གཞི་རྩའི་ལོ་རྒྱུས་ཀྱི་འབྱུང་ཁུངས་ལ་བལྟས་ན་དགའ་ལྡན་ཕོ་བྲང་ནི་དགེ་ལུགས་པའི་གཞུང་ཞིག་དང་དབུས་གཙང་གི་གཞུང་ཆགས་ཡོད། ང་ཚོ་བོད་པའི་ཁ་རྒྱུན་ལ་བོད་སྡེ་པ་གཞུང་ཞེས་རྗོད་ཀྱི་ཡོད་སྟབས། གངས་ཅན་ཡོངས་རྫོགས་ལ་ཁྱབ་ཀྱི་མི་འདུག ཆོལ་ཁ་གསུམ་གྱི་མི་མང་གིས་དབྱེ་བ་མེད་པར་འོས་བསྡུའི་ལམ་ནས་འདེམས་ཐོན་བྱས་པ་དེ། ཆོལ་ཁ་ཚང་མའི་ཚབ་བྱ་ཐུབ་རྒྱུར་ཁྱད་པར་ཡོང་གི་ཡོད། ཅེས་༧གོང་ས་མཆོག་གིས་གསུངས།
ཨ་རིའི་མེ་ནི་སོ་ཊ་གཙུག་ལག་སློབ་གྲྭ་དང་། བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གདན་ཞུས་ལྟར། ཟླ་འདིའི་ཕྱི་ཚེས་ ༧ ཉིན་༧གོང་ས་མཆོག་གིས་བྱང་ཨ་རིའི་ས་གནས་འདྲ་མིན་ནས་ཕེབས་པའི་བོད་མི་ ༢༠༠༠ བརྒལ་བར་དམིགས་བསལ་བཀའ་སློབ་ཅིག་གནང་ཡོད་འདུག་ལ། སྐབས་དེར་༧གོང་ས་མཆོག་གིས་བོད་ཀྱི་རྩ་དོན་ཐད་ལ། བོད་མིའི་སྒྲིག་འཛུགས་གཙོ་བོ་དེ་རྒྱ་གར་ནང་དུ་ཡོད་ལ། དེ་དག་ལའང་སྤྱི་པའི་འགྲོ་སོང་གཏོང་རྒྱུ་ཞིག་དགོས་ཀྱི་ཡོད་དུས། ཁྱེད་ཚོས་སྤྱི་པའི་དཔྱ་ཁྲལ་དངུལ་འབབ་སྤྲོད་རྒྱུ་དེར་ད་བར་ཧུར་ཐག་གནང་འདུག་ལ་ད་དུང་ཡང་ཡིག་ཐོག་ལ་བཀོད་པ་བཞིན་ཧུར་ཐག་བྱ་དགོས། ང་ཚོ་བོད་མི་བཙན་བྱོལ་བ་ཆགས་ཡོད་དུས། ཚང་མ་ཐུགས་མཐུན་ཁྲིམས་གཙང་དགོས་རྒྱུ་གལ་ཆེན་རེད། སྐབས་རེར་རྒྱག་རེས་ཕྲན་བུ་ཤོར་བ་ཡོང་གི་ཡོད་ཀྱང་། གཅིག་གིས་གཅིག་ལ་སེམས་ངན་བཅངས་ཏེ་ཤོག་ཁག་བསྒྲིག་རྒྱུ་རྩ་བ་ནས་ཡོད་པ་མ་རེད། ང་ཚོ་བོད་རིགས་གཅིག་གྱུར་ཡིན་སྟབས། ཚང་མ་མཐུན་པོ་བྱས་ཏེ་གཅིག་གིས་གཅིག་ལ་རོགས་པ་ཡག་པོ་བྱ་དགོས། ཞེས་གསུངས་འདུག
༧གོང་ས་མཆོག་གིས་སྲིད་ཀྱི་དབང་ཆ་འདོར་དགོས་དོན་སྐོར་ལ། ང་ཚོ་རང་དབང་ཐོབ་ཐང་གང་འཚམ་ཞིག་གི་ཐོག་བོད་དུ་ཕྱིར་ལོག་བྱ་རྒྱུ་བྱུང་མཚམས། རྒྱལ་བ་རིན་པོ་ཆེར་ཡོད་པའི་དབང་ཆ་རྣམས་ས་གནས་གཞུང་ལ་རྩིས་སྤྲོད་རྒྱུ་ཡིན་ཞེས་དེ་སྔོན་ནས་གསལ་པོ་བཟོས་ཡོད་ལ། དེ་ནས་ལོ་གང་འཚམ་ཞིག་ཕྱིན་ཡོད་པ་རེད། དེ་འདྲ་བྱས་ཏེ་བལྟས་ཡོང་སྐབས། ད་ཆར་བཙན་བྱོལ་གྱི་བོད་པ་ཚོས་མང་གཙོའི་ཐོག་དོ་སྣང་དང་འགན་ཁུར་ལེན་རྒྱུར་ཧ་ཅང་ཡར་རྒྱས་ཕྱིན་ཡོད་སྟབས། དུས་ལ་བབས་པ་ལྟ་བུ་ཞིག་ཏུ་མཐོང་བྱུང་། ཞེས་དང་། རྒྱལ་བ་སྐུ་ཕྲེང་དང་པོ་ནས་བཞི་པའི་བར་ཆོས་ཕྱོགས་ཁོ་ནའི་དབུ་ཁྲིད་གནང་ཡོད་པ་ལས། ༧གོང་ས་ལྔ་པ་ཆེན་པོའི་བར་ལུགས་གཉིས་ཟུང་འབྲེལ་གྱི་དབུ་ཁྲིད་གནང་མེད་ལ། ༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཆགས་པ་རེད། མགོ་དེ་འདྲ་བྱས་ནས་བཙུགས་པ་རེད་ལ། སྔ་ཕྱི་མ་གཏོགས་དེའི་མཇུག་བསྡུ་དགོས་པ་ཞིག་ཆགས་ཡོད། རྐྱེན་ངན་ཞིག་གི་འོག་མཇུག་བསྡུས་པ་ཡིན་ན། སྐུ་གོང་མ་ཚོའི་མཚོན་དོན་དཔུང་འདེགས་ཡོང་རྒྱུའི་ཚབ་ལ་མཚན་ཤས་ཡོང་རྒྱུའི་ཉེན་ཁ་ཡོད། ད་ལྟ་གཞིས་ལུས་རྒྱ་ཆེའི་མི་མང་ལ་ཆ་བཞག་ན། ངོས་ལ་ཡིད་ཆེས་བྱེད་ཀྱིན་ཡོད་ལ་བཙན་བྱོལ་སྒྲིག་འཛུགས་ཀྱིས་ཀྱང་ངོས་ལ་ཡིད་ཆེས་བྱེད་ཀྱིན་ཡོད། དེ་འདྲ་ཞིག་གི་གནས་སྟངས་འོག་ལོ་བཞི་བརྒྱ་ཙམ་ཕྱིན་པའི་རྒྱལ་དབང་བླ་བྲང་གིས་དབུ་ཁྲིད་རྒྱུར། རང་འགུལ་གྱིས་དང་དུ་བླངས་ཏེ་དགའ་སྤྲོའི་ངང་མཇུག་བསྡུ་རྒྱུ་བྱུང་ན། ཕྱིན་ཆད་ལོ་རྒྱུས་ནང་ཡག་པོ་ཞིག་སྡོད་ཐུབ་རྒྱུ་རེད་ལ། ངོས་ཀྱིས་༧རྒྱལ་དབང་གོང་མ་ཚོའི་མཚན་གནས་དཔུང་འདེགས་ཡོང་རྒྱུར་ཞབས་འདེགས་སུ་འགྲོ་བ་རེད་དྲན་བྱུང་། ཞེས་གསུངས་ཡོད།
དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སྐོར་ལ། དེ་སྔའི་དགའ་ལྡན་ཕོ་བྲང་གཞུང་ནི། དབུས་གཙང་མངའ་རིས་སྐོར་གྱི་སྡེ་གཅིག་པོ་རེད། འབྱུང་ཁུངས་རྩིས་པ་ཡིན་ན་ཡང་རི་བོ་དགེ་ལྡན་པའི་འབྲས་སྤུངས་བླ་མ་ཞིག་ཆགས་ཏེ་བྱུང་བ་རེད། ད་ལྟའི་དུས་འདིར་རྐྱེན་ངན་དབང་གིས་ངོས་ལ་ཆོལ་ཁ་དང་ཆོས་ལུགས་དབྱེར་མེད་ཀྱིས་སྤྱི་མོས་བྱས་ཏེ་ཡོང་གི་ཡོད་པ་མ་གཏོགས། གཞི་རྩའི་ལོ་རྒྱུས་ཀྱི་འབྱུང་ཁུངས་ལ་བལྟས་ན་དགའ་ལྡན་ཕོ་བྲང་ནི་དགེ་ལུགས་པའི་གཞུང་ཞིག་དང་དབུས་གཙང་གི་གཞུང་ཆགས་ཡོད། ང་ཚོ་བོད་པའི་ཁ་རྒྱུན་ལ་བོད་སྡེ་པ་གཞུང་ཞེས་རྗོད་ཀྱི་ཡོད་སྟབས། གངས་ཅན་ཡོངས་རྫོགས་ལ་ཁྱབ་ཀྱི་མི་འདུག ཆོལ་ཁ་གསུམ་གྱི་མི་མང་གིས་དབྱེ་བ་མེད་པར་འོས་བསྡུའི་ལམ་ནས་འདེམས་ཐོན་བྱས་པ་དེ། ཆོལ་ཁ་ཚང་མའི་ཚབ་བྱ་ཐུབ་རྒྱུར་ཁྱད་པར་ཡོང་གི་ཡོད། དེར་བརྟེན། གང་ཅིའི་ཆ་ནས་བསམ་བློ་བཏང་ཡང་དགེ་མཚན་ཆེན་པོ་མཐོང་གི་འདུག ཅེས་གསུངས།
