེད་ཚོས་ཟླ་ཕོགས་སྤར་ཏེ་གནས་ཐུབ་པ་བྱ་རྒྱུ་དེ་ཕྱོགས་གཅིག་ནས་དཀའ་ལས་ཁག་པོ་རེད། རྒྱལ་ཁབ་གཞན་ལ་འགྲན་ཐབས་ཡོད་པ་མ་རེད། འོན་ཀྱང་། ལས་བྱེད་སུ་ཞིག་འཕྲོད་བསྟེན་ཐོག་སློབ་སྦྱོང་བྱས་ཡོད་ན་འཕྲོད་བསྟེན་ལས་ཁུངས་སུ་བསྐོ་རྒྱུ་དང་། ཤེས་ཡོན་ཐོག་སློབ་སྦྱོང་བྱས་ཡོད་ན་ཤེས་རིག་ལས་ཁུངས་སུ་གོ་སྒྲིག་བྱས་ཏེ། སོ་སོའི་ཆེད་སྦྱོང་དང་འབྲེལ་ཏེ་ལས་ཀ་སྤྲད་པ་ཡིན་ན།བརྟན་པོར་གནས་ཐུབ་པའི་རེ་བ་ཡོད། དཔལ་འབྱོར་ཐད། བཙན་བྱོལ་སྤྱི་ཚོགས་ནང་སུད་འཚོང་རྒྱག་མཁན་འགན་ལེན་ཁག་ཐེག་བྱེད་པ་དང་།གཞིས་ཆགས་ཁག་ཏུ་གཞོན་སྐྱེས་ལས་མེད་ཚོར་ལག་ཤེས་བསླབ་རྒྱུ་དང་།ལམ་ཁའི་བཞི་མདོ་ཁག་ཏུ་ཚོང་ཁང་གསར་རྒྱགདེ་བཞིན། ཕྱི་རྒྱལ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ་རེ་རེ་ནས་རྒྱ་བལ་འབྲུག་གསུམ་ནང་གི་གཞིས་ཆགས་རེ་རེར་བདག་པོ་རྒྱག་རྒྱུ་སོགས་བྱ་དགོས། ཤེས་ཡོན་གྱི་ཐོག་ནས་ཚན་རིག་དང་ཨང་རྩིས་ཐོག་འཐུས་ཤོར་འགྲོ་བཞིན་ཡོད་པའི་མཐོང་སྣང་བྱུང་། དེ་དག་ཡར་རྒྱས་སུ་གཏོང་རྒྱུ་དང་། ཤེས་ཡོན་སྲིད་བྱུས་ཀྱི་ཐོག་ནས་བོད་ཡིག་བོད་སྐད་ཡར་རྒྱས་འགྲོ་བ་རེད། གཙོ་བོ་དབྱིན་ཡིག་ཡར་རྒྱས་སུ་གཏོང་དགོས་པ་རེད།

བཀྲ་ཤིས་དབང་འདུས་ཀྱི་བཀའ་ཤག་གི་ལན་འདེབས།ངས་ཤེས་ཚོད་ལྟར་བྱས་ན། བློ་སེང་ལགས་ཀྱིས་གསུངས་པ་དེ་དག་འདས་པའི་དུས་སུ་བཀའ་ཤག་གིས་གནང་ཡོད་པ་རེད།དགོངས་གཞི་ཡོད་པ་བཞིན་གྲུབ་འབྲས་ཐོན་མེད་པ་བདེན་པ་རེད། གཙོ་བོ་ཞིག་ནི། ལས་དོན་དེ་ཚོར་གཞུང་གིས་ལམ་སྟོན་ལྟར་མཐུན་འགྱུར་རོགས་རམ་གནང་རྒྱུ་དང་། དེ་ལ་མང་ཚོགས་ཀྱིས་མཉམ་རུབ་བྱ་རྒྱུ་གལ་ཆེན་པོ་རེད་སྙམ། འཕྲལ་སེལ་གྱི་དུས་ཚོད་བསྐྱལ་རྒྱུ་ཙམ་མིན་པར་ཕུགས་རྒྱང་རིང་པོར་བཙན་བྱོལ་དུ་འདུག་དགོས་ཚེ་ག་རེ་བྱ་དགོས་མིན་ཐོག སྤྱི་ཚོགས་ནང་བགྲོ་གླེང་དང་བམས་བློ་གཏོང་དགོས་པ་རེད་སྙམ།   

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཀའ་ཤག་གི་ལན་འདེབས། ང་ཚོའི་སྤྱི་ཚོགས་ནང་ལས་འགན་མང་པོ་ཞིག་ཡོད་པ་དེར་གསར་གཏོད་བྱ་དགོས་ན།བོད་གཞུང་མང་གཉིས་ཀྱིས་བསམ་བློ་གཏོང་སྟངས་གསར་པ་ཞིག་གི་ཐོག་ལ་འགྲོ་དགོས་པ་རེད།སྔོན་མ་ཡིན་ན་ལས་བྱེད་ཚོའི་སེམས་ཤུགས་ཁོ་ན་དང་། ༧གོང་ས་མཆོག་གི་ཞལ་ལ་བལྟས་ཏེ་ཞབས་ཞུ་སྒྲུབ་ཀྱི་ཡོད། ད་ཆར་མི་རབས་གསར་པ་དང་སློབ་སྦྱོང་གསར་པའི་མི་སྣ་བསླེབས་ཡོད་པ་རེད། དེ་ལ་རན་པའི་སེམས་ཤུགས་སྤར་ཕྱོགས་དང་། ལས་དོན་བྱེད་ཕྱོགས་ཐབས་ལམ་གསར་པ་ཞིག་གི་ཐོག་འགྲོ་དགོས་པ་རེད་བསམ་གྱི་འདུག རྙིང་པའི་ཐོག་ལ་ཕུད་བརྒྱབ་པ་ཙམ་གྱིས་ཕན་གྱི་མ་རེད།

བཀྲ་ཤིས་དབང་དུས་ལགས་སུ་དྲི་བ། ཉེ་ལམ་བགྲོ་གླེང་དང་བཅར་འདྲིའི་ལན་དུ་ཉིད་ཀྱིས་བཀའ་ཤག་གིས་བཙན་བྱོལ་སྤྱི་ཚོགས་དང་ཤེས་ཡོན་ཐོག་ཡར་རྒྱས་གཏོང་རྒྱུ་མང་པོ་ཞིག་འདུག་གསུངས་སོང་། སྐུ་ཉིད་ཀྱིས་ཡར་རྒྱས་གཏོང་བའི་ཐབས་ལམ་གང་འདྲ་གཟིགས་ཀྱི་ཡོད་དམ།  

ལན། རྩ་བའི་ཆ་ནས་བཙན་བྱོལ་སྒྲིག་འཛུགས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡག་པོ་ཆགས་ཡོད་པ་རེད། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ཟེར་བ་ལྟར། ང་ཚོས་བོད་ཀྱི་བདེན་མཐའ་གསལ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་རེད། འོན་ཀྱང་དུས་ཐུང་ནང་བོད་དོན་འགྲིག་འཇགས་མ་ཡོང་བར། བཙན་བྱོལ་ནས་མི་རབས་ནས་མི་རབས་སུ་སྡོད་དགོས་བྱུང་ཡང་སྒྲིག་འཛུགས་སྲ་བརྟན་དང་། ཕུགས་རྒྱང་རིང་པོའི་དམིགས་ཡུལ་དང་འཆར་གཞི་བསྒྲིག་དགོས་པ་རེད། དེའི་ཐོག་ལ་བགྲོ་གླེང་དང་བསམ་ཞིབ་ཤུགས་ཆེན་གནང་དགོས་པ་རེད། ལྷག་པར་དུ་མ་འོངས་པའི་སྤྱི་འཐུས་ཚོས་ཐུགས་འགན་ཆེན་པོ་བཞེས་དགོས་པ་རེད།

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཀའ་ཤག་གི་ལན་འདེབས། ལས་དོན་དེ་དག་ཐོག་འདས་པའི་དུས་སུ་གྲུབ་འབྲས་ཐོན་ཡོད་ཀྱང་། དུས་ཚོད་ཀྱི་འགྱུར་བ་དང་བསྟུན་ཏེ་ལས་དོན་གསར་པ་སྤེལ་དགོས་པ་རེད། བཙན་བྱོལ་ནང་བོད་པའི་དཔལ་འབྱོར་གནས་སྟངས་དེ་གལ་ཆེན་པོ་ཞེ་དྲག་རེད། ད་ཆར་བོད་གཞུང་གི་སྲིད་བྱུས་ཐོག་ནས་གཞུང་གི་ཚོང་ལས་སྡེ་ཚན་དག་སྒོ་བརྒྱབ་པ་རེད་དེ། དཔལ་འབྱོར་ཐོག་ཐུགས་འགན་བཞེས་པའི་གོ་སྐབས་མང་པོ་ཡོད་པ་རེད། གཞིས་ཆགས་ཁག་གི་མཉམ་འབྲེལ་ལས་གཞི་དང་།བོད་མི་ཚོས་ཚོང་ལས་རིགས་ཀྱི་ཐོག་ལ། གཞུང་གི་ངོས་ནས་མ་རྩའི་མཐུན་འགྱུར་དང་། སྤྱི་བའི་མ་དངུལ་འཛུགས་པ་སོགས་ལ་དགོངས་པ་བཞེས་པ་ཡིན་ན། ཕན་ཐོགས་ཆེན་པོ་ཡོང་གི་རེད།

