རྒྱ་གར་གནད་ཡོད་མི་སྣ་ཁག་ཅིག་བཞུགས་སྒར་ངྷ་སར་ཕེབས་ཏེ་༧གོང་ས་མཆོག་ལ་མཇལ་འཕྲད་དང་།རྔ་བ་ཀིརྟི་དགོན་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་གྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།
དེ་རིང་ངྷ་ས་ཐེག་ཆེན་གཙུག་ལག་ཁང་གི་སྒོ་ཆེན་མདུན་ཐང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་བདེ་དོན་ཚོགས་པའི་(Rashtriya Swayamsevak Sangh -RSS) ཚོགས་གཙོ་སྐུ་ཞབས་ཀུ་མར་ (Indresh Kumar ) དང་། བྷི་ཇི་པི་ (BJP) དྲུང་ཆེ་ཟུར་བ་སྐུ་ཞབས་ཨ་ཆཱ་རེ་ཡཱ་ ( Govind Acharya) ལགས་གཉིས་ཕེབས་ཏེ།རྔ་བ་ཀིརྟི་དགོན་དུ་རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་པ་མྱུར་དུ་མཚམས་འཇོག་བྱ་དགོས་པའི་དགོས་འདུན་འོག ཉེ་ཆར་ནས་ཟས་བཅད་ངོ་རྒོལ་གནང་བཞིན་པ་ཚོར་འཚམས་འདྲི་གནང་པ་མ་ཟད། རྒྱ་ནག་གཞུང་གིས་རྔ་པ་ཀིརྟི་དགོན་ལ་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་དང་།རྒྱ་གར་མི་མང་གིས་དྲག་གནོད་འོག་གི་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཡོད་པའི་གསུང་བཤད་ཀྱང་གནང་སོང་།
ཐོག་མར་སྐུ་ཞབས་ཀུ་མར་ལགས་ཀྱིས་ཐེངས་འདིར་ཁོ་ཚོ་དྷ་སར་ཡོང་དོན་ནི། འབྱུང་འགྱུར་གྱི་ཕྱི་ཟླ་༡༠ཚེས་༢༩ནས་ཉིན་གྲངས་བཅུའི་རིང་རྡོ་རྗེ་གདན་དུ་ཧིན་རྡི་ཆོས་དཔོན་མུ་རཱ་རེ་བྷ་བྷུ་ (Shri Murari Babu) ལགས་ཀྱིས་ཧིན་རྡི་ཆོས་འཕྲིན་ཆེན་མོ་ཞིག་འཚོགས་གཏན་ཁེལ་ཡོད་པ་དེར།༧གོང་ས་མཆོག་གདན་འདྲེན་ཞུ་ཆེད་ཡིན་སྐོར་གསལ་བཤད་གནང་རྗེས། ཁོང་གིས་རྒྱ་གར་དང་བོད་པའི་གསར་འགོད་པར་བརྗོད་དོན། ད་ལྟ་རྔ་པ་ཀིརྟི་དགོན་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པ་མྱུར་དུ་མཚམས་འཇོག་ཆེད། རྒྱ་གར་གཙོས་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་གིས་གནོན་ཤུགས་སྤྲོད་དགོས།རྒྱ་གཞུང་གིས་བོད་ཡུལ་འཛུགས་སྐྲུན་ཡར་རྒྱས་གཏོང་གི་ཡོད་ཚུལ་གྱི་ཁ་གཡང་འོག དོན་གྱིས་བོད་མི་ཚོར་བྲན་གཡོག་ལམ་ལུགས་ལག་བསྟར་བྱེད་ཀྱིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་ཡོད།ཅེས་བརྗོད་བྱུང་།
མུ་མཐུད་དུ་སྐུ་ཞབས་ཨ་ཆཱ་རེ་ཡཱ་ལགས་བརྗོད་དོན། བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པ་དང་།ཐེངས་འདིར་རྔ་པ་ཀིརྟི་དགོན་པར་རྒྱ་གཞུང་གིས་དྲག་གནོན་བྱེད་ཀྱིན་པ།ཆོས་བྱེད་དགོན་སྡེ་ཁག་ནང་རྒྱ་ནག་དྲག་ཆས་དམག་མིས་གང་བྱུང་བཙན་འཛུལ་བྱས་པ་བཅས་དོན་ཚན་གསུམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱ་དགོས་པ་དང་།ལྷག་པར་དུ་རྒྱ་གར་གཞུང་གིས་ལངས་ཕྱོགས་བརྟན་པོ་བཟུང་སྟེ།གནད་དོན་འདི་དག་གི་ཐད་རྒྱ་གཞུང་དང་མཉམ་དུ་སྐད་ཆ་བཤད་དགོས་པ་རེད།ཅེས་དང་།དེ་བཞིན་རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་གཏོང་བཞིན་པའི་གནད་དོན་ཐད་རྒྱ་གར་གཞུང་གིས་གཙོ་འགན་ཁུར་ཏེ།མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡིངས་ཆའི་སྟེང་འཁྱེར་དགོས་པ་རེད། ཅེས་བརྗོད་སོང་།