མཐར་ཁོང་གིས། གཞི་རྩའི་ལས་འགན་འོས་བསྡུའི་ལམ་ནས་ཐོན་པའི་མི་དེ་ཚོས་རྐང་འགན་འཁྱེར་གྱི་རེད། གལ་སྲིད་ངོས་ཀྱི་མིང་མེད་ན་མ་འགྲིག་པ་ལྟ་བུ་བྱུང་ན། ངོས་རང་བསྡད་ཡོད་པ་མ་གཏོགས་ངོས་ཀྱིས་བསྒྱུར་བཅོས་བཏང་བ་དེར་སེམས་ཤུགས་ཆག་པ་མིན་ལ། རེ་བ་བརླག་པའང་གང་ཡང་མིན། ད་ལྟ་རེ་བ་ཆེ་རུ་ཕྱིན་པ་མ་ཟད། སེམས་ཤུགས་གོང་དུ་འཕེལ་ཏེ་ཐག་གཅོད་བྱས་པ་ཡིན། གཞོན་སྐྱེས་ཚོས་འགན་འཁྱེར་གྱི་འདུག་བསམ་པའི་གདེང་འཁེལ་བ་ཞིག་བྱུང་སྟབས། ངོས་ཀྱིས་ཐག་གཅོད་དེ་བྱས་པ་ཡིན་པས། ཁྱེད་ཚོས་བློ་གཡེང་རྩ་བ་ནས་བྱ་མི་དགོས། ཞེས་གསུངས་འདུག ཉིན་དེར་༧གོང་ས་མཆོག་གིས་ཁུལ་དེའི་བཞུགས་གནས་མགྲོན་ཁང་དུ། ཕྱི་རྒྱལ་དང་རྒྱ་རིགས་མཁས་དབང་། དེ་བཞིན་སློབ་ཕྲུག་བརྒྱ་ཕྲག་ཅིག་ལ་༼དེང་དུས་ནང་ཆོས་ཀྱི་གནས་སྟངས༽ཞེས་པའི་ཐོག་བཀའ་བསྡུར་གནང་ཡོད་འདུག
ཕྱི་ཚེས་ ༨ ཉིན་༧གོང་ས་མཆོག་གིས་མི་ནི་སོ་ཊའི་མ་རིའོ་ཁི་ཨེ་རི་ན་ཞེས་པའི་ས་གནས་སུ། མི་མང་ ༦༠༠༠ ཙམ་ལ་སྨན་བླའི་བཀའ་དབང་གནང་འདུག ཁ་སང་ཕྱི་ཚེས་ ༩ ཉིན་ཨ་རིའི་ཊེ་ཁུ་སི་མངའ་སྡེར་ Texas རྟེན་གཞི་བྱས་པའི་གཙུག་ལག་སློབ་ཁང་ ( Southern Methodist University ) གི་གདན་ཞུས་ལྟར། ༧གོང་ས་མཆོག་མཐོ་སློབ་དེར་གོ་སྒྲིག་ཞུས་པའི་༼རྒྱལ་སྤྱིའི་དབུ་ཁྲིད་ཀྱི་གླེང་སྟེགས་ཐེངས་བཅུ་པའི་༽མཛད་སྒོའི་སྟེང་ཕེབས་སྐབས། གཙུག་ལག་སློབ་གྲྭ་དེས་༧གོང་ས་མཆོག་ལ་མཁས་པའི་ཆེ་བསྟོད་གཟེངས་རྟགས་ཤིག་ཀྱང་འབུལ་བཞེས་གནང་ཡོད་འདུག ཕེབས་ལམ་དུ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ཟུར་པ་ལྕམ་སྐུ་པོ་ལ་ཌུབ་རེན་སི་ཀི་ ( Paula Dobriansky ) ལགས་དང་། མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཇི་བྷུ་ཤི་མཆོག་གི་སྤུན་མཆེད་ལྕམ་སྐུ་ཨེལ་སི་ཝལ་ཀར་ ( Elsie Walker) རྒྱལ་སྤྱིའི་བོད་དོན་ཁང་གི་འགན་འཛིན་ལྕམ་སྐུ་མེ་རི་བྷེ་ཐེ་མར་ཀི་( Mary Beth Markey ) བཅས་ཀྱིས་སྣེ་ལེན་ཞུས་ཡོད་པར་མ་ཟད། སྐབས་དེར། ཨ་རིའི་སྲིད་འཛིན་ཟུར་པ་ཇོར་ཇི་བྷུ་ཤི་ ( Goerge W.Bush ) དང་སྐུ་ཟླ་ལོ་རོ་བྷུ་ཤུ་གཉིས་དང་མཇལ་འཕྲད་ཀྱིས་ནང་མོལ་གྱི་ཚུལ་དུ་བཀའ་བསྡུར་བཅས་གནང་ཡོད་འདུག
གསར་འགོད་པ། དཔལ་ལྡན།
༧གོང་ས་མཆོག་གི་བསྟན་པ་ལ་དག་ཐེར་མ་གནང་པ་ཞིག་མ་རེད། མགོན་པོ་གང་གི་དུས་རྟག་ཏུ་བཀའ་སློབ་གནང་པ་འདི་སངས་རྒྱས་ཀྱི་བསྟན་དོན་ཆེད་དུ་བཀའ་སློབ་གནང་པ་མང་མེད་ན་ཉུང་མེད་ཡིན་ཡང་རང་སྣང་གང་དྲན་བྱེད་མཁན་དགེ་འདུན་པའི་ནང་ནས་འགའ་ཤས་ཞིག་གི་གྲྭ་ཆས་གྱོན་ནས་ཞབས་འདྲེན་མང་པོ་ཞིག་ཡོད་ཚོད་རེད་དེ་མི་མང་གི་དེའི་རིགས་ལ་གནོད་ཤུགས་སྤྲོད་དགོས་པ་ཡིན།
དགའ་ལྡན་ཕོ་བྲང་དགེ་ལུགས་པ་དང་དབུས་གཙང་གཅིག་པོའི་གཞུང་མ་རེད། ད་སྐབས་བཤད་ཀྱིན་པའི་བོད་ཆོལ་ཁ་གསུམ་དང་མཚོ་སྔོན་ཕྱོགས་ཀྱི་བོད་སོག་དང་བཅས་པའི་གཞུང་རེད། དེ་དག་གི་གཞུང་དགའ་ལྡན་ཕོ་བྲང་རེད་ལ། དགའ་ལྡན་ཕོ་བྲང་གི་ལྷ་འབངས་དེ་དག་རེད། དགའ་ལྡན་ཕོ་བྲང་བཙུགས་མ་ཐག་པ་ནས་ད་ལྟ་བར་དུ་ལོ་རྒྱུས་ཀྱི་དྲི་མ་ཡལ་བར་ཡོད། སྡེ་པ་སངས་རྒྱས་རྒྱ་མཚོས་བརྩམས་པའི་༼རབ་གསལ་གསེར་གྱི་སྙེ་མ་༽སོགས་དངོས་ཡོད་ཀྱི་གནས་སྟངས་མང་པོ་ཞིག་གིས་ཁ་གྲག་གི་ཡོད་པ་རེད། བོད་གཞུང་གི་དབུ་ཁྲིད་སྤྲུལ་སྐུ་ཡིན་པ་དང། འགྲུམ་འགྲུལ་ཞན་པ། ས་ཁད་རྒྱ་ཆེ་བ། སུལ་བུའི་དུས་ཀྱི་རྔ་མ་རིང་བ། སྟོབས་ཤུགས། དམག་ཤུགས་སོགས་གང་ཅིའི་ཆ་ནས་ཞན་རྐྱེན། བོད་ཀྱི་ས་ཁོངས་ཆ་ཚང་ལ་ཚད་མཐོའི་བདག་དབང་གིས་ནུས་ཤིག་སྤེལ་བ་དང་། ཁྲལ་བསྡུ་བ་སོགས་སུ་འཐུས་ཞོར་ཕྱིན་ཡོད་པ་བཤད་མི་དགོས་ཀྱང་། ཆབ་མདོ་སྤྱི་ཁྱབ་བམ་མདོ་སྨད་སྤྱི་ཁྱབ་བཙུགས་ཏེ་དངོས་སུ་ལག་བསྟར་གྱིས་འགོ་བཙུགས་ནས་མདོ་ཁམས་ཕྱོགས་ཀྱི་དཔོན་པོ་མང་པོར་བོད་གཞུང་གིས་འཇའ་ས་དང་དཔོན་ཐོབ་སྤྲད་ཡོད། དེ་ནི་འབྲེལ་བ་རང་བཞིན་པ་དང། དབང་བསྒྱུར་བྱས་པ་གང་ཡང་མིན་པར། ཐོབ་ཐང་སྤྲད་མཁན་དང་ལེན་པ་པོ་གཉིས་ཆས་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་འདུ་ཤེས་དང་དོན་དངོས་ལ་བརྩི་བསྐུར་ཆེན་པོ་བྱས་པ་རེད། ཆོས་ཕྱོགས་ནས་བསམ་བློ་བཏང་པ་ཡིན་ནའང་། དགའ་ལྡན་ཕོ་བྲང་གི་ཐོག་མའི་མཚན་དེ་དགེ་ལུགས་པའི་བླ་མ་ཞིག་གི་བླ་བྲང་གི་མིང་ཡིན་པར་ཆ་བཞག་ན། དེ་གཞུང་གི་ངོ་བོར་གོ་འཕོས་པ་རེད། རྒྱལ་ཁབ་ཁ་བྲལ་དང་། ཆོས་ལུགས་ཁ་བྲལ་བའི་འགོག་རྐྱེན་ལ་མ་ལྟོས་པར། རྩ་བའི་ཆ་ནས་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ལ་སྤྱི་ལ་ཁྱབ་བའི་འགན་ཁྱེར་བ་རེད། སྔོན་མའི་གཞུང་དགོན་གྱི་ཐོ་ཡིག་སོགས་སུ་ལྟོས་དང་གསལ་ཐག་ཆོད་རེད། གཞུང་ལས་ཀྱི་སྣེ་མོ་འགས་ལས་སྟངས་མ་འགྲིག་པ་ཡོང་མྱོང་བ་རེད་ལ། ཡོང་པ་སྲིད་པ་རེད། དེ་ནི་ང་ཚོ་གཅིག་པོའི་ཚབས་ཆེའི་དོན་དག་ཅིག་མ་རེད། ད་ལྟ་དེ་ལས་ཀྱང་གུ་དོག་པ་དང་རྣམ་རྟོག་སྐྱེ་དགོས་དོན་གཏན་ནས་མེད། གནས་སྐབས་དེ་ཙམ་གྱིས་མཚམས་འཇོག་རྒྱུ་ཡིན།།