བློ་བཟང་སེང་གེ་ལགས་ཀྱི་བཀའ་ཤག་གི་ལན་འདེབས།ལས་གཞི་ཡར་རྒྱས་གཏོང་རྒྱུར་གཞུང་དམངས་གཉིས་ཐོག་ནས་མཉམ་འབྲེལ་བྱ་རྒྱུ་གལ་ཆེན་པོ་རེད།ལྷག་པར་དུ་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོར་མཐུན་རྐྱེན་ཡག་པོ་ཡོད་སྟབས། དམིགས་བསལ་གྱི་འགན་ཞིག་ཡོད་པ་རེད།ཕྱི་རྒྱལ་དུ་ཡོད་པའི་བོད་མི་རེ་རེ་ནས་རྒྱ་གར་ནང་ཡོད་པའི་ཕྲུ་གུ་གཅིག་དང་བོད་ནང་གི་ཕྲུ་གུ་གཅིག་ལ་སློབ་ཡོན་སྦྱིན་བདག་གཏོང་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེ་བཞིན། ནེའུ་ཡོག་སྤྱི་མཐུན་ཚོགས་པས་ལ་དྭགས་དང་། ཊོ་རོན་ཊོ་ཡིས་མོན་གྷོ་ཊི། སུད་སི་ཡིས་བདེ་སྐྱིད་གླིང་ལྟ་བུར་བདག་པོ་རྒྱག་ཐུབ་ན། རིམ་པས་རང་མགོ་རང་ཐོན་ཟེར་བ་དེ་ཆགས་རྒྱུར་རེ་བ་ཡོད།

སྐོར་ཐེངས་གཉིས་པ། འོས་མི་གཅིག་གི་དྲིས་ལན་ལ་འོས་མི་གཞན་གཉིས་ཀྱིས་དགོངས་ཚུལ་གསུངས་པ།

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་དྲི་བ། བོད་ནང་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཕྱོགས་ཐོག་ལས་ཀ་ག་རེ་བྱ་རྩིས་ཡོད་དམ།

ལན། བོད་ནང་གི་བོད་མིའི་སེམས་ཤུགས་མ་ཆགས་པ་དང་བོད་པའི་ཆོས་དང་རིག་གཞུང་།སྐད་ཡིགམི་རིགས་ཀྱི་ངོ་བོ་མ་བརླག་པ་བྱ་ཆེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་ལམ་སྟོན་དང་རོགས་རམ་གནང་ཐུབ་པ་མང་པོ་ཞིག་རེད་སྙམ། ཕྱི་ལོགས་སུ་ཡོད་པའི་སློབ་གྲྭ་ཁག་གི་བོད་ཡིག་ཐོག་མུ་མཐུད་ཤུགས་རྒྱག་ཐུབ་པ་དང་། དེ་བཞིན་ཕྱི་རྒྱལ་དུ་ཡོད་པའི་བོད་པ་ཚོར་བོད་ཀྱི་སྐད་དང་རིག་གཞུང་།རོལ་ཆ་ཚུན་ནས་དམིགས་བསལ་ཆ་རྐྱེན་བསྐྲུན་ཐུབ་པ་ཡིན་ན།རང་བཞིན་གྱིས་གཞིས་ལུས་མི་མང་གིས་དཔེར་བལྟ་འོས་པ་ཞིག་དང་།བོད་ཀྱི་ས་ཁུལ་དུ་རྩོད་གཞི་བྱ་སའི་གཞི་རྩ་ཞིག་ཆགས་ཏེ།བོད་ནང་གི་རིག་གཞུང་རྒྱུན་འཛིན་ཐད་ནུས་པ་འདོན་ཐུབ་ཀྱི་རེད།

བློ་བཟང་སེང་གེ་ལགས་ཀྱི་དགོངས་ཚུལ། ཕྱིའི་རོགས་ཚོགས་ཁག་མང་པོ་ཞིག་གིས་བོད་ནང་གི་རིག་གཞུང་དང་ཤེས་ཡོན་ཡར་རྒྱས་ཐོག་རོགས་རམ་བྱེད་ཀྱི་ཡོད་པ་ལྟར།མུ་མཐུད་གནང་དགོས་པའི་འབོད་སྐུལ་དགོས་རྒྱུ་དང་།གཙོ་བོ་བོད་ནང་གི་བོད་མི་ཚོས་འགན་འཁུར་རོགས་གནོང་ཞུ་རྒྱུ་ཡིན། སོ་སོ་སྒེར་དང་ཁྱིམ་ཚང་།སྤྱི་ཚོགས་བཅས་ནས་འགན་འཁུར་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཆབ་སྲིད་གནད་དོན་གཞིར་བཞག་པའི་ཐོག་བོད་མི་རིགས་གནས་དང་མ་གནས་ཀྱི་ཛ་དྲག་གནས་སྟངས་ལ་ཐུག་ཡོང་བའི་སྐབས་ལ།རྒྱ་ནག་གིས་བོད་མི་རིགས་རྩ་མེད་བཟོ་རྒྱུ་དེ་ཕུགས་ཀྱི་འཆར་གཞི་ཡིན་པ་ཧ་གོ་དགོས་པ་རེད།  

བཀྲ་ཤིས་དབང་འདུས་ཀྱི་དགོངས་ཚུལ། བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་གིས་གང་ཐུབ་ཅི་ཐུབ་གནང་གི་ཡོད་པ་རེད། འདས་པའི་ཟླ་ཤས་གོང་བོད་ནང་གི་སྐད་ཡིག་སློབ་ཚན་ལ་འགྱུར་བ་གཏོང་སྐབས་སློབ་ཕྲུག་ཚོས་ངོ་རྒོལ་རྣམ་འགྱུར་ཤུགས་ཆེན་བསྟན་པ་རེད།བོད་ནང་དུ་བཞུགས་མཁན་ཚོས་གནད་དོན་ཐག་གཅོད་སྐབས། རྒྱ་མིའི་རང་སྐྱོང་གི་ཁྲིམས་དང་སྒྲིག་གཞི་སོགས་སུ་ཐོབ་ཐང་གང་ཡོད་པ་དེ་གཞི་ལ་བཞག་སྟེ་རྩོད་ཐུབ་པ་ཡིན་ན།ནུས་པ་ཆེན་པོ་འཐོན་ཐུབ་པ་རེད།  

བློ་བཟང་སེང་གེ་ལགས་སུ་དྲི་བ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ཕེབས་ཕྱོགས་ཐད། དགོངས་འཆར་གང་འདྲ་ཡོད་དམ།

ལན། ངས་བསམ་ཚུལ་ལ་༧གོང་ས་མཆོག་སྐུ་ཚེ་རིང་པོ་བཞུགས་རྒྱུ་དང་། ཁོང་སྐུ་འཚོ་བཞུགས་རིང་བོད་ཀྱི་གནད་དོན་ཐག་གཅོད་ཡོང་བའི་ཡིད་ཆེས་ཡོད།ཡང་སྲིད་ཕེབས་ཕྱོགས་ཐད་འདི་བྱ་དགོས་ཀྱི་འདུག་ཟེར་ནས་ཞུ་རྒྱུ་མེད།ངའི་སེམས་ཁྲལ་ཆེ་ཤོས་ནི།པཎ་ཆེན་རིན་པོ་ཆེ་རྒྱ་མིའི་ལག་ཏུ་ཤོར་བ་བཞིན་༧གོང་ས་མཆོག་སྐུ་ཕྲེང་བཅོ་ལྔ་བ་རྒྱ་མིའི་ལག་པར་ཤོར་གྱི་རེད་བསམ་པའི་སེམས་ཁྲལ་འདུགསྐུ་ཕྲེང་བཅུ་བཞི་པ་འཚོ་བཞུགས་སྐབས། སྐུ་ཕྲེང་བཅོ་ལྔ་བ་ཐུགས་ཐག་ཆོད་པ་ཡིན་ན་ཡག་ཤོས་རེད།ང་ཚོས་སྐུ་ཕྲེང་བཅོ་ལྔ་པ་དེ་སྐུ་ཕྲེང་བཅུ་བཞི་པ་ལྟ་བུ་ཞིག་ཡོང་རྒྱུར་རེ་བ་རྒྱག་གི་ཡོད། ཁོང་འཚོ་བཞུགས་སྐབས་སྐུ་ཕྲེང་བཅོ་ལྔ་བ་ཞིག་བྱུང་ན།ཤེས་ཡོན་དང་ཆབ་སྲིད།ཚན་རིག་སོགས་ཀྱི་ལམ་སྟོན་ཡག་པོ་གནང་ཐུབ་པ་རེད། དེ་ལ་ནང་པའི་རྒྱལ་ཁབ་ཁག་དང་རྒྱལ་སྤྱིའི་སྟེང་ནས་རྒྱབ་སྐྱོར་གནང་དགོས་ན། སྟབས་བདེ་བོ་ཡོད་པ་རེད།

བཀྲ་ཤིས་དབང་འདུས་ལགས་ཀྱི་དགོངས་ཚུལ། བོད་དོན་དེ་༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་སེལ་མ་ཐུབ་པ་ཡིན་ན།ཡང་སྲིད་གཉིས་ཡོང་རྒྱུ་ནི་བཤད་མ་དགོས་པ་ཞིག་རེད།གཙོ་བོ་དེ་༧གོང་ས་མཆོག་རང་གི་ཞལ་ནས་བོད་གྱི་དཀའ་རྙོག་མ་སེལ་བར་དུ་ཡང་སྲིད་རྒྱ་ནག་གི་འོག་ཏུ་འཁྲུངས་རྒྱུ་མིན། ཞེས་བཀའ་གསལ་བོ་གནང་ཡོད་པ་དེ་གཞི་རྩར་འཇོག་དགོས་པ་རེད།

བཀྲས་མཐོང་ལགས་ཀྱི་དགོངས་ཚུལ། ༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐོག་སོ་སོས་འདོད་པའི་དབང་དུ་སོང་སྟེ་འགྲེལ་བཤད་བརྒྱབ་ན་ཏག་ཏག་བསྡད་ཡོད་པ་མ་རེད།༧གོང་ས་མཆོག་གིས་མཐའ་མ་བོད་མི་མང་ལ་རག་ལས་ཡོད་གསུངས་ཡོད་སྟབས། ང་རང་གི་བསམ་པར་བོད་མི་མང་གིས་སྔ་མོའི་ལམ་སྲོལ་ཐོག་ནས་ཡང་སྲིད་གདན་ཞུ་གནང་གི་རེད་བསམ་གྱི་འདུག ད་ལྟ་༧གོང་ས་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་ཤིག་ཡོད་ལ།སྒྲིག་འཛུགས་འདིས་འགན་ཞིག་འཁུར་དགོས་པ་རེད།ཡིན་ནའང་།རྒྱ་ནག་ཕྱོགས་ནས་ཡང་སྲིད་ཚོར་བདག་པོ་རྒྱག་གི་ཡིན་སྐོར་བཤད་ཀྱི་ཡོད་སྟབས། ང་ཚོ་གཞུང་མང་གཉིས་ནས་ཀྱང་ཐབས་ཤེས་བྱས་ཏེ། རྒྱལ་སྤྱིའི་ཁྲིམས་དང་ཆབ་སྲིད་ཀྱི་རྒྱབ་སྐྱོར་ཐོག་ནས་ཡང་སྲིད་རྗེས་མར་རྒྱ་ནག་གི་ལག་པ་འཆིང་མ་ཐུབ་པ་ཞིག་ལ་འབད་བརྩོན་བྱ་དགོས་པ་རེད།

