ཕྱི་ཚེས་ ༥ ཉིན་ནོར་ཝེ་རྒྱལ་ས་ཨོ་སི་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཐད་ཀྱི་ཆེད་དམིགས་མཐོ་རིམ་དཔོན་རིགས་ནེ་ཝེ་ཕེ་ལེ་ (Navi Pillay) ལགས་ཀྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོས་ནས་མི་འགྱང་པར་མི་སྣ་གོ་སྒྲིག་བྱས་ཏེ། ལྡི་ལིར་ཟས་བཅད་ངོ་རྒོལ་གནང་བཞིན་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་ལ་འཚམས་འདྲིའི་གཟིགས་སྐོར་གནང་རྒྱུ་ཡིན་སྐོར་བརྗོད་འདུག
ཁོ་མོས་ད་དུང་། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་དུ་བྱུང་དང་འབྱུང་བཞིན་པའི་དཀའ་སྡུག་གནས་སྟངས་ཐད། རྒྱལ་ཚོགས་ཀྱི་འཐུས་ཚབ་ཚོགས་པ་ཞིག་བོད་དུ་བཏང་སྟེ་དངོས་ཡོད་གནས་ཚུལ་རྒྱུས་ལོན་ཡོངས་ཐབས་ལ་འབད་བརྩོན་གནང་བཞིན་ཡོད་ལ། མ་འོངས་པར་ཡང་མུ་མཐུད་དུ་རྒྱ་ནག་གཞུང་དང་འབྲེལ་བ་བྱས་ཏེ་གང་མགྱོགས་བོད་ནང་བསྐྱོད་ཐུབ་རྒྱུར་ཤུགས་རྒྱག་གི་ཡིན། རྒྱ་གཞུང་གིས་ལས་དོན་དེར་ངོས་ལེན་གནང་དང་མ་གནང་གི་གནས་ཚུལ་ཅི་བྱུང་བ་དེ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཡོངས་གྲགས་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ཅེས་བརྗོད་འདུག
ཁོ་མོའི་གཏམ་བཤད་དེ་ནི། རྒྱལ་ས་ཨོ་སི་ལོར་ནོར་ཝེ་རྒྱལ་ཁབ་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འཐུས་ཚབ་དང་ལྷན་དུ་གྲོས་མོལ་ཚོགས་འདུའི་གཏམ་བཤད་སྐབས་བརྗོད་འདུག་ལ། ད་དུང་ནོར་ཝེ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། རྗེས་ཕྱོགས་ཀྱང་མུ་མཐུད་དུ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་འདུག
གསར་འགོད་པ། ཚེ་རིང་རྒྱལ།
ངས་ཀྱང་གསར་འགོད་པ་ལ་བཀའ་དྲིན་ཆེ་ཞུའོ།།
གསར་འགྱུར་ཡག་པོ་ཞིག་རེད། གསར་འགོད་པ་ལགས་ཐུགས་རྗེ་ཆེ།