བོད་འདི་དང་པོ་ལྷ་འདྲེ་དང་འདྲ་བའི་གཤིས་ངན་དག་གིས་བཟུང་། དེ་ནས་ཤེས་རིག་དང་དཔལ་འབྱོར་ཅུང་ཡར་རྒྱས་ཕྱིན་པའི་གདོད་མའི་བོན་གྱིས་བཟུང་། དེ་རྗེས་སངས་རྒྱས་ཆོས་ལུགས་བོད་ལ་བྱུང་ནས་བཟུང་ད་བར་། ཆོས་རྒྱལ་གྱི་དུས་རབས། སིལ་བུའི་དུས་རབས། ས་སྐྱ་བའི་དུས་རབས། བཀའ་བརྒྱུད་པའི་དུས་རབས། དགེ་ལྡན་པའི་དུས་རབས། ད་ལོ་ནས་བཟུང་བཀས་བཀོད་བརྒྱུད་འཛིན་གྱི་རིང་ལུགས་མཇུག་དྲིལ་ཞིང་མི་མང་གི་གཞུང་ཞིག་གཞུང་ཞིག་ཏུ་གྱུར་བ་རེད། བུ་རང་ལ་འཇོན་ཐང་དང་ཡོན་ཏན་ཡོད་ན་བོད་ཀྱི་སྲིད་དབང་བླང་ཆོག་གི་ཡོད་རེད་ལ། ཆབ་སྲིད་ཀྱི་ཚོགས་པའི་ཁྲོད་ནས་དྲང་བདེན་གྱི་རྒྱལ་རྔ་བརྡུང་ཆོག གྲྭ་བས་གཉའ་གནོན་བྱས་སོང་བསྙམ་པའི་སྐྱོ་བོ་དེ་ཚོ་མ་འཕྱུགས། ཆོ་རིགས་ཀྱིས་དབང་བསྒྱུར་བྱས་སོང་བསྙམ་པའི་དམངས་ཕལ་བ་དེ་ཚོ་མ་འཕྱུགས། གདུང་བརྒྱུད་དང་སྐུ་ཕྲེང་གིས་དབང་ཡོད་བྱས་སོང་བསྙམ་པའི་ཤེས་ཡོན་པ་དེ་ཚོ་ལང་ཤོག ཨ་མའི་བུ་ལ་ཡོན་ཏན་ཡོད་ན་འཇིག་རྟེན་འདིའི་རིན་ཐང་ཡོད་ཚད་བླང་ཆོག་ཆོག་རེད། ཡིན་ན་ཡང་རང་གི་བགོ་སྐལ་བ་ལ་ཆོག་ཤེས་བྱ་རྒྱུ་དང་། རང་ངོ་ཤེས་པ་གལ་ཆེན་པོ་རེད།
ད་ནི་དགའ་ལྡན་ཕོ་བྲང་བླ་བྲང་ཞིག་ཆགས་པ་རེད།། ཐོག་མར་དགའ་ལྡན་ཕོ་བྲང་དེ་ནི་བླ་བྲང་ཞིག་ནས་ཡོང་པ་རེད་།། འདི་ལ་བཤད་རྒྱུ་གང་ཡང་མི་འདུག་།། འཇིག་རྟེན་གྱི་འགྲོས་རེད་། གཙོ་བོར་བླ་བྲང་དེ་ག་འདྲ་ཞིག་ཆགས་མིན་བཤད་ན་ཁེ་ཕན་ཆེ་།
ང་ཚོ་ལ་དགོས་པ་དེ་བོད་མི་ཡོངས་རྫོགས་ཀྱིས་གདུང་སེམས་མཉམ་བསྐྱེད་དང་། ལག་གདང་མཉམ་འབྲེལ། ལྷན་གཅིག་ཏུ་མདུན་བསྐྱོད་ཀྱིས་དམིགས་འབེན་བྱ་སའི་གཞུང་ཞིག་ལས། སྡེ་ཚན་བྱེ་བྲག་པའི་གཞུང་ཞིག་དུས་ནམ་ཡང་དགོས་ཀྱི་མེད། དེ་ཕྱིར་༧གོང་ས་མཆོག་གིས་གནང་བ་རེད། གནང་བ་ནང་བཞིན་བོད་མིས་ལེན་དགོས་ཀྱིན་ཡོད་རེད། གལ་སྲིད་བླང་མ་ཐུབ་ན་བོད་ཀྱི་ན་གཞོན་ཤེས་ཡོན་པ་ཚོས་མ་འཇོན་པ་དང་། གོ་སྐབས་བླང་མ་ཤེས་པ་རེད། ད་ལྟ་༧གོང་ས་མཆོག་བཞུགས་ཡོད་དུས་ཆོས་སྲིད་གཉིས་ཀ་ཞིབ་བསྡུར་གྱིས་དག་ཐེར་བྱ་དགོས་ཀྱི་དེ་ལས་གཞན་དཀའ་བའི་གནས་སུ་གྱར་ལ་ཉེ་བ་རེད།
༧སྐྱབས་མགོན་རིན་པོ་ཆེས་དགའ་ལྡན་ཕོ་བྲང་གི་སྲིད་དབང་མཇུག་དྲིལ་བ་རེད་གསུངས་པ་ཡང་བདེན་པ་རེད། ངས་ཁོང་ལ་སྔར་ལས་ལྷག་པའི་བཅོས་མིན་གྱི་དད་པ་སྐྱེས་སོང་ལབ་པ་ཡང་བདེན་པ་ཡིན། མ་དགའ་ན་གང་བྱས་དུས་ལ་སླེབ་པ་རེད།
གནས་ཚང་ལགས། དགེ་ལུགས་པ་ནི་ཨ་མདོའི་རེད་ཅེས་པའི་དོན་ཅི། རྗེ་ཙོང་ཁ་པ་ཨ་མདོ་ཡིན་ན་ཁོང་གི་རྗེས་འཇུག་པ་རྣམས་ཀྱང་ཨ་མདོའི་ཡིན་དགོས་སམ། གཅིག་ནི་ཆོས་ལུགས་ཁོ་ནའི་བླ་མ་ཞིག་དང། ཅིག་ཤོས་རྒྱལ་སྲིད་ཆོས་བཞིན་སྐྱོང་མཁན་ཞིག་ལགས་པས་འདི་གཉིས་ལ་འབྲེལ་བ་ཅི་ཡོད།
དགོས་པ་དང་རྒྱུ་མཚན་ཆེ་བར་མཐོང་མཁན་ཚོས་གསལ་བོ་ཞིག་ཤོད་དང། དྲང་ངེས་ཀྱི་ཁྱད་པར་འབྱེད་པའི་སྲོལ་གཏོད་ཤིང་རྟ་པ་སུ་ཡོད།
བཙན་བྱོལ་བས་ཀྱང། ཉོག་དྲ་ལུང་བ་གང་ཆགས་ཉེན་སྐོར་ཅིག་བཤད་ན་བཟང།
༧གོང་ས་སྐྱབས་མགོན་ཆེན་པོ་འདི་ཕྱི་ཀུན་གྱི་སྐྱབས་ཡིན་ལ། ཁོང་གི་གསུང་ལ་དྲངས་ངེས་སྣ་ཚོགས་ཡོད་པས། བོད་སྡེ་བ་གཞུང་དེ་དབུ་གཙང་གཅིག་པུའི་གཞུང་དང་། དེ་དགེ་ལུགས་པ་གཅིག་པུའི་གཞུང་རེད་གསུང་པ་ལ་རྒྱུ་མཚན་དང་དགོས་པ་ཆེན་པོ་ཡོད་པ་སྨོས་མེད།
༧གོང་ས་སྐྱབས་མགོན་ཆེན་པོས་དགའ་ལྡན་ཕོ་བྲང་གི་གཞུང་དེ་དབུས་གཙང་གཅིག་པུའི་གཞུང་རེད་འདུག་གསུང་པ་ལ་དགོས་པ་ཡོད་དེ། སྐབས་དེ་དུས་གཞུང་དེ་ཡིས་ཆབ་སྲིད་ཀྱི་ཁྱབ་ཚད་དེ་དེ་ཙམ་ལས་མེད་པས་ཡིན། གང་ལགས་ཤེ་ན། ཁམས་འབྲི་ཆུ་ཕར་རི་དང་། ནང་ཆེན། ཨ་མདོ་སོགས་རྒྱ་མིར་དབང་ཞིང་ཁྲལ་ཡང་རྒྱ་མིར་སྤྲད་ཀྱི་ཡོད་པ་ཚང་མའི་ཤེས་གསལ་ཡིན་པས། ད་དུང་བོད་སྡེ་པ་གཞུང་གི་དབང་ཆ་དེ་ཆོལ་ཁ་གསུམ་ལ་ཁྱབ་ཀྱི་ཡོད་མདོག་དང་། དེ་ལ་བདག་དབང་ཡོད་མདོག་བཤད་པ་ནི་ལོ་རྒྱུས་ལ་མིག་ལྡོང་སྟེ་ཧམ་པས་ཡོད་མདོག་བཤད་པ་ལས་རྒྱུ་མཚན་ཅན་གྱི་སྐད་ཆ་མ་ཡིན། རྒྱུ་མཚན་དང་ལྡན་པའི་བཀའ་མོལ་ཡོད་ན་དྲྭ་རྒྱའི་སྟེང་བྲིས་དང་ཚང་མའི་ཀློག་སྟེ་མཆན་འབྲི་ཆོག