བཀྲ་ཤིས་དབང་འདུས་ལགས་སུ་དྲི་བ། བཀྲ་ཤིས་དབང་འདུས་ལགས་སུ། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་ཐབས་ལམ་གང་དག་གཟིགས་ཀྱི་ཡོད་དམ།

ལན།ང་ཚོས་རྒྱ་ནག་གཞུང་དམངས་གཉིས་ལ་འབྲེལ་བ་བྱས་ཏེ་བོད་རྒྱའི་གནད་དོན་སེལ་ཐབས་བྱ་རྒྱུ་ལས་ཐབས་ལམ་གཞན་ཡོད་པ་མ་རེད། ད་ཆར་རྒྱ་ནག་མགོ་ཁྲིད་ཚོར་བལྟས་ཡོང་ན།༧གོང་ས་མཆོག་དང་བཀའ་མོལ་གནང་རྒྱུ་དང་། ཁོང་སྐུ་འཚོ་བཞུགས་རིང་བོད་རྒྱའི་དཀའ་རྙོག་སེལ་ན་ཡག་པོ་ཡོང་གི་རེད་བསམ་མཁན་ཡོད་པ་རེད། མ་འོངས་མགོ་ཁྲིད་ཚོའི་ནང་དུ་ཡང་བསམ་ཚུལ་གཉིས་ཏན་ཏན་ཡོང་གི་རེད། མི་མང་ལ་ཆ་བཞག་ཀྱང་། ཆབ་སྲིད་གོ་རྟོགས་ཡོད་མཁན་ཚོས་བོད་དོན་ཞི་མོལ་གྱི་ཐོག་ནས་སེལ་དགོས་པའི་བསམ་ཚུལ་འདོན་མཁན་མང་དུ་འགྲོ་བཞིན་ཡོད།ད་ལྟ་རྒྱ་ནག་ཏུ་ཆབ་སྲིད་གུ་ཡངས་ཀྱི་འགྱུར་བ་མང་པོ་ཞིག་འགྲོ་བཞིན་ཡོད། ང་ཚོས་མང་ཚོགས་ལ་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་འགྲེལ་བཤད་བྱས་ཏེ། རྒྱ་ནག་གི་མགོ་ཁྲིད་ཚོས་མི་མང་ལ་མགོ་སྐོར་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་བ་ཡིན་ན། བོད་རྒྱའི་དཀའ་ངལ་སེལ་ཐུབ་པ་རེད་བསམ་གྱི་འདུག  

བཀྲས་མཐོང་ལགས་ཀྱི་དགོངས་ཚུལ། ༧གོང་ས་མཆོག་གིས་ལམ་སྟོན་གནང་བའི་དབུ་མའི་སྲིད་བྱུས་ཐོག་བོད་རྒྱ་གཉིས་ཀའི་བསམ་ཚུལ་མཐུན་ཏེ་དཀའ་རྙོག་སེལ་དགོས་ཟེར་བ་དེ་བརྟན་པོར་གནས་རྒྱུ་རེད། ༧གོང་ས་མཆོག་དང་བོད་མི་མང་གིས་རྒྱ་ནག་མི་མང་དང་ཐད་ཀར་འབྲེལ་བ་བྱ་རྒྱུ་དེ་ཕུགས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན། ལྷག་པར་དུ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་བོད་ཀྱི་བདེན་པའི་འབོད་སྒྲ་སྔར་ལས་སྐད་ཤུགས་ཆེ་རུ་བཏང་བ་ཡིན་ན། ཕན་ཐོགས་ཆེན་པོ་ཡོང་གི་རེད།

བློ་བཟང་སེང་གེ་ལགས་ཀྱི་དགོངས་ཚུལ། ཕྱི་ལོ་ ༢༠༡༢ ལོར་རྒྱ་ནག་གི་མགོ་ཁྲིད་མང་པོ་བརྗེ་བོ་རྒྱག་དགོས་པ་རེད། ཞིས་ཅིན་ཕིན་སྲིད་འཛིན་དང་། ལིས་ཁུ་ཆིང་སྲིད་བློན་ཆགས་རྒྱུ་རེད། དེ་བཞིན།ལོ་དེར་ཐེ་ཝན་སྲིད་འཛིན་མཱ་ཡུན་ཅིག་འོས་གཞིར་ལངས་དགོས་པ་རེད།ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་ཧྥ་རན་སིའི་སྲིད་འཛིན་སར་ཀོ་སི་སོགས་འཛིན་དུ་ལངས་དགོས་པ་རེད།ར་ཤི་ཡའི་འོས་བསྡུ་གནང་དགོས་པ་རེད།རྒྱལ་སྤྱི་དང་རྒྱ་ནག་གི་འགྱུར་བ་དང་བསྟུན་ཏེ།ང་ཚོས་དུས་ཚོད་དམ་འཛིན་བྱ་དགོས་པ་རེད།

སྐོར་ཐེངས་གསུམ་པ། དྲི་བ་གཅིག་ལ་འོས་མི་གསུམ་རེ་རེ་ནས་ལན་འདེབས་གནང་བ།

བཀྲས་མཐོང་ལགས་སུ་དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་གི་ཛ་དྲག་གི་དཀའ་ངལ་གཉིས་གང་ལ་ངོས་འཛིན་གནང་གི་ཡོད་པ་དང་། དེ་སེལ་རྒྱུར་ཐབས་ཇུས་གང་འདྲ་ཡོད་དམ།

ལན། བཙན་བྱོལ་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་ཤོས་དེ་གཅིག་ནི། ལོ་གཞོན་མང་པོ་ཞིག་སློབ་སྦྱོང་གོ་སྐབས་ཡག་པོ་སྤྲད་དེ། མཐོ་སློབ་ཐོན་རྗེས་གཞིས་ཆགས་དང་བོད་ཀྱི་སྤྱི་ཚོགས་ནང་གནས་མ་ཐུབ་པར་གྲོང་ཁྱེར་ཆེ་ཁག་དང་ཕྱི་རྒྱལ་དུ་འཐོན་བཞིན་པ་དེ་དཀའ་ངལ་ཞིག་རེད། གཉིས་པ།ང་ཚོའི་གཞིས་ཆགས་མུ་མཐུད་གནས་དགོས་པ་ཡིན་ན། དུས་ཚོད་ཀྱི་འགྱུར་བ་དང་མི་རབས་ཀྱི་འགྱུར་བ་དང་བསྟུན་ཏེ། དཔལ་འབྱོར་སྒྲོམ་གཞི་གསར་པ་ཞིག་བཟོ་མ་ཐུབ་པ་ཡིན་ན།གཞིས་ཆགས་ཁག་ལ་དཀའ་ངལ་འཕྲད་རྒྱུའི་གནས་སྟངས་ཤིག་ཡོང་གི་ཡོད།ལོ་གཞོན་རྣམས་སྤྱི་ཚོགས་ནང་གནས་དགོས་ན།སློབ་སྦྱོང་ལ་རན་པའི་ལས་དོན་བསྒྲུབ་ཕྱོགས་གོ་སྒྲིག་བྱ་རྒྱུ་དང་། གལ་སྲིད་བོད་པའི་སྤྱི་ཚོགས་ནང་གནས་ཐུབ་ཀྱི་མེད་ཀྱང་།སྤྱི་ཚོགས་དང་འབྲེལ་ལམ་མུ་མཐུད་གནས་ཐུབ་པ་ཞིག་ལ་དགོངས་པ་བཞེས་དགོས་ཀྱི་འདུག

བློ་བཟང་སེང་གེ་ལགས་ཀྱི་བཀའ་ལན། བཙན་བྱོལ་ནང་ཡར་རྒྱས་གཏོང་དགོས་ས་གཙོ་བོ་དེ་ཤེས་ཡོན་རེད། ཤེས་ཡོན་ལ་མ་རྩ་ཕོན་ཆེན་པོ་ཞིག་བཏང་སྟེ། མ་འོངས་པར་བོད་པའི་སྤྱི་ཚོགས་ནང་རིག་གཅིག་རྐང་འཛིན་པ་ཁྲི་ལྷག་བྱུང་བ་ཡིན་ན།རིམ་བཞིན་བོད་གཞུང་དང་ང་ཚོའི་རྩ་དོན་རྩོད་རྒྱུར་ཕན་པ་རེད། དཔེར་ན། ཁྱད་ལས་པ་ཁྲི་གཅིག་ཡོད་པའི་དབང་དུ་བཏང་ན། མི་གཅིག་རེ་ཡིས་ཨ་སྒོར་ཆིག་སྟོང་རེའི་ཞལ་འདེབས་གནང་ན།བོད་གཞུང་ལ་ཨ་སྒོར་ས་ཡ་༡༠འཐོབ་ཐུབ་ཀྱི་ཡོད།ད་ལྟའི་བོད་གཞུང་འགྲོ་གྲོན་དེ་ས་ཡ་བདུན་ནས་བརྒྱད་རེད།རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར་བོད་གཞུང་ལ་ལྷག་བསམ་དང་སེམས་ཤུགས་ཆེན་པོ་ཡོད་པ་རེད། ཁོང་ཚོར་གོ་སྐབས་སྤྲོད་དགོས་པ་རེད། ཟམ་གདོང་རིན་པོ་ཆེ་བཀའ་ཁྲི་སྐབས་དང་པོའི་རིང་། བོད་གཞུང་གི་ལས་བྱེད་རྩ་དགོངས་ལ་འགྲོ་མཁན་བརྒྱ་ཆ་༥༠ཙམ་བྱུང་འདུག སྐབས་གཉིས་པར་ཕལ་ཆེར་བརྒྱ་ཆ་༧༠ ལྷག་ཡིན་བསམ་སོང་། བོད་གཞུང་གིས་གཞོན་སྐྱེས་ཚོར་རང་རང་གིོ་འདོད་མོས་ཡོད་པའི་ལས་ཀ་གོ་སྒྲིག་བྱ་ཐུབ་པ་ཡིན་ན། གཞུང་གི་སྒྲིག་འཛུགས་སྲ་བརྟན་རྒྱུན་གནས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་གི་རེད།  