མཇུག་མཐར་གཞོན་ནུའི་ཚོགས་གཙོ་མཆོག་གིས་གསུངས་དོན།དེ་རིང་གི་གསར་འགོད་གསལ་བསྒྲགས་འདི་མ་བསྐྱངས་སྔོན་ལ། ང་ཚོ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཁོང་ཚོ་དང་མཉམ་དུ་ཐུག་འཕྲད་གླེང་མོལ་བྱས་སྐབས།སྤྱིར་བོད་ཀྱི་རྩ་དོན་ཐད་རྒྱ་གར་ཡུལ་མི་དང་བོད་མིའི་མཉམ་ལས་ཇི་ལྟར་བྱ་དགོས་སྐོར་དང་།ལྷག་པར་དུ་ཐེངས་འདིར་རྔ་པ་ཀིརྟི་དགོན་ལ་རྒྱ་ནག་དྲག་ཆས་དམག་མི་སྟོང་ཕྲག་གིས་སྐོར་ཡོད་པའི་ཛ་དྲག་གི་གནས་སྟངས་ཐད།རྒྱ་གར་རྒྱལ་ཡོངས་ལ་ཤུགས་རྐྱེན་ཡོད་པའི་ཚོགས་པ་འདི་བརྒྱུད་ནས། རྒྱ་གར་གྲོས་ཚོགས་ནང་གནད་དོན་འདིའི་སྐོར་ལ་གླེང་སློང་ཡོང་ཐབས་དང་།དེ་བཞིན་རྒྱ་གར་གཞུང་དང་པེ་ཅིན་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཀྱིས་གནད་དོན་འདིའི་ཐད་རྒྱལ་སྤྱིའི་སྲིད་གཞུང་དང་ཚོགས་སྡེ་ཁག་ལ་འབོད་སྐུལ་ཞུས་ཏེ། རྔ་པ་ཀིརྟི་དགོན་ལ་དྲག་གནོན་བྱེད་བཞིན་པའི་རྒྱ་གཞུང་གི་བྱ་སྤྱོད་མྱུར་དུ་མཚམས་འཇོག་བྱ་རྒྱུར་གནོན་ཤུགས་སྤྲོད་པའི་ཐད་ནུས་པ་འདོན་དགོས་པའི་འབོད་སྐུལ་ཞུས་ཡོད། ཅེས་གསུངས་སོང་།
གསར་འགོད་གསལ་བསྒྲགས་ཀྱི་གཏམ་བཤད་རྫོགས་མཚམས་སུ། གསར་འགོད་པས་ཉེ་ཆར་ཧི་མ་ཅལ་མངའ་སྡེའི་ནང་གི་བོད་མི་དང་དགོན་སྡེ་ཁག་ཅིག་གི་ས་ཆའི་བདག་དབང་ཐད་དཀའ་ངལ་འཕྲད་ཡོད་པའི་ཐད་དགོངས་ཚུལ་ག་རེ་ཡོད་མེད་དྲིས་པར། སྐུ་ཞབས་ཀུ་མར་ལགས་ཀྱིས་ལན་འདེབས་གནང་དོན། བོད་ཀྱི་དཀའ་རྙོག་འདི་རྒྱལ་སྤྱིའི་རྩ་དོན་ཞིག་ཆགས་ཡོད་སྟབས་ཚང་མས་རྒྱབ་སྐྱོར་བྱ་དགོས་པ་ཞིག་རེད། འོན་ཀྱང་། རྒྱ་གར་དབུས་གཞུང་གིས་ཐག་གཅོད་གང་བྱས་པ་དེ་ཧི་མ་ཅལ་མངའ་སྡེ་གཞུང་གིས་ལག་བསྟར་བྱ་དགོས་པ་ཞིག་ཆགས་ཡོད། གང་ལྟར་རྒྱ་གར་གཞུང་དམངས་གཉིས་ཀྱིས་བོད་མི་ཚོར་དཀའ་ངལ་བཟོ་འདོད་ཡོད་པ་མ་རེད། གནད་དོན་འདིའི་ཐད་དབུས་གཞུང་གིས་ཞིབ་འཇུག་གང་ལེགས་བྱས་ཏེ། གང་དྲག་ཅི་དྲག་བྱ་རྒྱུ་ཡིན་པར་ང་ལ་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད། ཅེས་བརྗོད་བྱུང་།
གསར་འགོད་པ།བནྡེ་སྐྱབས།
འོས་ཤོག་རག་སོང་།
བོད་དོན་མི་དགོས་པའི་བཀའ་བློན་ཁྲི་པ།
གནས་ཚང་ལགས། གང་ཡང་གནང་བགྱིད་མ་རེད། རྗེས་མ་རྒྱ་གར་བ་གཉིས་པོ་དེ་གཉིས་བཀའ་ཁྲིའི་འོས་མིར་བཅུགས་ནས་ལྟ་ཚོད་བྱེད་ཆོག་བགྱི་རེད། མ་རེད་པེ་ལགས།
རྒྱ་གར་བས་གནའ་ནས་ད་ལྟ་བར་གཏམ་བཤད་བྱས་ནས་ཡོང་བ་རེད། ཡིན་ནའང་ངེས་དོན་དུ་ཅི་ཞིག་བཤད་ཀྱི་ཡོད་པ་ཤེས་དཀའ། གང་ལྟར་རང་ངོས་ནས་ནུས་ཤུགས་ཅི་ཡོད་འདོན་རྒྱུ་དེ་ཧ་ཅང་གལ་ཆེན་རེད། དེ་མིན་གཞན་གྱིས་བྱས་པས་དེ་འདྲའི་ནུས་པ་ཐོན་གྱི་ཡོད་མེད་ཧ་གོ་ཡི་མི་འདུག་་
ད་རེས་བཀའ་ཁྲིའི་འོས་མིར་ལངས་མཁན་ཚོར་གྲགས་འགུལ་མི་འདུག་ག ག་རེ་གནང་སོང་བ་རེད། འོས་ཤོག་མ་གཏོགས་བོད་དོན་དགོས་ཀྱི་ཡོད་ན། སུས་ཤེས་ཀྱི་ཡོད།