གངས་ཅན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དབུ་བརྙེས་ཤིང་། གངས་ཅན་རིགས་པའི་སེང་གེ་བཀའ་བློན་ཆེན་པོར་ཕེབས་པ་ན། གངས་ཅན་པའི་སྐྱེ་འགྲོ་ཡོངས་ནས་མ་འོངས་གངས་རིའི་ཆེད་དུ་མཐུས་སྒོ་ཡོངས་སུ་ཚང་བའི་གཞུང་ཞིག་དང་། སླར་ཡང་སྲིད་གྲྭ་བའི་ལག་ཏུ་མི་ཤོར་བ་ཞིག་གནང་དགོས་པར་སེམས། གྲྭ་བ་ལ་སྲུང་བྱ་མང་པོ་ཡོད་པས་རང་ཁེ་གཞན་ཕམ་གྱི་བྱ་བ་ལ་འཇུག་མི་ནུས་ཤིང་། རྒྱལ་ཁམས་ཆོས་བཞིན་དུ་སྐྱོང་བ་ལ་གྲྭ་བ་དེས་གང་གསུང་ཉན་བཏུབ་པའི་འབངས་མི་ཞིག་དགོས་པ་རེད། དེ་ནི་དེང་སང་དཀའ་ལས་རེད།
གོང་གི་བཀའ་སློབ་ཁག་དེ་དུས་གཅིག་རེད་དམ་ཁ་ཁ་རེད་གང་དུ་གསུང་སོགས་གསལ་བོ་འགོད་རོགས་གནོངས། དགའ་ལྡན་བོ་བྲང་ནི་ངོ་མ་དེ་ཞིག་གཟི་བརྗིད་ངང་མཇུག་བསྡུ་རན་ཟེར་ན་འགྲ། མི་ཁ་ཤས་ཀྱིས་ཁོ་ལ་རྣམ་དཔྱོད་ཡོད་མདོག་གིས་རྒྱལ་བ་རིན་པོ་ཆེས་སྲིད་དབང་བརྩི་སྤྲོད་བྱས་པ་ནས་ཁོ་ལ་དད་པ་ཧ་ཅང་སྐྱེས་པ་ལྟ་བུ། བཤད་པ་དེ་ཁོ་རང་ཁོ་རང་ལ་ངོ་ཚ་དགོས་པའི་གནས་ཚུལ་ཞིག་མ་རེད་དམ། མི་ཏོ་བ་ཁྱོད་ཐལ་དྲགས་སོང་ད།
༧གོང་ས་མཆོག་གི་བཀའ་ཁྲི་གསར་པར་མཁས་དབང་བློ་བཟང་སེང་གེ་ལ་ཐུགས་རེ་ཆེ་པོ་ཡོད་པ་གསལ་པོ་གསུངས་འདུག། དེ་ཡང་༧གོང་ས་མཆོག་གི་(ད་ལྟ་རེ་བ་ཆེ་རུ་ཕྱིན་པ་མ་ཟད། སེམས་ཤུགས་གོང་དུ་འཕེལ་ཏེ་ཐག་གཅོད་བྱས་པ་ཡིན། གཞོན་སྐྱེས་ཚོས་འགན་འཁྱེར་གྱི་འདུག་བསམ་པའི་གདེང་འཁེལ་བ་ཞིག་བྱུང་སྟབས། ངོས་ཀྱིས་ཐག་གཅོད་དེ་བྱས་པ་ཡིན་པས། ཁྱེད་ཚོས་བློ་གཡེང་རྩ་བ་ནས་བྱ་མི་དགོས། ཞེས་གསུངས་འདུག
དེ་རིང་༧གོང་ས་མཆོག་གི་བཀའ་སློབ་་་་་་ངས་བྲིས་པའི་་་བོད་ཀྱི་ལོ་རྒྱུས་དང་བྲལ་ཐབས་མེད་པའི་བཀའ་ཁྲི་བློ་བཟང་སེང་གེ་་ཞེས་པ་དེ་་ལ་དྲ་གྲོགས་མང་པོ་ཞིག་གིས་ཧ་ཅང་གིས་བཤེ་བཤེ་བཏང་སོང་ཡང།
དེ་རིང་གཞི་ནས་ང་བློ་བདེ་བག་ཕེབས་བྱུང་སོང།
རྗེ་ཙོང་ཁ་པ་ཞབས་ཀྱིས།
མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུངས་པ་ལྟར་གངས་ཅན་གྱི་ཤ་ཁྲག་རུས་པ་གསུམ་གྱིས་འབྲེལ་ཐག་དམ་པོར་བཅིངས་པའི་བློ་གསར་གྱི་བོད་རིགས་སྤུན་ཟླ་ཚོས་ཀྱང་དེང་འདིར་བླ་ན་མེད་པ། གོང་ན་མེད་པ་༸ སྤྱི་ནོར་༸ གོང་ས་སྐྱབས་མགོན་ཆེན་པོའི་ཅི་གསུང་བཀའ་ཡི་མཛད་པའི་འཕྲིན་ལས་བཟང་པོ་འདི་ཉིད་ལ་དུས་རྟག་ཏུ་བཀའ་དྲིན་ཡིད་ལ་བསམས་ཏེ་རྗེས་དྲན་བྱེད་དགོས།
བཀའ་གདམས་སྤྲུལ་པའི་གླེག་བམ་ལས། སྤྱན་རས་གཟིགས་དབང་བཟང་པོར་སྤྲུལ། །ཞེས་རྗེ་དགེ་འདུན་གྲུབ་པ་དཔལ་བཟང་པོ་ནས་ད་བར་ཕྱག་ན་པདྨོའི་རྣམ་རོལ་༸ གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་སངས་རྒྱས་དངོས་ལྟ་བུ་ཞིག་བོད་གངས་ཅན་གྱི་ཞིང་འདིར་བྱོན་ཏེ་འཛམ་གླིང་སྤྱི་ཡི་ཆེས་རིན་ཐང་བྲལ་བའི་རྩ་ཆེའི་ནོར་བུ་ཞིག་ཏུ་གྱུར་པའི་ངོ་མཚར་ཅན་གྱི་གང་གི་མཛད་པའི་ཆ་ཤས་ཕྲ་མོ་ཙམ་ཡིད་ལ་དྲན་ཏེ་དད་པར་གྱུར་ན་འདི་ཕྱི་གཏན་དུ་བདེ་བའི་རྒྱུར་འགྲོ་ངེས་ཡིན།
བྱང་ཆུབ་སེམས་དཔར་བསྐུར་བ་བཏབ་པ་ན། །ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ། །ཞེས་སངས་རྒྱས་ཀྱིས་མདོ་བསྔགས་མང་པོ་ནས་བསྟན་ཡོད་སྟབས། ཅི་སྟེ་བསྐུར་བ་བཏབ་ན་ངན་འགྲོ་ངན་སོང་དུ་སྐྱེ་རྒྱུར་ཐེ་ཚོམ་མེད་པས་གནད་འདི་ལ་གངས་ཕྲུག་ཚོས་ཡིད་གཟབ་བྱོས།
བླ་མ་སངས་རྒྱས་ལས་ལྷག་པའི་བཀའ་དྲིན་སྤྱི་དང་བླ་མ་ལ་བརྟེན་ན་ལེགས་ཚོགས་ཐམས་ཅད་ཀྱི་གཞི་ཡིན་ཏེ། མདོ་སྡུད་པ་ལས། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །ཞེས་དང་ཡང་མཆོད་པ་ཐམས་ཅད་ཡོངས་སྤངས་སྟེ། །བླ་མར་མཆོད་པ་ཡང་དག་རྩོམ། །དེ་མཉེས་པ་ན་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་དེ་འཐོབ་པར་འགྱུར། །ཞེས་གསུངས།
གངས་ཅན་གྱི་མེས་པོ་གྲུབ་པའི་སྐྱེས་མཆོག་རྗེ་བཙུན་མི་ལ་ཞབས་ཀྱིས། ནོར་ཟང་ཟིང་བདག་ལ་འབུལ་བ་མེད། །ཕ་བླ་མའི་བཀའ་དྲིན་གྲུབ་པས་འཇལ། །ཞེས་བླ་མ་སངས་རྒྱས་སུ་ཤེས་ནས་མཐར་ངོ་མཚར་བའི་མཛད་འཕྲིན་རྒྱས་ཏེ་ཚེ་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ།