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ལན། ཤེས་ཡོན་ཐོག་ཤུགས་རྒྱག་རྒྱུ་དེ་གལ་ཆེན་པོ་རེད།དམའ་རིམ་ཤེས་ཡོན་ནས་བསྐྱར་བཅོས་བྱ་དགོས་པ་མང་པོ་འདུག གཙོ་བོ་དགེ་རྒན་གྱི་གནས་ཚད་ཡར་རྒྱས་སུ་གཏོང་དགོས་ཀྱི་འདུག གཉིས་པ།བོད་མི་ཆིག་འབུམ་ལྔ་ཁྲི་ཙམ་འཛམ་གླིང་གར་སར་ཁྱབ་བསྡད་ཡོད་པ་རེད། དེ་དག་ཕུགས་རྒྱང་རིང་པོར་འབྲེལ་བ་མ་བརླག་པར་གནས་ཐུབ་རྒྱུར་དགོངས་པ་བཞེས་པ་རེད།  

བློ་བཟང་སེང་གེ་ལགས་སུ་དྲི་བ། བོད་ནང་གི་ཛ་དྲག་གི་དཀའ་ངལ་གསུམ་གང་དག་ལ་ངོས་འཛིན་གནང་གི་ཡོད་པ་དང་། དེ་དག་ཛ་དྲག་ཏུ་ངོས་འཛིན་གནང་བའི་རྒྱུ་མཚན་གང་ཡིན་ནམ།

ལན། བོད་ཡུལ་རྒྱ་ནག་གི་མི་སེར་སྤེལ་ལམ་ལུགས་འོག་ཡོད་པ་དེ་གཅིག་རེད།གཉིས་པ།བོད་པའི་ཆོས་དང་རིག་གཞུང་།སྐད་ཡིག་དང་བཅས་པ་རྒྱ་གཞུང་གིས་རྩ་མེད་དུ་གཏོང་གི་ཡོད་པ་དེ་རེད།གསུམ་པ། བོད་ནང་གཏེར་ཁ་སྔོན་འདོན་བྱས་ཏེ་ཁོར་ཡུག་ལ་གཏོར་བཅོམ་གཏོང་གི་ཡོད་པ་བཅས་རེད། ཏང་གི་ལས་བྱེད་ནས་དམའ་རིམ་བར་རྒྱ་རིགས་མང་ཏུ་འགྲོ་བཞིན་ཡོད་པའི་མི་སེར་སྤེལ་ཡུལ་མཚོན་རྟགས་ཆེ་ཤོས་རེད། གཏེར་ཁ་སྔོག་འདོན་ཡང་ས་གནས་མི་མང་ལ་ཁེ་ཕན་གང་ཡང་མེད་པའི་ཐོག་ནས་ཁོར་ཡུག་གཏོར་བཅོམ་བྱེད་ཀྱི་ཡོད་པ། རིག་གཞུང་རྩ་མེད་བཟོ་བཞིན་ཡོད་པའི་ཐད་ཆོས་དད་རང་དབང་མེད་པ་དང་དགོན་པར་ཞུགས་ཆོག་གི་མེད་པ། ཐ་ན་གོང་ས་མཆོག་གི་སྐུ་པར་ཙམ་ནང་ཉར་འཇུག་གི་མེད་པ་སོགས་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཞག་ཐོག་ཁྱབ་བསྒྲགས་བྱ་རྒྱུ་གལ་ཆེན་རེད།

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ལན། དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་སྟེ།རྒྱ་གཞུང་ལ་བོད་རིགས་ལ་ཡོངས་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་གྲོས་འཆར་ཞིག་བཏོན་ཡོད་པ་རེད། དེ་ནི་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མི་རིགས་ས་གནས་བཅའ་ཁྲིམས་གཉིས་ལ་ཁུངས་གཏུག་བྱས་ཡོད་སྟབས། གྲོས་འཆར་དེ་གཞིར་བཟུང་ཐོག་བོད་ནང་བཞུགས་མཁན་ཚོས་བརྩོན་ལེན་བྱ་དགོས་པ་རེད། རྒྱལ་སྤྱིའི་སྡིངས་ཆའི་ཐོག་མུ་མཐུད་དུ། རྒྱ་གཞུང་གིས་ཁ་ནས་བཤད་པ་དང་ལག་ལེན་བསྟར་བ་གཉིས་ཐོ་མི་ཐུག་པ་གསལ་སྟོན་བྱ་རྒྱུའི་ཐོག་ལ་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད།

བཀྲས་མཐོང་ལགས་ཀྱི་བཀའ་ལན། བོད་ཀྱི་གནད་དོན་ཛ་དྲག་ཡིན་པ་དང་ཆབ་སྲིད་ཀྱི་གནད་དོན་ཡིན་པ་ང་ཚོས་ར་སྤྲོད་གསལ་པོ་བྱ་དགོས་པ་རེད། འགའ་ཤས་ཀྱིས་ཆོས་རིག་གི་དཀའ་ངལ་དེ་སེལ་རྒྱུ་དང་།ཆབ་སྲིད་བཙོན་པ་ཁག་ཅིག་ཀློད་གྲོལ་གཏོང་རྒྱུ། ཡང་ན་ཁོར་ཡུག་ཐོག་དོ་སྣང་བྱས་ན་ཕན་གྱི་རེད་བསམ་པ་ཡིན་ན། བོད་ཀྱི་རྩ་དོན་ལྟེ་བ་དེ་ལྷག་གི་ཡོད་པ་འདྲ། བོད་ནང་གི་དཀའ་ངལ་ཚང་མ་ཆབ་སྲིད་དང་འབྲེལ་བ་ཡོད་པ་དེ་བོད་མི་ཚང་མས་གསལ་བོ་ཤེས་དགོས་པ་མ་ཟད། ཕྱིའི་རོགས་སྐྱོར་ཚོགས་པ་ཁག་ལ་ཡང་འགྲེལ་བཤད་གསལ་པོ་བཟོ་དགོས་པ་རེད།ཆབ་སྲིད་ཀྱི་གནད་དོན་ཡིན་པ་དེ་གསལ་པོ་མ་བཟོས་ན་བོད་ཀྱི་གནད་དོན་དེ་སེལ་ཐུབ་ཀྱི་ཁག་པོ་རེད།

སྐོར་ཐེངས་བཞི་བ། མང་ཚོགས་ཀྱི་དིར་བར་ལན་འདེབས།
དྲི་བ། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ནང་བོད་ནས་བསླེབས་མཁན་དང་བཙན་བྱོལ་ནང་སྐྱེས་པའི་གཞོན་སྐྱེས་ལས་མེད་མང་པོ་ལྷག་ཡོད་པ་རེད།འདིའི་ཐད་མ་འོངས་པར་མཐུན་འགྱུར་རོགས་གང་འདྲ་ཞིག་གནང་འཆར་ཡོད་དམ། 

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཀའ་ལན། བཙན་བྱོལ་བོད་གཞུང་གིས་བོད་ནས་གསར་དུ་འབྱོར་བའི་གཞོན་སྐྱེས་མང་པོ་ཞིག་ལ་ལས་ཀ་དང་སློབ་སྦྱོང་གི་གོ་སྐབས་གནང་གི་ཡོད་ཀྱང་དཀའ་ངལ་འདི་མུ་མཐུད་གནས་ཡོད་སྟབས།གཞུང་གིས་དམིགས་བསལ་འཆར་གཞི་ཡོད་པའི་ཐོག་ནས་གཟིགས་དགོས་པའི་གནས་སྟངས་ཤིག་རེད། གསར་དུ་འབྱོར་བའི་གཞོན་སྐྱེས་ཁོ་རང་ཚོའི་ངོས་ནས་གཞིས་ཆགས་རྒྱུ་དང་། སློབ་སྦྱོང་བྱ་རྒྱའི་བསམ་འཆར་ག་རེ་ཡོད་པ་དེ་བོད་གཞུང་ལ་ཞུ་ཐུབ་པ་ཡིན་ན།ཕན་ཐོགས་ཆེན་པོ་འབྱུང་གི་རེད་བསམ།དེ་མིན་པར་བོད་གཞུང་གིས་དངུལ་ཁུག་སྟོང་པ་ཆགས་རྒྱུ་མེད་པ་ལྟར། མི་སུ་བསླེབས་ཀྱང་ཚང་མར་ལས་ཀ་སྤྲོད་ཐུབ་དགོས་པ་དེ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་དཀའ་ངལ་ཆེན་པོ་རེད།

བློ་བཟང་སེང་གེ་ལགས་ཀྱི་བཀའ་ལན། བོད་ནས་གསར་དུ་འབྱོར་མཁན་ཚོར་དཀའ་ངལ་ཡོད་པ་ཤེས་ཀྱིན་ཡོད་ལ།བོད་གཞུང་གི་ངོས་ནས་དམིགས་བསལ་གནང་དགོས་པ་གང་འདུག་ཟེར་ན།གསར་དུ་འབྱོར་མཁན་ཚོ་སློབ་གྲྭ་མཐར་ཕྱིན་པ་ཡིན་ན་རིམ་གྱིས་རང་མགོ་འཐོན་པ་ཆགས་ཡོང་གི་འདུག གསོག་སྒར་སློབ་གྲྭ་དང་སློབ་གྲྭ་གཞན་ནས་མཐར་མ་འཁྱོལ་བར་སློབ་གྲྭ་གཡུག་བཞག་པ་ཡིན་ན། དཀའ་ངལ་ཆེན་པོ་འཕྲད་ཀྱིན་འདུག དེའི་ཐད་བོད་གཞུང་གིས་ལག་ཤེས་དང་ཟབ་སྦྱོང་། ལམ་སྟོན་སོགས་ཀྱི་ཐད་ནས་གང་ཐུབ་ཅི་ཐུབ་བྱ་རྒྱུ་གལ་ཆེན་པོ་རེད།

