ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་དབུས་ཕྱི་ཕྱོགས་དྲིལ་བསྒྲགས་སྡེ་ཚན་གྱི་བཀའ་ཁྱབ་ལྟར། ༼ སྐབས་དང་པོའི་རྒྱལ་ཡོངས་བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ ༽ ཞེས་པ་ཞིག་པེ་ཅིན་དུ་ཚོགས་ཡོད་འདུག ཟབ་སྦྱོང་དེའི་སྟེང་བོད་རང་སྐྱོང་ལྗོངས་དང་སི་ཁྲོན། ཀན་སུའུ། མཚོ་སྔོན། ཡུན་ནན་བཅས་བོད་ཁུལ་གྱི་ལྗོངས་དང་ཞིང་ཆེན། ཁུལ་དང་རྫོང་རིམ་པ་བཅས་ཀྱི་ཕྱི་ཕྱོགས་དྲིལ་བསྒྲགས་སྡེ་ཚན་ཁག་གི་ལས་བྱེད་མི་སྣ་ ༥༠ ལྷག་སྐོང་འགུག་བྱས་ཡོད་འདུག
ཟབ་སྦྱོང་དེའི་མགོ་འཛུགས་མཛད་སྒོའི་སྟེང་། ཀྲུང་དབྱང་ཕྱི་ཕྱོགས་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་རྒྱ་རིགས་ཏུང་ཡོན་ཧུའུ་ཡིས་བརྗོད་དོན། “ལོ་ངོ་དུ་མའི་ཕྱི་ཕྱོགས་དྲིལ་བསྒྲགས་བྱ་བའི་ལག་ལེན་དངོས་ལ་གཞིགས་ན། དུས་རབས་གསར་པའི་ཕྱི་ཕྱོགས་དྲིལ་བསྒྲགས་བྱ་བའི་དགོས་མཁོ་དང་འཚམས་ཤིང་། སྤུས་ཚད་མཐོ་བའི་བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ལས་བྱེད་དང་། ཆེད་མཁས་པའི་དཔུང་སྡེ་ཞིག་འཛུགས་རྒྱུ་ནི། བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་དང་། རྒྱལ་སྤྱིའི་གླེང་ཕྱོགས་ལ་འཐབ་རྩོད་བྱེད་པའི་གོ་རིམ་གཙོ་བོ་ཞིག་དང་། བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་འཕེལ་རྒྱས་ཀྱི་རྩ་བའི་དགོས་མཁོ་གལ་ཆེན་ཞིག་རེད། རྒྱལ་ཡོངས་བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་བསྒྲུབ་རྒྱུ་ནི། ཀྲུང་དབྱང་སྐབས་ལྔ་བའི་བོད་ལྗོངས་བྱ་བའི་ཚོགས་འདུའི་དགོངས་དོན་གལ་ཆེན་ཞིག་ཡིན” ཞེས་སོགས་བརྗོད་འདུག