༸ རྒྱལ་བའི་ཡོངས་འཛིན་ཟུང་དང་། བོད་ལྗོངས་ལྷ་སྡེ། མི་སྡེ་ཡོངས་ཀྱིས་མགྲིན་གཅིག་ཏུ་ནས་ཀྱང་། ཕྱག་པ་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་ཀྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས། །ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག །ཅེས་བོད་གངས་ཅན་གྱི་རྩ་བའི་བླ་མ་ཕྱག་ན་པདྨོའི་ཅི་གསུང་བཀའ་བཞིན་བསྒྲུབས་ན་ཕྱོགས་བཅུའི་སངས་རྒྱས་མང་པོར་ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོ་ལྟར་ཕུལ་བ་ལས་ཀྱང་ལྷག་པའི་གནད་དམ་པ་བསྟན་ཡོད།
ཐོག་མར་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་དང་། བར་དུ་དགའ་ལྡན་ཕོ་བྲང་དར་ཞིང་རྒྱས་པ། མཐར་དགའ་ལྡན་ཕོ་བྲང་འཇིག་པ་བཅས་ལ་ཡ་མཚན་རྒྱུ་ཅི་ཡོད། མགོན་པོ་ཀླུ་སྒྲུབ་ཞབས་ཀྱིས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བར་ཙམ་ཡང་ལུས་པར་མ་འགྱུར་ན། །ཤིན་ཏུ་ཉམས་ཆུང་མི་དག་ལྟ་ཅི་སྨོས། །ཞེས་དང་། སའི་སྙིང་པོའི་མདོ་ལས། བླ་མ་ལ་བསྙེན་བཀུར་བྱེད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །ཞེས་པས་བསྟན།
ཡིད་བཞིན་མཆོག་གིས་རྒྱུད་ལས་ཀྱང་། གང་གིས་བླ་མ་འདུན་པའི་ལྷ། །སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །དེས་ན་རྟག་ཏུ་དྲན་པ་ཡིས། །དཔལ་ལྡན་བླ་མ་བསམ་པར་བྱ། །ཞེས་དུས་རྟག་ཏུ་བོད་ལྗོངས་ཀྱི་རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་སྙིང་དུ་བསམ་པར་བྱ་བ་གལ་ཆེའོ།
ཆོས་ཀྱི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་ནས་བརྒྱུད་པའི་བླ་མ་སྤྱི་དང་བྱེ་བྲག་རང་གི་རྩ་བའི་བླ་མ་ལ་དད་ལོག་དང་། སྨོད་པ། འཚང་འབྲུ་བ། ངན་སེམས་བཅངས་བ་སོགས་བྱས་ན་མིག་གིས་མཐོང་རྒྱུ་མེད་པའི་ཚེ་རབས་ཕྱི་མ་ཚ་དམྱལ་དང་གྲང་དམྱལ་ཡི་དྭགས་སོགས་སྨོས་ཅི་ཐ་ན་རང་ཉིད་ཀྱི་མིག་རྗེན་པས་མཐོང་བ་དང་རྣ་བའི་བུ་གས་ཐོས་པའི་ཡུལ་གྱི་ཚེ་འདི་ཉིད་ལའང་མངོན་སུམ་དུ་ལུས་ལ་ན་ཚ་དང་། ལམ་དུ་བགེགས་པར། གཞིས་སུ་བཀྲ་མི་ཤིས་པ། བྱེས་སུ་དོན་མི་འགྲུབ། རྟགས་དང་རྟེན་འབྲེལ་ངན་པའི་བྱ་བ་སྣ་ཚོགས་པ་དངོས་ཤུགས་བརྒྱུད་གསུམ་ནས་བྱུང་བཞིན་ཡོད་པས་དེ་ལ་ཅིས་ཀྱང་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོས་གཟབ་པར་འཚལ།
ད་དུང་ང་ཚོའི་མེས་པོ་སྙན་གྲགས་ཀྱི་དཔལ་འབར་བ་དགོངས་པའི་གཏིང་དཔོག་པར་དཀའ་བའི་བཙན་སྲོང་བཙན་སྒང་པོ་ཞེས་བོད་མི་རིགས་ལ་དུང་ཞེན་ཆེ་བའི་བོད་རྒྱལ་གང་དེས་ཀྱང་བླ་མ་སྤྱན་རས་གཟིགས་སུ་ཤེས་ནས་སྨོན་ལམ་ཡང་འདི་འདྲ་བཏབ་ཡོད་པ་སྟེ།
ཐུགས་རྗེས་གཟིགས་ཤིང་འཇིག་རྟེན་དབང་ཕྱུག་ཞབས། །མགོན་སྐྱབས་མཛོད་ཅིག་རྗེ་བཙུན་མཁྱེན་པའི་གཏེར། །གསོལ་བ་འདེབས་སོ་འཕགས་མཆོག་སྤྱན་རས་གཟིགས། །མཐའ་མེད་འཁོར་བའི་རྒྱ་མཚོ་ཆེན་པོ་ལས། །གྲོལ་བའི་དེད་དཔོན་མཛོད་ཅིག་སྤྱན་རས་གཟིགས། །
མི་ཤེས་གཏི་མུག་མུན་པས་ཐིབས་ཙ་ན། །གསལ་བའི་སྒྲོན་མེ་མཛོད་ཅིག་སྤྱན་རས་གཟིགས། །དགྲ་ལ་ཞེ་སྡང་མེ་ལྟེ་འབར་ཙན་ན། །ཞི་བའི་ཆུ་རྒྱུན་མཛོད་ཅིག་སྤྱན་རས་གཟིགས། །གཉེན་ལ་འདོད་ཆགས་ཆུ་བཞིན་འཁྲུགས་ཙ་ན། །གནད་ལུགས་རྟོགས་པར་མཛོད་ཅིག་སྤྱན་རས་གཟིགས། །
ལུས་འདི་འབྱུང་བཞིའི་ནད་ཀྱིས་ཟིན་ཙ་ན། །སྨན་པའི་རྒྱལ་པོ་མཛོད་ཅིག་སྤྱན་རས་གཟིགས། །གྲོགས་མེད་བར་བདོའི་འཕྲང་ལ་འཁྱམས་ཙ་ན། །མཇལ་བའི་ངོ་ཤེས་མཛོད་ཅིག་སྤྱན་རས་གཟིགས། །སྙིང་གའི་པདྨོར་སྒོམ་ཞིང་ཁྱེན་བསྟེན་ན། །ཡིད་དམ་ལྷ་མཆོག་མཛོད་ཅིག་སྤྱན་རས་གཟིགས། །རྟག་ཏུ་སྤྱི་བོར་སྒོམ་ཞིང་གསོལ་འདེབས་ན། །རྩ་བའི་བླ་མ་མཛོད་ཅིག་སྤྱན་རས་གཟིགས། །
ཕྱི་ནང་འགལ་རྐྱེན་བར་ཆད་བྱུང་ཙ་ན། །ཞི་བའི་ཆོས་སྐྱོང་མཛོད་ཅིག་སྤྱན་རས་གཟིགས། །མང་པོའི་དཀྱིལ་ནས་གཅིག་པུར་འགྲོ་ཙ་ན། །དག་པའི་ཞིང་དུ་སྐྱེལ་ཅིག་སྤྱན་རས་གཟིགས། །ལྷང་ལྷང་ཡི་གེ་དྲུག་པའི་གསོལ་འདེབས་ན། །རྒྱུན་དུ་ཐུགས་རྗེས་ཟུངས་མཛདོ་སྤྱན་རས་གཟིགས། །ཞེས་ང་ཚོའི་མེས་པོ་སྲོང་བཙན་སྒང་པོས་ཀྱང་དེ་ལྟར་ཐུགས་དམ་གྱི་མཐིལ་དུ་མཛད་པ་ཡིན་ཏེ།
ངེད་ཅག་གངས་ཕྲུག་ཚོས་ཀྱང་གནད་འདི་དག་ལ་དཀར་ནག་ཕྱིན་ཅི་མ་ལོག་པ་ཞིག་གི་ལྟ་བ་ཡང་དག་གཅིག་ངེས་པར་རང་རང་སོའི་གཤིས་བརྒྱུད་ལ་ཡོད་དགོས། དེ་ལས་ལྡོག་ན་ང་ཚོར་ཡང་མེ་ཆུ་གོ་ལྡོག་གི་འཇུག་འབྲས་གཅིག་སྨིན་རྒྱུ་དེ་ལས་འབྲས་དང་། ཚན་རྩལ། ཚད་མ། མངོན་སུམ་བཅས་ཀྱི་རིག་པ་ཡང་དག་གིས་དཔྱད་ནས་གཏན་ལ་ཕབ་ཐུབ་པ་ཞིག་ཡིན་པས་སྤུན་གྲོགས་ཚོས་ནན་ཏན་ཡིད་འཇགས་འཚལ།