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ལན། སྤྱིར་བཏང་བོད་ནས་གསར་དུ་འབྱོར་བའི་རིགས་ལ་བོད་གཞུང་གིས་གང་ཡང་ཅི་ཡང་གནང་ཡོད་པ་རེད། དེ་ལས་ལྷག་ཅིག་གནང་ཐུབ་པ་ཞིག་མཐོང་གི་མེད། གཞོན་ནུ་ལས་མེད་ཀྱི་སྐོར་ལ། ཁོང་ཚོར་ལས་ཀ་མེད་པར་ལས་མེད་རེད་དམ།ལས་ཀ་ཡོད་བཞིན་དུ་གདམ་ཀ་བྱས་ཏེ་ལས་མེད་ཆགས་པ་རེད།གནས་ཚུལ་དེའི་ཐོག་ལ་ཞིབ་འཇུག་བྱ་རྒྱུ་གལ་ཆེན་པོ་རེད།གནད་དོན་འདི་བོད་པ་གཅིག་པུ་མ་རེད་འཛམ་གླིང་ཡོང་ལ་དཀའ་ངལ་དེ་ཡོད་པ་ཞིག་རེད།

དྲི་བ། ང་ཚོས་ཐོག་མར་རང་བཙན་དང་། དེ་ནས་ཚད་མཐོ་བའི་རང་སྲིད་རིང་སྐྱོང་། ད་ལྟ་རྒྱ་ནག་གི་རྩ་ཁྲིམས་འོག་གི་རང་སྐྱོང་བརྩད་ཡོད་ཀྱང་གྲུབ་འབྲས་ཐོན་མེད། གྲུབ་འབྲས་མ་ཐོན་པའི་རྒྱུ་རྐྱེན་གང་ལ་ངོས་འཛིན་གནང་གི་ཡོད་དམ།  

བློ་བཟང་སེང་གེ་ལགས་ཀྱི་བཀའ་ལན། རྒྱ་ནག་གཞུང་ལྟ་བ་མཁྲེགས་དྲགས་པ་དང་རྒྱ་མིའི་མགོ་ཁྲིད་ནང་ཁུལ་ནས་བོད་དོན་དེ་མི་སེར་སྤེལ་སྤེལ་ཡུལ་ལམ་ལུགས་འོག་ནས་མི་རིགས་གཞན་པ་དབང་སྒྱུར་གྱི་ནུས་ཤུགས་ཆེ་དྲགས་པའི་དབང་གིས་རྒྱལ་སྤྱིའི་ཐོག་ནས་གནོན་ཤུགས་ག་ཚོད་སྤྲད་ཀྱང་འགུལ་དཀྱོག་མ་བརྒྱབ་པ་རེད། དེ་འགྱུར་བ་གཏོང་བར་རྒྱལ་སྤྱིའི་ཁོར་ཡུག་དང་རྒྱ་ནག་གི་ཁོར་ཡུག་འགྱུར་བ་འགྲོ་དགོས་ཀྱི་ཡོད་པ་རེད་ལ། ང་ཚོའི་ངོས་ནས་འབད་བརྩོན་བྱ་རྒྱུ་ཏན་ཏན་ཡོད་ཀྱང་། ཕར་ཕྱོགས་ནས་འགྱུར་བ་མང་བཏང་བར་དུ་ང་ཚོར་ཞེ་དྲག་བྱ་རྒྱུ་ཡོད་པ་མ་རེད། སྐབས་དང་དུས་ཤིག་ཏན་ཏན་ཤར་ཡོང་གི་རེད་བསམ་གྱི་འདུག  

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ལན། བོད་རྒྱ་ཞི་མོལ་གྱི་ལས་རིམ་དེ་འགག་པའི་རྒྱུ་མཚན་གཙོ་བོ།ད་ལྟའི་མགོ་ཁྲིད་ཚོར་ཆབ་སྲིད་ཀྱི་བློ་སྟོབས་མེད་པ་དང་། བོད་ཀྱི་གནད་དོན་དེ་རྒྱ་ནག་གཞུང་གིས་ཁ་བྲལ་གྱི་གནས་ཚུལ་ཞིག་ལ་ཉར་ཏེ། ཁོ་རང་ཚོའི་ཆབ་སྲིད་ཀྱི་གནས་སྟངས་ཤིག་སྲུང་སྐྱོབ་བྱ་རྒྱུ་དང་། རྒྱ་ནག་མི་མང་ལ་མགོ་སྐོར་གཏོང་ཆེད་རེད། ང་ཚོའི་ངོས་ནས་རྒྱ་ནག་མི་མང་ལ་ག་ཚོད་ཐུབ་ཐུབ་ཀྱིས་གསལ་བོ་བཟོ་བའི་བརྒྱུད་ལམ་མི་འདུག་བསམ་པའི་འདུ་ཤེས་དེ་རྒྱ་ནག་གི་མགོ་ཁྲིད་ཚོའི་བསམ་བློའི་ནང་བསླེབས་པ་ཡིན་ན། ཁོང་ཚོའི་ངོས་ནས་བོད་རྒྱ་ཞི་མོལ་ཡོང་བའི་ཐོག་ལ་བསམ་བློ་གཏོང་ངེས་པའི་ཡིད་ཆེས་གཙང་མ་བྱེད་ཀྱི་ཡོད།

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཀའ་ལན། གནད་དོན་འདིའི་གཞི་རྩ་རྒྱ་མིའི་ངོས་ནས་གུས་ཞབས་མེད་པ་དེ་རེད་ལ། འཛམ་གླིང་གི་ཁོར་ཡུག་དང་རྒྱ་ནག་གི་ཁོར་ཡུག་འགྱུར་བ་འགྲོ་དགོས་པ་དེ་ཡང་དངོས་ཡོད་གནས་ཚུལ་རེད། ག་དུས་ཡིན་ནའང་རྩ་ཆེ་ཤོས་དང་རིན་ཐང་ཆ་ཤོས་དེ་བོད་མིའི་ངོས་ནས་ང་ཚོར་བདེན་པ་ཡོད། ཅེས་ལབ་ཀྱི་ཡོད་ན་བདེན་པ་དེ་ཤུགས་ཆེན་པོའི་ཐོག་ནས་རྩོད་དགོས་པ་རེད། བོད་ཀྱི་འདས་པའི་ལོ་རྒྱུས་ཀྱི་ར་སྤྲོད་ཡིན་ན་འདྲ་ལ། ང་ཚོའི་ཐོབ་ཐང་གི་སྐོར་ཡིན་ནའང་འདྲ། རྩོད་གཞི་དེ་རྒྱ་མིར་ཐད་ཀར་རྩོད་ཀྱི་ཡོད་ན་འདྲ་ལ། བརྒྱུད་ནས་རྩོད་ཀྱི་ཡོད་ནའང་འདྲ། ང་ཚོས་འཛམ་གླིང་སྡིངས་ཆ་གང་དག་ཏུ་ཤུགས་ཆེན་པོས་རྩོད་དགོས་པ་རེད།

དྲི་བ། ད་ཆར་ང་ཚོས་ཞི་མོལ་གྱི་ཐོག་ནས་བོད་རིགས་ཡོངས་ལ་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་པ་རེད། འདི་ལ་གྲུབ་འབྲས་མ་སོན་པ་ཡིན་ན་ཐབས་ལམ་གསར་པ་གང་འདྲ་ཡོད་དམ།

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ལན། ང་རང་ངོས་ནས་ད་ལྟའི་ཆར་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་དེ་ལས་ལྷག་པའི་ཐབས་ལམ་གཞན་པ་ཞིག་མཐོང་གི་མེད། ཐད་ཀར་ཞུས་པ་ཡིན་ན་ཐབས་ལམ་དེ་ལས་ལྷག་པའི་ཐབས་ལམ་གཞན་པ་ཞིག་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན།    

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཀའ་ལན། ཐབས་ལམ་གྱི་ཐད་ནས་སྔོན་ལ་ཞུས་ཟིན་པ་ལྟར། དབུ་མའི་ལམ་གྱི་སྲིད་བྱུས་དེ་གཙོ་བོ་རྒྱ་བོད་གཉིས་འདོད་པ་མཐུན་ཏེ་དཀའ་ངལ་སེལ་དགོས་སྟབས། ཐབས་ལམ་དེ་གཞི་རྩ་ཞིག་རེད་བསམ་གྱི་ཡོད། ཡིན་ནའང་ཐབས་ཤེས་འདྲ་མིན་གྱིས་ལམ་ནས་ནུས་པ་ཆེ་རུ་གཏོང་དགོས་པའི་དུས་ཚོད་ཅིག་རེད་བསམ་གྱི་འདུག 

བློ་བཟང་སེང་གེ་ལགས་ཀྱི་བཀའ་ལན། ཞི་བའི་ལམ་གྱི་ཐོག་ནས་རྩ་དོན་རྩོད་མཁན་གང་འདྲ་ཞིག་ཡིན་ཡང་། གཞུང་ལ་གདོང་ལེན་དང་མི་མང་དང་མཉམ་དུ་བཀའ་མོལ་གནང་རྒྱུ་དེ་གྷན་ངྷི་གཙོས་མར་ཊིར་ལི་ཐིར་ཁེན། ནཱན་སི་མན་ཌ་ལཱ་བཅས་རྣམ་པ་ཚང་མས་ལམ་དེ་བེད་སྤྱོད་བཏང་བ་རེད། ང་ཚོ་ཡང་ཐབས་ལམ་དེ་བརྒྱུད་དེ་འགྲོ་གྱིན་ཡོད་པ་རེད། དེ་ལ་ཡང་གཞུང་མང་གཉིས་ཀས་འབད་བརྩོན་བྱ་རྒྱུ་ཞིག་ཏན་ཏན་ཡོད་པ་རེད་བསམ་གྱི་འདུག ང་ཚོའི་རྒྱལ་སྤྱིའི་ཁྲིམས་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་བཅས་ཀྱི་ཐོག་ནས་ཤུགས་ཆེ་རུ་གཏོང་རྒྱུ་དང་། བོད་པ་ནང་ཁུལ་དུ་ལས་འགུལ་སྤེལ་ཕྱོགས་ཀྱི་ཐད་ནས་ཀྱང་ཆིག་སྒྲིལ་དང་འཆར་གཞི་ལྡན་པའི་གྷན་ངྷིའི་ཚ་ལེན་པའི་གོམ་བགྲོད་ཀྱི་ལས་འགུལ་ལྟ་བུའི་ཡར་རྒྱས་གཏོང་རྒྱུ་མང་པོ་ཡོད།

