ཕྱི་ཚེས་ ༢༣ ཉིན་རྒྱ་གཞུང་གིས་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བའི་ནང་། དྲག་སྤྱོད་པའི་ཉེས་མིང་འོག་ཡུ་གུར་བ་མི་ ༧ ལ་སྲོག་ཁྲིམས་བཅད་ཡོད་སྐོར་བཀོད་འདུག ཡུ་གུར་ས་གནས་འབྲིང་རིམ་ཁྲིམས་ཁང་གིས་ཁྲིམས་བཤེར་གསལ་བསྒྲགས་ནང་། ཨོ་པུའུ་ལིས་ཀི་སི་མུའུ་དང་ཏ་ཝའོ་ཐི། ཐུའུ་ཧི་ཐི་སོགས་མི་ ༡༢ ཀྱིས་གསང་བའི་ཐོག་འདུ་འཛོམས་བྱས་ཏེ། དྲག་སྤྱོད་ལས་དོན་ཐོག་དངུལ་དངོས་བསྡུ་རུབ་དང་དྲག་སྤྱོད་ཡོ་ཆས་ཉོ་སྒྲུབ་བྱས་ཡོད་སྐོར་ཙམ་ལས་ཞིབ་ཕྲའི་ཉེས་དོན་གང་ཡང་ཁ་གསལ་མི་འདུག
ཉིན་དེར་ཡུ་གུར་རང་དབང་འཐབ་རྩོད་པའི་དབུ་ཁྲིད་ལྕམ་རེ་བྷེ་ཡ་ལགས་ཀྱིས། ཨི་ཊ་ལིའི་གྲོས་ཚོགས་འཐུས་མིའི་གཞུང་སྒྲུབ་ཁང་དུ་གཏམ་བཤད་ཅིག་གནང་པའི་ནང་། རྒྱ་གཞུང་གིས་དྲག་གནོན་གྱི་ཐབས་ཤེས་ཁོ་ན་སྤྱད་དེ་ཞིན་ཅིང་དུ་དྲག་པོའི་དམག་དཔུང་འགྲེམས་འཇོག་བྱས་ཏེ། ད་ལྟ་ཀུ་ཧྲི་དང་ཝུ་རུའུ་མའོ་ཆི་གྲོང་ཁྱེར་ནི་འཐབ་ར་ལྟ་བུར་བསྒྱུར་ཡོད། ཡིན་ནའང་། ཉེ་སྔོན་དཀྱིལ་ཤར་ཡུལ་གྲུའི་ནང་མི་མང་གི་གསར་བརྗེ་ཡར་ལངས་བྱུང་སྟེ། སྒེར་གཅོད་སྲིད་དབང་མགོ་རྟིང་སློག་པའི་གནས་སྟངས་དེས་རྒྱ་གཞུང་གི་མཐོ་རིམ་དབང་འཛིན་པ་ཚོར་འཇིགས་སྣང་ཆེན་པོ་བཟོས་ཡོད་ལ། མི་མང་གི་བཟོད་བསྲན་ལ་ཚད་ཡོད་པས་ནམ་ཞིག་དྲག་སྤྱོད་དབང་འཛིན་པར་རྒོལ་ལན་སློག་རྒྱུ་ཡིན་པའི་ངེས་ཤེས་གསལ་བོ་སྤྲད་ཡོད། དེ་བཞིན་ཊོའུ་ནེ་ཤི་ཡ་དང་ཨི་ཇིབ་ཀྱི་ཡར་ལངས་ལས་འགུལ་གྱིས་ཡུ་གུར་མི་རིགས་དང་རྒྱ་ནག་མི་དམངས་ལ་ཤུགས་རྐྱེན་ཐེབས་ཡོད་པར་མ་ཟད། དབང་བསྒྱུར་བཙན་གནོན་འོག་དཀའ་སྡུག་མནར་གཅོད་མྱོང་བཞིན་པའི་མི་དམངས་ལ་སྔར་ལས་ལྷག་པའི་རེ་བ་ཆེན་པོ་ཞིག་སྤྲད་ཡོད། ཅེས་བརྗོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།