༸གོང་ས་མཆོག་གིས་བཀའ་སློབ་ཅི་ཞིག་གནང་ནའང་དེ་ནི་ཐུགས་འཁྲུལ་པ་མེད་པའི་རྒྱལ་བའི་བཀའ་ཡིན་ཏེ། འཕགས་སྟོད་ལས། ཁྱེད་གསུང་སུ་ཡི་རྣ་བར་ལྷུང་ཡང་བཀའ་ལ་ཡང་དག་གནས་པར་འགྱུར། །ཞེས་ནོར་འཁྲུལ་མེད་པའི་རྒྱལ་བའི་བཀའ་ལ་གནས་པས་ང་ཚོས་དགའ་སྒོམ་བྱེད་དགོས།
རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇིབཞིན་ལྷུན་གྱིས་འགྲུབ་པར་ཤོག །ཅེས་སྨོན་འདུན་གྲངས་མེད་ཞུ།
དགའ་ལྡན་ཕོ་བྲང་གི་སྲིད་དབང་དེ་སྡེ་བ་གཙང་པའི་ལག་ནས་བྱུང་བ་དང། དེ་ཡང་རིན་སྤུངས་པ་ལས་་་་་དེ་ཡང་ཕག་གྲུ་བ་ལས་་་་དེ་ཡང་ས་སྐྱ་བ་ལས་བྱུང་བ་ཞིག་ཡིན་པས། སྔར་མེད་གསར་གཏོད་མཁན་དེ་ས་པཎ་དང་འགྲོ་མགོན་འཕགས་པ་གཉིས་ཡིན་ལ། དེ་ནི་བོད་སིལ་བུའི་རྗེས་ཀྱི་བོད་ཁམས་གཅིག་ཏུ་བསྒྲིལ་བའི་སྲིད་དབང་མཐོ་ཤོས་དེ་ཡིན། ང་ཚོའི་བྱུང་རིམ་འདིའི་ལོ་རྒྱུས་ངོ་བོར་འདི་ལྟར་ལྟ་བ་ལས། དགའ་ལྡན་ཕོ་བྲང་གཅིག་པུ་དང་ལྷག་པར་དུས་རབས་ཉི་ཤུ་པའི་བོད་སྡེ་བ་གཞུང་གཅིག་པུར་བལྟས་ནས་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་རིན་ཐང་བརླགས་རུང་ངམ།
༸གོང་ས་མཆོག་གི་གསུང་ལ་ཆ་ཚང་རྒྱབ་སྒྱོར་མི་ཐུབ་པ་ཚོས། ༸གོང་ས་མཆོག་འཁྲུངས་ས་ཨ་མདོ་ལྟག་འཚེར་དེ། ༥༩གོང་ལ་བོད་སྡེ་པ་གཞུང་ལ་དཔྱ་ཁྲལ་འབུལ་བགྱིད་ཡོད་དམ། རྒྱ་གཞུང་ལ་སྤྲོད་བགྱིན་པ་གཉིས་གང་བྱུང་ཡོད་དམ། དེ་མི་ཤེས་ན། ས་ཁུལ་དེ་ཚོས་རྒྱ་ནག་གཞུང་ལ་འབུལ་དགོས་བགྱིད་ཡོད་རེད། ད་དེ་ཚོ་བོད་སྡེ་པ་གཞུང་གི་ཁོངས་སུ་གཏོགས་སམ། གནས་ཚུལ་གཞན་ཅིག་ཆགས་སོང་། སོམས་ཤིག ལོ་རྒྱུས་ཀློགས་ཤིག དེ་ནས་ཤོད་ཅིག ཕ་བཟང་གི་བུ་ཚོས། དགེ་འཕེལ། །
དགའ་ལྡན་ཕོ་བྲང་དེ་འབྱུང་ཁུངས་དང་སྲོལ་བཏོད་པ་པོ་སུ་ཡིན་རུང་། ལོ་རྒྱུས་མཐོང་འོང་དུས་ཆོས་ལུགས་བྱེ་བྲག་པ་ཞིག་གི་དགོན་པ་ལས་དབུ་བརྙེས་ནས་བོད་ཡོངས་རྫོགས་ལ་དབང་བསྒྱུར་བྱས་པ་རེད། ཐོག་མའི་བོད་དེ་བོན་གྱིས་བཟུང་ཞིང་། དེ་རྗེས་ཆོས་པས་གཟུང་བ་རེད། ད་ནི་བོན་ཆོས་གཉིས་ཀྱིས་གཟུང་བའི་ར་བ་ལས་འདས་པའི་དེང་རབས་ཀྱི་གཞན་སྐྱེས་ཆབ་སྲིད་ལ་མཁས་པ་ཚོས་རྒྱུན་བསྐྱངས་དགོས་པ་དེ་ལས་འགན་ཐོག་ཏུ་བབ་པ་རེད། དེ་ཕྱིར་སྲིད་ཁོ་ནས་སྐྱོང་ནུས་པའི་དུས་སྐབས་འདིར་གོང་ས་མཆོག་གིས་དགོངས་པ་ཞུས་ཏེ། དགའ་ལྡན་ཕོ་བྲང་མཇུག་དྲིལ་ཡིན་གསུང་པ་དེ་བསམ་ཤེས་ཅན་ཡོད་ན་ལེགས་སྐྱེས་རེད།
ད་ཡིན་ན། བགྲོ་གླེང་མང་པོ་ཞིག་ཡོང་རྒྱུ་རེད།
གསུང་འདི་གོང་ས་མཆོག་གིས་གསུངས་པ་ཡིན་ཙང་དགོངས་གཞི་དགོས་པ་ཏན་ཏན་ཡོད་ཀྱིན་རེད། མ་གཏོགས་མི་ཕལ་པ་ཞིག་གམ་སྤྱི་མཐུས་ག་གེ་མོ་ཞིག་གིས་བཤད་ཡོད་ཚེ་རྙོག་དྲ་ལུང་པ་གང་ཆགས་རྒྱུ་རང་རེད།
སོ་སོ་ཆགས་བསྡང་གི་དྲྭ་བར་ཡོང་སུ་ཚུད་ནས། ཆགས་བསྡང་དང་ཉེ་རིང་བྲལ་བའི་༸གོང་ས་མཆོག་ལ་བསྟོད་སྨད་རེ་བྱེད་ཁུལ་བྱེད་པ་ནི་གད་མིའི་གནས་རེད། ང་ལ་དོག་པ་ཞིག་ཡོད་པ་ནི། ༸གོང་ས་མཆོག་ལ་བསྟོད་བསྔགས་བྱེད་མཁན་ཚོའི་ཁྲོད་ན་དགེ་ལུག་པའི་གྲྭ་བ་གྲྭ་ཟུར་དང་དེའི་ཕྱོགས་གཏོགས་ཞིག་ཡོད་དམ། ཡང་ཁོང་གི་མཛད་པ་ལ་མ་རང་པའི་རྣམ་འགྱུར་བསྟོན་མཁན་ཁྲོད་ན་ཆོས་རྒྱུད་གཞན་གྱི་གྲྭ་བ་གྲྭ་ཟུར་དང་དེའི་ཕྱོགས་གཏོགས་ཞིག་ཡོད་དམ་ཞེས་པ་འདི་རེད། ངས་འདི་ལྟར་བཤད་པ་ནི་ཆོས་རྒྱུད་དབར་ལ་སྤྲུག་ཤིང་རྒྱབ་པ་མིན་པར། མི་འདི་ཚོའི་མ་ཡིན་ཡིན་མདོག་གི་གདོང་འབག་དབྲལ་བ་ཡིན།
གསར་འགྱུར་འདི་ཀློག་མ་ཐག་ཁོ་བོ་ཙམ་དུ་མ་ཟད། བོད་རིགས་མང་པོ་ཞིག་ལ་དོགས་སློང་མང་པོ་སྐྱེད་སོང་། བོད་གཞུང་དགའ་ལྡན་ཕོ་བྲང་གི་མཚན་དེ་བརྗེ་པོར་རྒྱག་པ་ལ་གལ་གནད་དེ་ཙམ་ཆ་རྒྱུ་མི་འདུག ཕལ་ཆེར་རྒྱལ་བ་རིན་པོ་ཆེ་ཡིས་ཆབ་སྲིད་ཀྱི་འགན་དེ་ཕྱིར་དམངས་གཙོའི་གཞུང་ལ་རྩིས་སྤྲད་མ་ཐག་ཏུ་རང་བཞིན་གྱི་མིང་བརྗེ་རྒྱུ་རང་རེད། སྤྱིར་བཏང་མིང་བརྗེ་རྒྱུ་དེ་གོང་ས་མཆོག་ལ་སྐུ་དབང་ཡོད་མེད་ཐད་ལ་བསམས་གཞིགས་བྱེད་དགོས།
ད་དུང་དེ་ལས་གནད་འགག་ཆེ་བ་ནི། བོད་གཞུང་དགའ་ལྡན་ཕོ་བྲང་དེ་དབུས་གཙང་གི་གཞུང་རེད་ནས་གསུངས་པ་དེ་ལ་དྲང་པོར་བཤད་ན་ངོས་རང་བློ་ལ་འཐད་མ་སོང་། དགའ་ལྡན་ཕོ་བྲང་གི་གཞུང་ཆགས་ས་དེ་ལྷ་ས་ལ་ཆགས་པ་རེད། དེ་ཙམ་གྱིས་དེ་དབུས་གཙང་གི་གཞུང་རེད་ཟེར་ན་འགྲིག་གི་ཨེ་ཡོད་ན། ལར་ནས་གོང་ས་ལྔ་པ་ཆེན་པོ་ནས་བོད་གཞུང་དེ་དབུས་གཙང་ཁུལ་གཅིག་པོ་ལ་མ་གཏོགས་ས་ཁུལ་གཞན་ལ་རྒྱ་ཆེན་པོ་ཁྱབ་ཐུབ་མེད་ཀྱང་། ས་ཁུལ་ཚང་མ་ལ་ཁྱབ་ཡོད་པ་ནི། སྔ་མོ་མདོ་སྤྱི་ཟེར་ནས་བཙགས་སྲོལ་ཡོད་པ་ནི་ས་ཁུལ་གཞན་ལ་ཁྱབ་པའི་རྟགས་མཚན་ཞིག་རེད་སྙམ། བོད་སྡེ་པ་གཞུང་གིས་བྱེད་སྟངས་འགྲིག་པ་དང་མ་འགྲིག་པ་སྣ་ཚོགས་ཡོད་པ་ནི་བདེན་པ་རེད། གང་ལྟར་རིན་པོ་ཆེས་དེ་ལྟར་གསུངས་དགོས་པའི་དགོངས་གཞི་དེ་གང་ལ་གོ་དགོས་མིན་ང་ཡང་འཐོམ་དུ་འཇུག་སོང་།
༸གོང་ས་མཆོག སྐུ་ཉིད་ཀྱི་གསུངས་པ་ལྟར་ན། དབུས་གཙང་དང་དགེ་ལུགས་པ་རྣམས་ཕུད་པའི་ཆོལ་གཉིས་དང་ཆོས་བརྒྱུད་གཞན་དག་སྔ་མོ་ནས་རྒྱ་ནག་གི་མངའ་ཁོངས་ཆགས་པ་མ་རེད་དམ། དགེ་ལུགས་པའི་ནང་ལ་ཆོལ་ཁ་གསུམ་གྱི་མི་མེད་དམ། དགེ་ལུགས་པ་ནི་མི་གྲངས་ཆེས་མང་ཤོས་ཀྱི་ཆོས་བརྒྱུད་དེ་རེད། ཕལ་ཆེར་བོད་ཡོངས་ཀྱི་བརྒྱ་ཆ་དྲུག་ཅུ་བདུན་ཅུ་ཡོད་ཚོད། གྲངས་ཚད་འདིའི་ཆ་ནས་བཤད་ན་ཡང་དེ་སྔའི་བོད་གཞུང་དེ་བོད་སྤྱི་བའི་གཞུང་གི་ངོ་བོ་ལྡན་པར་མཐོང། ལྷག་པར་དུ་བོད་འདི་ཆོས་སྲིད་ཟུང་འབྲེལ་ཡིན་པས་མ་མཐར་ཡང་ཆོས་ཀྱི་དབང་ལུང་བོད་ས་ཡོངས་ལ་ཁྱབ་ཡོད། རྒྱུ་མཚན་མི་ཉུང་བ་ཞིག་གི་དབང་གིས་སྐུ་ཉིད་ཀྱིས་དེ་སྔའི་བོད་སྡེ་པ་གཞུང་ཟེར་བ་དེ་ཆུང་ཆུང་ཞིག་ཏུ་ཞལ་བཞེས་གནང་མི་འོས་པར་མཐོང།
༸གོང་ས་མཆོག སྐུ་ཉིད་ཀྱི་རིགས་ལམ་ལྟར་ན། ད་ལྟའི་བཀའ་བློན་ཁྲི་བའི་འབྱུང་སྟངས་ཀྱང། ས་གནས་ཕྱི་གླིང་བ་དང། འདེམས་མཁན་བཙན་བྱོལ་བ་ཉུང་ངུ་ཞིག་རེད། དེས་ན་བཀའ་ཁྲི་འདི་ཡང་བཙན་བྱོལ་བོད་མི་ཉུང་ངུ་འདི་ཙམ་གྱི་དཔོན་པོ་ཙམ་ལས་དེ་ལ་གཞིས་ལུས་བོད་མི་ཡོངས་ཀྱི་སྐུ་ཚབ་མཚོན་པའི་རང་བཞིན་མེད་དམ་ཅི།
ད་རེས་དྲི་བ་ཁ་ཤས་ཐོན་ས་རེད། དགེ་ལུགས་པ་ནི་ཨ་མདོའི་རེད། ཙོང་ཁ་པ་ཨ་མདོ་ནས་མ་ཡིན་ནམ།
འཇིགས་མེད་ལགས།
བསྟན་པ་དག་ཐེར་ཞེས་པ་དེ་རབ་བྱུང་ངུར་སྨྲིག་གི་སྡེ་དང་གོས་དཀར་ལྕང་ལོའི་སྡེ་གཉིས་ལས་གཞན་པའི་ཕུང་གསུམ་པའི་དགེ་འདུན་ཁེ་ཆེ་བ་དེ་དག་རྩ་མེད་བཟོ་དགོས་ཀྱིན་འདུག གལ་སྲིད་མ་བཟོས་པ་ཡིན་ན་སླད་ནས་དགེ་བའི་བཤེས་གཉེན་མཚན་ཉིད་པ་དེ་ཚོ་མ་བཞུགས་ན་ཁོ་ཚོས་སྡོམ་རྒྱུན་ཡང་སྤེལ་ཡོང་ས་རེད། ༧གོང་ས་མཆོག་གཙོར་བྱས་པའི་སྐུ་བསྒྲེས་དག་གིས་མ་གནང་ན་གཞན་སུས་ཀྱང་གནང་མི་ནུས་པ་ཞིག་རེད།
ངེས་པ་དོན་གྱི་བླ་མ་མཚན་ཉིད་སུམ་ལྡན་གཞིས་བྱེས་བོད་མི་ལྟ་ཞོག་འཛམ་གླིང་ཆེ་དགུ་ཀུན་གྱི་དབུ་ཡི་མཆོད་གནས་སུ་བསྐུར་བ་བཞིན་འདི་ལྟའི་མཛད་པ་དང་ཕྲིན་ལས་ཞིག་སངས་རྒྱས་དོན་ཀུན་གྲུབ་པའི་རྒྱལ་ཚབ་སྙིགས་མའི་དུས་འདིར་བསམ་བཞིན་འབྱོན་པ་བོད་གཞིས་བྱེས་ཡོངས་ཀྱི་རིན་པོ་ཆེ། ཇི་སྲིད་ནམ་མཁའ་གནས་པ་དང་། །དེ་སྲིད་མགོན་པོ་གནས་གྱུར་ནས། །གོ་ལ་ཟླུམ་པོའི་སྲོག་ལྡན་རྣམས། །ཞི་བའི་ལམ་དུ་ཁྲིད་པར་མཛོད།
།དྲྭ་གྲོགསལྷ་མོ་ལགས་ཀྱིས་སྨྲེ་བསྐུལ་ལ་ཅུང་ཙམ་ཞུ་འདོད་བྱུང། ཁྱེད་ཐུགས་ཁག་མེད་གསུང་གཅིག་ཉིད་དུ་གསུང་ན་ཡང་། །དུ་མ་ཉིད་དུ་སོ་སོར་གོ ཞེས་པ་བཞིན། བོད་གངས་ཅན་གྱི་ལྗོངས་འདིར་གཞིས་བྱེས་མཉམ་དུ་འཛོམ་པའི་དགའ་སྟོན་ལ་རོལ་ཉན་སྤྲོ་ན་ཆོལ་ཆོས་ཀྱི་དབྱེ་བ་ཁ་ཙམ་མིན་པར་གོང་ས་མཆོག་གི་མཛད་པ་ལྟ་བུ་ཞིག་མེད་ཕྱིན། ལམ་བདེ་བ་བྱང་སེམས་ཀྱི་བསླབ་པ་ལ་བསླབ་ནས། འབྲས་བུ་བདེ་བ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐབས་ཞིག་རྩ་བ་ཉིད་ནས་མེད་པས། མཛད་པ་དང་ཕྲིན་ལས་འདི་ལ་བརྟེན་ནས་རི་བོ་དགེ་ལྡན་པའི་རྒྱལ་བསྟན་གསེར་གྱི་ཞུན་མ་ལྟ་བུ་འདི་ཉིད་གོང་ནས་གོང་འཕེལ་དང་གངས་ཅན་ཆོས་ལྡན་ཞིང་ཞེས་མིང་དོན་མཚུངས་པའི་ཕྱི་མོ་ཉིདའང་དུ་འགྱུར་བ་ཡིན་པ་ལས། ཐེམ་པ་འོག་མ་ལ་ཟག་པའི་ཀུན་རྟོག་དེ་ནི་རྭ་ཅོའི་སྦུག་གི་མུག་བསམ་ཡིན་པས་དུས་ཀྱི་འགྱུར་སོ་སྣ་ཚོགས་པའི་རླབས་སྣེ་འདིར་ངེས་པར་དུ་གཡུག་དགོས་པའི་རིགས་ཆ་ཡིན་པ་ཤེས་དགོས་པ་འདི་ཆོས་བྱེད་ཡོངས་ལ་མེད་དུ་མི་རུང་བ་ཞིག་ཡིན་པར་སེམས།
བོད་སྔར་བྱས་ཀྱི་ལོ་རྒྱུས་གླེང་རེས་བྱས་ན་ནང་འཁོན་དང་ཡིད་ས་འཁྲུད་པ་ལས་དགེ་མཚན་དེ་ཙམ་མེད་པར་སེམས། ཡིན་ཡང་དྲན་བསྐུལ་ནི། སེམས་ཅན་རྣམས་ཀྱི་བསམ་པ་དང་། བློ་ཡི་བྱེ་བྲག་ཇི་ལྟ་བ། །གསུང་གི་དབུགས་དབྱུང་སྩལ་དུ་གསོལ། ཞེས་བསྐུལ་བ་ལ་མི་འགྲིགས་པའི་བསམ་འཆར་མིན་པས་དེ་ཐུགས་ལ་བཞག་མཛད་རོག
༧གོང་ས་མཆོག་ལགས། སྔར་ངས་ཁྱེད་ཀྱི་མདུན་ནས་ཆོས་མང་པོ་ཞུས་ཀྱང་། ཁྱེད་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅིག་དང་། ངེས་པ་དོན་གྱི་མཁས་པ་ཞིག་ལས་ཕྱི་མའི་སྐྱབས་གནས་སུ་བཟུང་མྱོང་མེད། ད་ནི་ངོ་མ་ཚེ་ཕྱི་མའི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་ཞེས་པ་ཡང་ཁྱེད་ལ་ངོས་འཛིན་ཞུ་བཞིན་ཡོད།
གངས་ཅན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།by Tulku Ogyen Nyima on Wednesday, 11 May 2011 at 09:49
ད་ནི་ངོ་མ་གངས་རིའི་ལྗོངས་ཡོངས་ལ་ཁྱབ་པའི་གཞུང་མཚན་ཉིད་པ་ཞིག་དང་། ཆོལ་གསུམ་མི་རིགས་ཀྱི་མཐུན་སྒྲིལ་ལ་སྨན་པའི་གཞུང་སྤྱི་ལ་ཁྱབ་པ་ཞིག་ཏུ་ཆགས་སོང་། འདི་ནི་རང་དོན་རྩད་ནས་སྤངས་པའི་ངེས་དོན་གྱི་དགེ་སྦྱོང་ཞིག་གི་བྱས་རྗེས་རེད་ལ། བོད་ལ་མང་གཙོའི་རང་དབང་མཚན་ཉིད་པ་ཐོབ་པའི་དན་རྟགས་ཀྱང་རེད། དེ་ཕྱིར་ང་ཚོའི་གཞུང་ནི་དེ་རིང་ནས་བཟུང་གངས་ཅན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་འབོད་ན་མི་རུང་བ་ག་ལ་ཡོད།
༸གོང་ས་མཆོག དགའ་ལྡན་ཕོ་བྲང་བའི་གཞུང་དེ་དགེ་ལུགས་པའི་བླ་མ་ཞིག་གིས་སྐྱོང་བའི་ཆ་ནས་དགེ་ལུགས་པའི་གཞུང་ཆགས་ཀྱིན་ཡོད་ན། འོ་ན་འགྲོ་མགོན་འཕགས་པས་དབང་འཛིན་སྐབས་ས་སྐྱ་པའི་གཞུང་ཙམ་དུ་ཞལ་བཞེས་གནང་ངམ། ༸གོང་ས་ལྔ་པ་ཆེན་པོའི་སྐབས་སོག་པོ་དང་མན་ཇུ་དག་གིས་ཀྱང་བོད་རྒྱལ་ཁབ་ཅིག་གི་མཐོང་བཞག་ཡོད་པ་མིན་ནམ།
བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་ཐམ་ཡིག་དེ་ཡང་དབུས་གཙང་གཅིག་པུར་གོ་རྒྱུ་ཡིན་ནམ། ཨ་མདོ་ལ་མཚོན་ན་བོད་དང་བོད་གངས་ཅན་ཞེས་པ་ལ་ཆེ་ཆུང་ཅི་ཡང་མེད། ས་ཁུལ་གྱི་དབྱེ་བ་འབྱེད་དུས་་ཁམས་དང་ཨམ་མདོ། པོད་པ་ཟེར་སྲོལ་ཡོད། ཨ་མདོ་བས་ལག་ནས་བྲིས་པའི་བོད་དང་ངག་ནས་སྨྲ་བའི་པོད་གཉིས་ལ་ཆེ་ཆུང་ཡོད།
བོད་གཞུང་དགའ་ལྡན་ཕོ་བྲང་གི་བོད་དེ་དབུས་གཙང་ཙམ་དང། བོད་ཆོས་ལྡན་གྱི་རྒྱལ་ཁབ་ཅེས་པའི་བོད་གཉིས་ལ་གནམ་སའི་ཧེ་བག་ཡོད་ཚུལ་འདིར་ལོ་རྒྱུས་ཁུངས་བཙན་ཡོད་དམ་ཅི། འོ་ན་ཏཱ་ལའི་བླ་མས་བགྲེས་ཡོལ་ཞུ་འོས་མིན་དང་འགན་དབང་རྩིས་སྤྲོད་ཆོག་མིན་ཡང་དགེ་ལུགས་པ་ཚོ་ལས་གཞན་དག་ལ་འགན་ཅང་མེད་པ་ཆགས་པ་མ་རེད་དམ།
དགའ་ལྡན་ཕོ་བྲང་གི་གཞུང་གིས་བོད་གཅིག་གྱུར་ཐད་ལ་མ་འཇོན་པ་བདེན་ན་ཡང་དེ་རྒྱུ་མཚན་དུ་བྱས་ནས་བོད་གཞུང་ཟེར་བ་དེ་ཡང་དབུས་གཙང་ཙམ་དང་དེའི་དེའི་ནང་ནས་ཀྱང་དགེ་ལུགས་པ་ཙམ་གྱི་གཞུང་ཡིན་པར་ཞལ་བཞེས་གནང་འོས་སམ།
ཡང་ན་ས་ཁུལ་དབུས་གཙང་ཙམ་དང། མི་སེར་དགེ་ལུགས་པ་ཚང་མ་འཇོག་དགོས། དགའ་ལྡན་ཕོ་བྲང་དབུས་གཙང་གི་དགེ་ལུགས་པའི་གཞུང་ཞིག་དང་བཙན་བྱོལ་བོད་གཞུང་ཡང་སྐྱབས་བཅོལ་བོད་མི་འབུམ་ལྷག་གི་སྒྲིག་འཛུགས་ཤིག་ཏུ་ངོས་ལེན་གནང་གིན་ཡོད་དམ།
༸གོང་ས་མཆོག ཐེངས་འདིའི་བོད་གཞུང་མང་ཚོགས་ཆེན་ཐོག་ལ་སྐུ་ཉིད་ཀྱིས་འདིའི་སྐོར་ཞལ་གསལ་ཞིག་གནང་གལ་ཆེའོ། ད་ནི་ངོ་མ་བློ་ཕམ་སྐྱེའོ།
བསྟན་པ་དག་ཐེར་ ཞེས་པའི་དོན་་གང་ཡིན་ནམ་ ་གསལ་བཤད་ཞིག་གནང་རོགས་
སྐྱབས་སུ་མཆི།
སངས་རྒྱས་ཟེར་ན་འདི་ལས་ལྷག་པ་ཞིག་དང་བྱང་སེམས་ཟེར་ནའང་འདི་ལས་ལྷག་པ་ཞིག་ནམ་ཡང་བྱུང་མེད།
སངས་རྒྱས་ལ་ཉེ་རིང་མེད་ཀྱང།
ཀུན་དགའ་བོ་རང་ཕྱོགས་།
ཞེས་པ་ཞིག་བསད་སྲོལ་ཡོད།
འོན་ཀྱང་༧གོང་ས༧་མཆོག་ནི་དེ་ལས་ཀྱང་ལྷག་པའི་ཐུགས་དགོངས་རིས་སུ་མ་ཕྱེས་པ་ཞིག་རེད་འདུག
ངོ་མ་བྱེད་ན་ཁོང་རང་ཉིད་དགེ་ལུགས་པ་ཞིག་ཡིན་པས་དགེ་ལུགས་ཀྱི་དོན་དུ་ད་ལྟའི་གཞུང་དེ་རང་འཇགས་འཇོག་རྒྱུར་མོས་མཐུན་ཡོད་མཁན་ཞིག་ཡིན་དགོས།
འོན་ཀྱང་ཁོང་ནི་དེ་ལས་ལྡོག་སྟེ་དྲང་བརྗོད་ཀྱིས་བོད་མི་རིགས་འདི་ཡི་ནམ་ཕུག་ལ་ཕན་པའི་བརླབས་ཆེན་གྱི་བྱ་གཞག་དེ་ལ་ཡིད་གཏིང་ནས་མོས་བཞིན་ཡོད།
སངས་རྒྱས་ལས་ཀྱང་ལྷག་པའི།
ཐུགས་དགོངས་ནམ་མཁའ་ལྟ་བུ།
བྱང་སེམས་ལས་ཀྱང་ལྷག་པའི།
ཀུན་སྙོམས་ཉི་མའི་བརྩེ་བ།
ཁྱེད་ནི་ནམ་མཁའ་ལྟ་བུའི་ཐུགས་དགོངས།
ཁྱེད་ནི་ཉི་མ་ལྟ་བུའི་བརྩེ་ཆེན་གྱི་བདག་ཉིད།
ངོ་མ་ཤཀྱའི་དགེ་སྦྱོང་མཚན་ཉིད་པ་ཞིག་དང་འགྲོ་བ་མིའི་རིགས་ཀྱི་སྐྱབས་གནས་སུ་འོས་པའི་ཞི་བདེའི་དེད་དཔོན་རང་རེད། ཡིན་ན་ཡང་ད་ལྟ་གཅིག་ལུས་ཡོད་པ་བསྟན་པ་དག་ཐེར་བྱ་བ་དེ་རེད། བསྟན་པ་དག་ཐེར་དེ་མ་གནང་ན་སླད་ནས་དཀའ་ཁག་ཅིག་ཐུག་ས་རེད། གཞན་ཚང་མ་གྲུབ་སོང་། ཐུགས་རྗེ་ཆེ། འདི་ཕྱིའི་སྐྱབས་གནས་རང་ཡིན།