དྲི་བ། བོད་ནང་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་ཡོང་རྒྱུར་ཐབས་ལམ་གང་འདྲ་ཡོད་དམ།  

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཀའ་ལན། འདིའི་ཐད་དེ་སྔ་ཐབས་ཤེས་མང་པོ་བྱས་ཏེ་ཆབ་སྲིད་བཙོན་པ་མང་པོ་ཀློད་ཐུབ་པ་བྱུང་ཡོད། ད་དུང་མུ་མཐུད་ད་རྒྱལ་ཁབ་ཁག་གི་གཞུང་དང་ཚོགས་པ་འདྲ་མིན་ལ་འབོད་སྐུལ་ཞུ་རྒྱུ་དང་། བོད་མི་ཚོས་ས་གནས་ས་ཐོག་ཏུ་རྒྱ་མིས་བྱ་སྤྱོད་འདྲ་མིན་སྤེལ་བར་སྐྱོན་བརྗོད་དང་། རྒྱལ་ཁབ་འདྲ་མིན་དང་ས་གནས་འདྲ་མིན་དུ་སྐད་འབོད་ཁྲོམ་བསྐོར་བྱས་ན་ཕན་ཐོགས་ཡོང་གི་རེད་བསམ་ཡོད། གཞན་པའི་ཐབས་ཤེས་གསར་བ་ཨེ་ཡོད་བསམ་གྱི་འདུག

བློ་བཟང་སེང་གེ་ལགས་ཀྱི་བཀའ་ལན། ད་ལྟའི་བར་རྒྱལ་སྤྱིའི་ཚོགས་པ་ཁག་བརྒྱུད་དེ་ཆབ་སྲིད་བཙོན་པ་གང་འཚམ་ཞིག་ཀློད་ཐུབ་པ་བྱུང་ཡོད་པ་རེད་ལ། གཉིས་ནས་བོད་ནང་ཡོད་པའི་ཁྲིམས་རྩོད་པ་མང་པོ་ཞིག་གིས་རྒྱ་ནག་གི་ཁྲིམས་ཤེས་པའི་ཐོག་ནས་ཆབ་སྲིད་བཙོན་པ་ཉེན་ཁ་ཆེ་བའི་རིགས་ཀློད་གྲོལ་གཏོང་མ་ཐུབ་ཀྱང་། ཆུང་ཚགས་རིགས་ལ་ཁ་མཆུ་བརྒྱབ་སྟེ་ཁྲིམས་རྩོད་བྱས་ན་ཕན་ཐོགས་ཡོང་གི་རེད། དཔེར་ན། པེ་ཅིན་དུ་ཡོད་པའི་ཁྲིམས་རྩོད་པ་ཁ་ཤས་ཤིག་གིས་འབད་བརྩོན་བརྒྱུད་དེ། ཨ་མདོ་ཁུལ་གྱི་བཙོན་པ་ཁག་ཅིག་ཀློད་གློལ་ཐུབ་པ་བྱུང་ཡོད་པ་རེད།

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ལན།  གཙོ་བོ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་རིགས་བསྐྱལ་ཏེ། རྒྱལ་སྤྱིའི་གནོན་ཤུགས་འོག་སེལ་རྒྱུ་དེ་གལ་ཆེན་པོ་རེད། རྒྱ་ནག་གཞུང་ལ་མཚོན་ན། རྒྱལ་སྤྱིའི་གནོན་ཤུགས་ཡོང་གི་མེད་པའི་བསམ་ཚུལ་ཡོད་ཀྱང་། རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཆེ་མཐོང་ཞིག་དགོས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་བྱེད་ཐུབ་པ་ཡིན་ན། ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག

དྲི་བ། བཀའ་བློན་ཁྲི་པར་བདམས་ཐོན་བྱུང་རྗེས། ཕྱག་རོགས་བཀའ་བློན་ལྷན་ཚོགས་དེ་ཆོལ་ཁ་ཆོས་ལུགས་རིས་མེད་འདེམ་རྒྱུ་ཡིན་མན། ཕོ་མོ་དབྱེར་མེད་འདེམ་རྒྱུ་ཡིན།

བློ་བཟང་སེང་གེ་ལགས་ཀྱི་བཀའ་ལན། གཙོ་བོ་བཀའ་བློན་སུ་བདམས་པ་ཡིན་ཡང་། ལྷག་བསམ་དང་སེམས་ཤུགས། འཇོན་ཐང་ཡོད་པ་ཞིག་འདེམ་རྒྱུ་གལ་ཆེན་པོ་ཞེ་དྲག་རེད། དེའི་སྒང་ལ་ང་རང་གིས་བཀའ་བློན་རྒན་པ་ ༣ དང་གཞོན་པ་ ༤ འདེམ་རྒྱུ་ཡིན་ཟེར་གྱིན་ཡོད། དེའི་ཁྲོད་ད་ལྟའི་བཀའ་ཤག་ནང་ནས་བཀའ་བློན་བསྐོ་རྒྱུ་ཡིན། ཟམ་གདོང་རིན་པོ་ཆེ་མཆོག་ལ་སློབ་སྟོན་ཞུ་རྒྱུ་ཡིན། དེ་ལས་གཞན། ང་རང་གི་བསམ་པར་ཆོལ་ཁ་རེ་ལ་འཇོན་ཐང་ཅན་ཏན་ཏན་ཡོད་པ་རེད། ང་ཚོ་ཚང་མ་འགྲོ་བ་མིའི་ཐོབ་ཐང་དང་བུད་མེད་ཀྱི་ཐོབ་ཐང་རྩོད་མཁན་ཡིན་སྟབས། བུད་མེད་ཀྱང་བསྐོ་རྒྱུ་ཡིན།  

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ལན། བཀའ་བློན་དེ་ལས་ཁུངས་སོ་སོའི་ནང་ཕྱག་ལས་གནང་ཐུབ་མཁན་ཞིག་དགོས་ཀྱི་ཡོད་པ་རེད། ང་ཚོའི་སྤྱི་ཚོགས་ནང་མི་མྱོང་རྒྱུས་ཅན་དེ་འདྲ་མང་པོ་ཡོད་པ་རེད། ལས་ཁུངས་གང་ཡིན་ཡང་ལས་ཁུངས་དེའི་ལས་འགན་དང་འབྲེལ་བའི་ཐོག་ལ་མྱོང་རྒྱུས་ཅན་ཞིག་བསྐོ་རྒྱུ་གལ་ཆེན་པོ་རེད་སྙམ།  

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཀའ་ལན། བཀའ་ཤག་ནང་ཕེབས་མཁན་གྱི་མི་དེ་ཆོལ་ཁ་ཆོས་ལུགས་དང་ཕོ་མོ། རྒན་གཞོན། སློབ་སྟོན་པ་དགོས་པའི་སྐོར་སོགས་ད་ལྟ་ནས་བཤད་པའི་དུས་ཚོད་ཏག་ཏག་ཅིག་རེད་བསམ་གྱི་མེད། གང་ཡིན་ཞེ་ན། ཆོལ་ཁ་ཆོས་ལུགས་དང་རྒན་གཞོན། ཕོ་མོ་ཚང་དགོས་པ་དེ་ཚོ་སྤྱི་འཐུས་ལྷན་ཚོགས་ནང་ཚང་བསྡད་ཡོད་པ་རེད། བཀའ་ཤག་ནང་ཕེབས་མཁན་ཚོ་སྤྱི་བའི་ལས་དོན་སྒྲུབ་མཁན་རེད། ལྷན་ཁང་རེ་རེའི་ནང་ཉམས་མྱོང་དང་འཇོན་ཐང་། ལས་དོན་བསྒྲུབ་ཐུབ་མཁན་གྱི་མི་དགོས་པ་རེད། མཚན་ཉིད་དེ་དག་ཚང་བའི་རྗེས་ལ་ཆོལ་ཁ་ཆོས་ལུགས་དང་ཕོ་མོའི་མཚན་ཉིད་ཚང་བ་ཡིན་ན་རྒྱན་རེད།  

དྲི་བ། མ་འོངས་པར་བོད་པའི་རྩ་དོན་འཐབ་རྩོད་ཐོག་ནུས་པ་གཅིག་ཏུ་སྤུངས་ཏེ། མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་ཡོང་རྒྱུར་ཐབས་ལམ་གང་འདྲ་ཡོད་དམ།  

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ལན། རྩ་དོན་འཐབ་རྩོད་ཀྱི་ནུས་པ་ཆིག་བསྒྲིལ་ཡོང་ཐབས་གཙོ་བོ་ཕྱི་གསལ་ནང་གསལ་གནང་རྒྱུ་དེ་གལ་ཆེན་པོ་རེད་དྲན་ཡོད།  

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཀའ་ལན། སྤྱི་བའི་ལས་དོན་བསྒྲུབ་དགོས་དུས་སྐད་ཆ་མང་པོ་བཤད་པ་ལས། དངོས་སུ་ལས་དོན་ཐོག་ལ་གྲུབ་འབྲས་སྟོན་དགོས་པ་རེད། ལས་དོན་གྱི་ཐོག་ནས་དྲང་པོ་དྲང་བཞག་བྱས་པ་ཡིན་ན། གོང་བུ་གཅིག་གྱུར་ཡོང་གི་རེད

བློ་བཟང་སེང་གེ་ལགས་ཀྱི་བཀའ་ལན། ང་རང་གི་ལྟ་གྲུབ་གསུམ་ལས་ཆིག་སྒྲིལ་དང་པོར་བཞག་ཡོད་ལ། ཆིག་སྒྲིལ་གལ་ཆེན་དུ་རྩིས་ཏེ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང་བཀྲ་ཤིས་དབང་འདུས་རྣམ་གཉིས་ཀྱི་ལྷག་བསམ་དང་སེམས་ཤུགས། འདས་པའི་ལོ་མང་རིང་གི་བྱ་བའི་ཉམས་མྱོང་དང་ལས་དོན་གྲུབ་འབྲས་སོགས་ཡིག་ངག་གཉིས་ཐོག་ནས་ཞུས་བསྡད་པ་ཡིན། ང་ཚོ་འོས་མི་ཡིན་པའི་སྐབས་ནས་ང་ཚོ་གསུམ་ཆིག་སྒྲིལ་ཡོད་པའི་རྣམ་པ་སྟོན་རྒྱུ་གལ་ཆེན་པོ་ཡིན་སྟབས། ཁོང་རྣམ་པ་གཉིས་ལ་བསྟོད་བསྔགས་བྱས་བསྡད་པ་ཡིན་ལ། མ་འོངས་པའི་ལས་ཀ་བྱེད་ཕྱོགས་ཀྱི་ཐོག་ནས་ཀྱང་ཆིག་སྒྲིལ་གཙོ་བོར་བཞག་ཏེ་ཆོལ་ཁ་དབྱེར་མེད་དང་ཆོས་ལུགས་རིས་མེད། ཕོ་མོ་འདྲ་མཉམ་གྱི་ཕྱག་ལས་གནང་རྒྱུ་ཡིན།  

དྲི་བ། བཙན་བྱོལ་བོད་མིའི་མི་འབོར་འཕེལ་རྒྱས་གཏོང་ཕྱོགས་ཐད་འཆར་གཞི་གང་འདྲ་ཡོད་དམ།

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ལན། སྔོན་མ་གསར་སྐྱེས་ཉུང་དུ་འགྲོ་བའི་ཐད་དགོངས་འཆར་མང་པོ་བྱུང་བ་རེད་ལ། ཕྲུ་གུ་མང་པོའི་རིགས་ལ་གཞུང་ནས་སློབ་ཡོན་གནང་རྒྱུའི་ལས་འཆར་བཟོས་པ་རེད། ང་རང་གི་བསམ་ན་ད་ལྟའི་ཆར་མི་འབོར་ཉུང་རུ་འགྲོ་བ་དེ་ཕ་མས་གསོ་སྐྱོང་མ་ཐུབ་པ་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་མེད་པར། སྤྱི་ཚོགས་དང་ཁོར་ཡུག་འགྱུར་བ་ཕྱིན་པ་ཞིག་ཡིན་སྟབས། ཐབས་ལམ་འདི་འདྲ་ཞིག་གི་སྟེང་ནས་སེལ་དགོས་ཞེས་བཤད་དཀའ་ཡང་། གོ་བསྡུར་གནང་བ་དང་བསྐྱར་ཞིབ་བྱ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཀའ་ལན། མི་འབོར་འཕེལ་དགོས་ན་བུད་མེད་ཚོ་ཆང་ས་རྒྱག་དགོས་པ་རེད། ཆང་ས་སྔ་མོར་བརྒྱབ་ན་ཕྲུ་གུ་མང་པོ་སྐྱེ་ཐུབ་པ་རེད། ལོ་གཞོན་མང་པོ་དགོན་པ་ཁག་ཏུ་འགྲོ་བཞིན་པ་དེ་ཡང་ཉུང་དུ་གཏོང་དགོས་པ་རེད། གཞུང་གི་ངོས་ནས་ཕྲུ་གུའི་སློབ་སྦྱོང་གི་མཐུན་འགྱུར་ཐོག་དགོངས་པ་བཞེས་དགོས་པ་རེད།

བློ་བཟང་སེང་གེ་ལགས་ཀྱི་བཀའ་ལན། གཞིས་ཆགས་ཁུལ་མང་ཆེ་བར་བསྐོར་བ་བརྒྱབ་པ་ཡིན། གཞིས་ཆགས་གཅིག་གི་ནང་མི་འབོར་འཕེལ་རྒྱས་ཆེན་པོ་འགྲོ་གི་འདུག གཞིས་ཆགས་དེ་མེའོ་གཞིས་ཆགས་རེད། མི་ཚང་རེར་ཕྲུ་གུ་བདུན་བརྒྱད་ཡོད་མཁན་མང་པོ་འདུག བོད་གཞུང་གིས་གཞིས་ཆགས་དེར་ཞིབ་འཇུག་བྱ་དགོས་པ་རེད། ཤེས་ཡོན་དང་འཕྲོད་བསྟེན། སྤྱི་ཚོགས་ཀྱི་མཐུན་རྐྱེན་སོགས་ཀྱིས་མ་འདང་བ་ཡིན་ན། བོད་གཞུང་གི་ངོས་ནས་མཐུན་འགྱུར་གནང་དགོས་པ་རེད།

དྲི་བ། བལ་ཡུལ་ནང་གི་བོད་མི་ཚོར་འཕྲལ་ཕུགས་ཀྱི་དཀའ་ངལ་མང་པོ་ཞིག་ཡོང་གི་ཡོད་པ་དེ་སེལ་རྒྱུར་དགོངས་འཆར་གང་འདྲ་ཡོད་དམ།  

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་བཀའ་ལན། བལ་ཡུལ་ཁོ་རང་ཚོའི་ཆབ་སྲིད་གཏན་མ་འཁེལ་བར། བོད་མི་ཚོར་དམིགས་བསལ་བྱ་ཐུབ་པ་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག འོན་ཀྱང་། ང་ཚོས་ཕྱོགས་ཡོངས་ནས་འབྲེལ་བ་བྱས་ཏེ། རྒྱ་གར་དང་ཨ་རིའི་གཞུང་ལ་སྐྱབས་བཅོལ་ཏེ་བལ་ཡུལ་བོད་མི་ཚོར་དམིགས་བསལ་གྱི་དཀའ་ངལ་དང་གདུག་རྩུབ་མི་ཡོང་བའི་འབོད་སྐུལ་ཞུ་དགོས་པ་རེད། དེ་མིན། ད་ཆར་བལ་ཡུལ་རང་གི་ཆབ་སྲིད་བརྟན་པོ་མེད་པ་དང་། ལྷག་པར་དུ་རྒྱ་གཞུང་གིས་ནུས་པ་འདྲ་མོན་འདོན་གྱི་ཡོད་སྟབས། ང་ཚོས་ཐད་ཀར་བལ་ཡུལ་ནང་གི་གནས་ཚུལ་ལ་འགྱུར་བ་གཏོང་རྒྱུའི་ཆ་རྐྱེན་ཚང་ཡོད་པ་མ་རེད།

བློ་བཟང་སེང་གེ་ལགས་ཀྱི་བཀའ་ལན། གཅིག་བལ་ཡུལ་གཞུང་ནང་ཡོད་པའི་གནད་ཡོད་མི་སྣ་དང་ཐད་ཀར་འབྲེལ་བ་བྱས་ཏེ་བཀའ་མོལ་གནང་རྒྱུ་དང་། གཉིས་པ། རྒྱ་གར་གཞུང་དང་། གསུམ་པ་ཨ་རིའི་གཞུང་བཅས་ལ་འབོད་སྐུལ་ཞུ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག དེ་བཞིན་བལ་ཡུལ་ནས་ཨ་རིར་གཏོང་བའི་ལས་གཞི་དེའི་ཐོག་ལ་ཡང་མུ་མཐུད་དུ་ནུས་པ་བཏོན་པ་ཡིན་ན་གྲུབ་འབྲས་འཐོན་ཐུབ་པ་ཞིག་རེད།

བཀྲ་ཤིས་དབང་འདུས་ལགས་ཀྱི་བཀའ་ལན། ང་རང་གི་བསམ་པར། བལ་ཡུལ་གཞུང་གི་ཆབ་སྲིད་བརྟན་པོ་མ་ཡོང་བའི་དབང་གིས་བོད་པ་ཚོར་ཞོར་དུ་དཀའ་ངལ་བྱུང་བ་རེད་མ་གཏོགས། བལ་ཡུལ་མི་མང་གི་ངོས་ནས་བོད་པའི་ཐོག་ལ་མ་དགའ་བ་དེ་འདྲ་ཡོད་པ་མ་རེད་བསམ་གྱི་འདུག ང་ཚོས་བལ་ཡུལ་མགོ་ཁྲིད་ཚོར་འབྲེལ་བ་བྱ་རྒྱུ་དང་མི་མང་ལ་འབྲེལ་བ་བྱ་རྒྱུ། དེ་བཞིན། བལ་ཡུལ་ལ་རོགས་སྐྱོར་གནང་མཁན་རྒྱལ་ཁབ་ཁག་ལ་འབོད་སྐུལ་ཞུ་དང་། བོད་གཞུང་ལ་དེ་སྔ་ནས་དགོངས་གཞི་ཡོད་པ་ལྟར། ཕྱི་རྒྱལ་ཁག་ལ་སྐྱབས་བཅོལ་དུ་ལེན་རྒྱུ་བཅས་ཕྱོགས་གཉིས་ཀར་འབད་པ་བྱ་དགོས་པ་རེད།  

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༥ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 8

  1. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    མ་འོང་བོད་མི་ས་ཡ་དྲུག་གི་ཆེད་དུ་མཁས་དབང་བློ་བཟང་སེང་གེ་ལགས་ལ་རྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད་ལ་དགོས་ངེས་ཡང་རེད།
    ཚ་བ་བློ་བཟང་རྒྱལ་མཚན་།             ནོར་གླིང་།

    Reply
  2. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    ཨོ་་་་་་ད་མ་འགྲིག་ཐར་་་་བོད་མི་ས་ཡ་དྲུག་གི་འདུན་ལམ་ལས་རང་ཉིད་ཀྱི་བུ་ཕྲུག་གཅིག་གི་འདུན་ལམ་གལ་འགལ་ཆེ་བ་འཛིན་མཁན་ཞིག་ལ་ལྷ བསམ་ཅན་གྱི་མི ཞིག་ལ་ངོས་འཛིན་བྱེད་ནས་མི་རིགས་འདིའི་སྣེ་ཁྲིད་མཁན་ཏུ་གདང་བཀོད་བྱ་ན། བོད་མི ཉལའཕྲ་ཡི་དུས་སྐབས་འདིར་ཉན་ཁ་ཞིག་རྟེན་རྟེན་རེད་ལ་རྒྱ་ནག་གིས་དུས་གཏབ་དུ་ཏ་ལས་བླ་མས་སྤྱི་ཚོགས་རྙིད་པ་རོ་ལང་དང་སྐུ་དྲགས་རིམ་ལུག་བསྐྱར་གསོལ་བྱས་མཁན་རེད་ཞེ་རྒྱ་སྤྱིའི་ཐོག་ཏུ་ཁྱབ་བསྒྲག་བྱེད་བཞིན་པ་དེ་ཡང་དངོས་འགྱུར་ཏུ་བྱུང་ངེས་རེད།
    རྩོམ་སྒྲིག་པ་ལགས་དེ་སྔོན་ངའི་བསམ་ཚུལ་མང་དྲ་རྒྱ་རུ་འཇུག་མི་འདུགག་དེ་རྒྱུ་མཚན་གསལ་པ་ཞིག་གསུངས་རོག    
    ད་ཐེངས་འདི་ངེས་པར་དུ་འཇུག་རྒྱུ

    ཚ་བ་བློ་བཟང་རྒྱལ་མཚན།     ནོར་གླིང་།

    Reply
  3. ཁམས་པ། says:
    ལོ་ 14 སྔོན།

    སྤྱིའི་ཆ་ནས་བགྲོ་གླེང་དེ་ཡག་པོ་བྱུང་སོང་། ཨ་རླུང་ཚང་ལ་ཐུགས་རྗེ་ཆེ་ཞུ།

    Reply
  4. ཀིརྟི་སྐྱབས། says:
    ལོ་ 14 སྔོན།

    ངས་གནད་འགག་ཅན་དུ་མཐོང་བའི་དྲི་བ་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཅི་ཡོད་སྐོར་གྱི་་དྲི་བ་འདི་རེད། དེ་ལ། བཀྲ ས་མཐོང་གིས་རྒྱ་མིས་བོད་ལ་གནོད་འཚེ་ཇི་བྱས་ཀྱི་ལོ་རྒྱུས་ངོ་སྤྲོད་བྱེད་དགོས་པ་དང་། བོད་ཀྱི་བདེན་དོན་ངོ་སྤྲོད་བྱེད་དགོས་ཟེར། བློ་སེང་གིས་རྒྱལ་སྤྱིའི་འགྱུར་ལྡོག་གི་གོ་སྐབས་འཛིན་དགོས་ཟེར། བཀྲ ་ཤིས་དབང་འདུས་ཀྱིས་མུ་མཐུད་དབུ་མའི་ལམ་གྱི་སྒོ་ནས་གྲོས་མོལ་གནང་དགོས་པ་དང། རྒྱ་ནག་མི་མང་ལ་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་བྱེད་དགོས་ཟེར། འདི་ཐམས་ཅད་ད་ལྟ་ལག་ལེན་དུ་བསྟར་དང་བསྟར་བཞིན་པ་ཤ་སྟག་ལས་ཐབས་ལམ་གསར་པ་གང་ཡང་མ་རེད། ཐབས་ལམ་འདི་དག་གིས་གྲུབ་འབྲས་ཐོན་གྱི་མེད་པས་ཐབས་ལམ་གསར་པ་གཞན་ཞིག་དགོས་ཀྱང་རྙེད་ཀྱི་མེད་པ་རེད། བཀའ་ཁྲིའི་འོས་མི་ཚོས་མ་རྙེད་ན་གཞན་གྱིས་དེ་བས་ཀྱང་རྙེད་དཀའ་ཚོད་རེད། གལ་སྲིད་རྙེད་མཁན་ཡོད་ན་འདིར་གསུང་རོགས་གནང་དང་ང་ཚོས་བགྲོ་གླེང་བྱེད།

    Reply
  5. ཀིརྟི་སྐྱབས། says:
    ལོ་ 14 སྔོན།

    གསར་འགོད་པ་ལགས། དགག་བཞག་དང་བཀའ་ཤག་ནོར་འདུག བཀའ་ཤག་གི་ལན་འདེབས་དང་། བཀའ་ཤག་གི་ཚབ་བྱས་ཏེ་ལན་འདེབས་ཟེར་བ་འདི་ཚོ་ཚིག་ཙམ་མིན་པར་དོན་སྟེང་ནས་ཀྱང་སྐྱོན་ཆེ་བས་བཅོས་ན་ལེགས།

    Reply
  6. བོད་པ་ says:
    ལོ་ 14 སྔོན།

    དུས་བབས་ཚང་བྱི་བ་རྐྱང་རྐྱང་རེད་ཟེར་བ་ནི་བདེན་པ་ཡིན་པ་འདྲ།
    གསར་འགྱུར་འདིའི་སྒྲོམ་གཞི་ལ་འགྱུར་བ་བཏང་འདུག།
    སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་བའི་འོས་མི་རེད་དམ་བཀའ་ཁྲི་སྐབས་གསུམ་པའི་འོས་མི་རེད།
    ཁ་ཤས་ཚིག་ཁོ་རང་གོ་མི་འདུག དཔེར་་ན།
    སྐོར་ཐེངས་དང་པོར་འོས་མི་གཅིག་གི་དྲིས་ལན་ལ། འོས་མི་གཞན་གཉིས་རེ་རེ་ཡིས་བཀའ་ཤག་གི་ཚབ་བྱས་ཏེ་ལན་འདེབས་གནང་བ། འོས་མི་གཞན་གཉིས་རེ་རེ་ཡིས་བཀའ་ཤག་གི་ཚབ་བྱས་ཏེ་ལན་འདེབས་ཅི་ཕྱིར་བྱེད་དགོས་པ་རེད། འོས་མི་གཞན་གཉིས་རེ་རེ་ནས་དགག་བཞག་བྱས་བ་རེད་། བཀག་བཞག་དང་བཀའ་ཤག་ནོར་མི་རུང་

    Reply
  7. བོད་པ་ says:
    ལོ་ 14 སྔོན།

    ད་དུང་དྲི་བ་དང་དྲིས་ལན་བཅད་གཏུབ་མང་པོ་བྱས་ནས་འགྱུར་བ་བཏང་འདུག།

    Reply
  8. འོས་ལངས། says:
    ལོ་ 14 སྔོན།

    ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་ཀུན་གླེང་ལས་རིམ་ནང་ནས་བཀའ་ཁྲིའི་འོས་མིའི་རྩོད་གླེང་ལ་ལྟ་ཉན་བྱས་པས་མ་ཚད། བོད་ཀྱི་དུས་བབ་ནང་དུ་སྐབས་དེའི་དྲི་བ་དྲིས་ལན་རྣམས་དེ་རིང་ཡིག་ཐོག་ཏུ་བཀོད་འདུག་པ་འདིར་ཡང་ཐེངས་གཅིག་ལྟ་ཀློག་བྱས་པ་ཡིན། སྤྱིར་བཏང་ཡིན་ན། ཨ་རིའི་རླུང་འཕྲིན་ཁང་གིས་བཀའ་ཁྲིའི་འོས་མིའི་རྩོད་གླེང་གི་ལས་རིམ་བཀོད་སྒྲིག་བྱས་པ་དེ་འདོད་ཁེངས་ཤིག་གཏན་ནས་ཆགས་མ་སོང་། དེའི་རྒྱུ་མཚན་ནི་མདོར་བསྡུས་ནས་བརྗོད་ན་གཤམ་གསལ་དོན་ཚན་བརྒྱད་དུ་འདུས་ཆོག་པར་བསམ།
    ༡༽ ལས་རིམ་དེ་ཕྱི་ལ་གསལ་བསྒྲགས་བྱས་པ་ལྟར་སྐོང་ཚོགས་བྱས་མེད་པ།
    ༢༽ ཚོགས་ཞུགས་པ་རྣམས་རླུང་འཕྲིན་ཁང་གི་གྲོགས་ཉེ་རྐྱང་རྐྱང་ཡིན་པ།
    ༣༽ ཚོགས་ཁང་ཆུང་དྲགས་པ་དང་ཚོགས་ཞུགས་མཁན་ཉུང་དྲགས་པ།
    ༤༽ དྲི་བ་གཏོང་མཁན་ནི་རླུང་འཕྲིན་རང་གི་ལས་བྱེད་ཁོ་ན་ཡིན་པ།
    ༥༽ རྩོད་གླེང་ལས་རིམ་གྱི་དུས་ཡུན་ཧ་ཅང་ཐུང་དྲགས་པ།
    ༦༽ སྒྲིག་སྲོལ་ལྟ་བུ་ལས་རྩོད་གླེང་ངམ་བགྲོ་གླེང་གི་ངོ་བོར་གནས་མེད་པ།
    ༧༽ དྲིས་ལན་རྣམས་ལ་དུས་བཀག་བཟོས་ཆེས་པས་གསལ་ཁ་དེ་ཙམ་མེད་པ།
    ༨༽ ལས་རིམ་འདི་རླུང་འཕྲིན་ཁང་ཁོ་ནའི་ཆེད་དོན་ལྟ་བུ་ཆགས་འདུག་པ། བཅས་རེད། ཡིན་ན་ཡང་། བཀའ་ཁྲིའི་འོས་མི་གསུམ་པོའི་དྲིས་ལན་རྣམས་ལ་བསམ་གཞིགས་མང་ཙམ་བྱེད་དུས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་དྲིས་ལན་དེ་ཚོ་ཡག་ཤོས་སུ་མཐོང་ཡོང་གི་འདུག ཁོང་ནི་སྲིད་དོན་ལ་མིག་རྒྱང་ཡངས་པོ་ཡོད་མཁན་ཞིག་ཡིན་པ་ཤེས་རྟོགས་འབྱུང་གི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese