མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སྐད་མི་ཤེས་ན་དེ་བོད་པ་ཕྱེད་ཀ་ཞིག་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp
གལ་སྲིད་བོད་པར་རང་དབང་བའི་སྐད་དང་དེའི་གཞི་རྟེན་ཡི་གེ་ཞིག་རྒྱ་ཡིག་ལས་ལོགས་སུ་མེད་པ་ཡིན་ན། བོད་པ་ཚོ་རུས་ཀྱི་ཆ་ནས་རྒྱ་རིགས་མིན་ནའང་།ང་ཚོ་མི་རིགས་ཀྱི་ངོ་བོར་ཆགས་ཐུབ་ཡོད་པ་མ་རེད།
 
དེ་རིང་ཕྱི་ཚེས་༡༨ཉིན།བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག རྡ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་༼བོད་ཀྱི་ཚིག་མཛོད་ཆེན་མོ༽ཞེས་པའི་དེབ་སྟོད་སྨད་གཉིས་ཅན་གྱི་ཚིག་མཛོད་ཆེན་མོ་ཞིག་དབུ་འབྱེད་གནང་སོང་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་།ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་རྣམ་གཉིས་གཙོས་པའི། སྤྱི་འཐུས་རྣམ་པ་དང་བོད་གཞུང་དྲུང་ཆེ་ཁག དེ་བཞིན་གཞུང་ཞབས་མི་སྣ་དང་གསར་འགོད་པ་བཅས་མི་གྲངས་བརྒྱ་སྐོར་ཙམ་ཞིག་ཕེབས་འདུག་ལ། མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོས་སྣང་གསལ་མར་མེ་ཞལ་འབྱེད་དང་། རྩོམ་སྒྲིག་པ་བློ་བཟང་བསྟན་དར་ལགས་ནས་ཚིག་མཛོད་ངོ་སྤྲོད་གནང་རྗེས། བཀའ་ཁྲི་མཆོག་གིས་ཚིག་མཛོད་ཆེན་མོ་དབུ་འབྱེད་དང་སྦྲགས་བཀའ་སློབ་གསུང་བཤད་གནང་སོང་།
 
རྩོམ་སྒྲིག་པ་བློ་བཟང་བསྟན་དར་ལགས་ཀྱིས་ཚིག་མཛོད་ཆེན་མོའི་རྒྱབ་ལྗོངས་དང་འབྲེལ་དེ་བརྗོད་དོན། ཕྱི་ལོ་༡༩༩༠ལོར་རྡ་ས་རིག་ལམ་སློབ་གཉེར་ཁང་དུ་སློབ་གཉེར་བྱེད་བཞིན་པའི་སྐབས་ནས་བཟུང་སྟེ།ཚིག་དོན་མ་གསལ་བ་དང་དཀའ་གནད་འགྲེལ་རྒྱག་དགོས་པའི་ཐ་སྙད་མང་པོ་ཞིག་ཟུར་དུ་གསོག་སྒྲུབ་བྱེད་ཐུབ་པ་བྱུང་སོང་།དེ་དུས་བཙན་བྱོལ་ནང་ཚིག་མཛོད་གཞི་རྒྱ་ཆེ་ལ་སྤུས་དག་པོ་ཞིག་དགོས་ཀྱི་འདུག་བསམ་པ་ཙམ་ལས། རང་ངོས་ནས་ཚིག་མཛོད་སྒྲིག་རྒྱུའི་བསམ་འདུན་དེ་འདྲ་མེད། ཡིན་ནའང་།མ་འོངས་པར་རིག་གཞུང་གི་སྟི་གནས་ཆེ་ས་ཞིག་ལ་ཕར་ཞལ་འདེབས་འབུལ་ས་ཞིག་རག་གི་རེད་བསམ་ཏེ་ཐ་སྙད་གང་འཚམ་ཞིག་གསོག་སྒྲུབ་བྱས་པ་ཡིན།དེ་ལྟར་དུས་ཡུན་གང་འཚམ་ཞིག་འདས་ཟིན་ནའང་ལག་པ་འཆིང་མཁན་ཞིག་བྱུང་མ་སོང་། དེར་བརྟེན།  ༼ཤེས་བྱ་ཀུན་ཁྱབ་ཀྱི་ཚིག་མཛོད་ཆེན་མོ༽ཞིག་སྒྲིག་རྒྱུའི་དམིགས་འདུན་བཅངས་ཏེ་རང་ངོས་ནས་ལག་པ་འཆང་མགོ་བརྩམས་པ་ཡིན།དེ་ལྟའི་ཚིག་མཛོད་ཆེན་མོ་ཞིག་སྒྲིག་རྒྱུར་མི་མང་པོས་མཉམ་རུབ་བྱས་ན་མ་གཏོགས་ཡོང་ཐུབ་དཀའ་བའི་རྐྱེན་གྱིས་འཆར་གཞི་ཞིག་བཟོས་ཏེ།   ཕྱི་ལོ་༢༠༠༤ལོར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་ལ་མཇལ་ནས་བཀའ་སློབ་ལམ་སྟོན་ཞུས་ཤིང་།དེ་རྗེས་ཤེས་རིག་བཀའ་བློན་མཆོག་ལའང་སྔ་རྗེས་ཐེངས་མང་མཇལ་བཅར་གྱིས་ལམ་སྟོན་ཞུས་པ་ཡིན།དེ་ལྟར་རྩོམ་སྒྲིག་མགོ་བཙུགས་ནས་ལོ་༡༠ཙམ་ཞིག་འདས་སོང་ནའང་།   རྨི་ལམ་དེ་འགྲུབ་རྒྱུ་ཁག་པོ་འདུག   ཡིན་ནའང་།གཞི་རྒྱ་ཆེ་བའི་ཚིག་མཛོད་ཅིག་གང་ལ་གང་འཚམ་འགྲུབ་ཀྱིན་ཡོད་པས།བོད་པའི་གཏམ་དཔེར། བྱས་པའི་རྗེས་ལ་གྲུབ་པའི་མཐའ་ཞིག་ཡོད།བཏབས་པའི་ཞིང་ལ་སྨིན་པའི་དུས་ཤིག་ཡོད།ཅེས་པ་ལྟར་འགྲུབ་རྒྱུ་མེད་པ་ཞིག་ཡིན་ན་འགྲིག་གི་མེད་པར་བརྟེན། ཕྱི་ལོ་༢༠༠༨ལོར་ཤེས་རིག་དྲུང་ཆེ་སྐུ་ངོ་གཡུ་ཐོག་ཀརྨ་དགེ་ལེགས་ཀྱི་མདུན་ལ་བཅར་ཏེ་སྙན་ཞུ་ཞིག་ཕུལ་ནས།སྔོན་མའི་༼ཤེས་བྱ་ཀུན་ཁྱབ་ཀྱི་ཚིག་མཛོད་ཆེན་མོ༽ལྟ་བུ་ཞིག་འགྲུབ་ཐུབ་མི་འདུག་མོད། གཞི་རྒྱ་ཆེ་བའི་ཚིག་མཛོད་ཅིག་གང་འཚམ་འགྲུབ་སོང་བས། དེའི་ལས་མཇུག་བསྐྱེལ་རྒྱུ་དང་། ཞུ་དག པར་སྐྲུན་སོགས་ཀྱི་ཐད་ཤེས་རིག་ལས་ཁུངས་ནས་རྒྱབ་སྐྱོར་གནང་རོགས་ཞུས་པ་ལྟར་ཞལ་བཞེས་ཐོབ་སྟེ། ཤེས་རིག་རྩོམ་སྒྲིག་ཚན་པ་ནས་འགན་ལེན་གནང་བའི་ཐོག་ནས་ཚིག་མཛོད་འདི་ལེགས་པར་འགྲུབ་ཐུབ་པ་བྱུང་སོང་། ཞེས་ངོ་སྤྲོད་གནང་སོང་། 
དེ་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚིག་མཛོད་དབུ་འབྱེད་དང་སྦྲགས་ཏེ་གསུང་དོན། བོད་ཀྱི་ཚིག་མཛོད་ཆེན་མོ་གསར་བ་པར་སྐྲུན་གྱིས་དབུ་འབྱེད་བྱ་རྒྱུ་བྱུང་བར་དགའ་བོ་བྱུང་།ཚིག་མཛོད་རྩོམ་སྒྲིག་པ་བློ་བཟང་བསྟན་དར་མཆོག་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་དང་ང་རང་སྒེར་ངོས། དེ་བཞིན་བོད་པའི་སྤྱི་ཚོགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ། རིག་གཞུང་དང་སྐད་ཡིག་གི་ཕྱག་ལས་ནི་ཆོས་དང་སྲིད། སྤྱི་ཚོགས་དང་སྒེར།འདི་ཕྱི་གང་གི་ཆ་ནས་བསམ་བློ་བཏང་ཡང་རླབས་ཆེན་གྱི་ཕྱག་ལས་ཤིག་རེད། སྤྱིར་བཏང་མིའི་འགྲོ་བ་འདི་དུད་འགྲོ་ལས་ཁྱད་པར་འབྱེད་བྱེད་ཀྱི་ཁྱད་ཆོས་གཅིག་རང་མ་གཏོགས་མེད། དེ་ནི་ངག་གི་སྨྲ་བརྗོད་རེད། དེ་ལས་གཞན་པའི་འགྲོ་འཆག་ཉལ་འདུག ཁ་ཟས་འཚོལ་བ་དང་ཚང་བཟོ་བ། ཕྲུ་གུ་གསོ་སྐྱོང་བྱེད་པ་སོགས་ནི་དུད་འགྲོ་དང་མི་གཉིས་ལ་ཁྱད་པར་ཡོད་པ་མ་རེད། ཡིན་ནའང་།མིའི་འགྲོ་བ་དེ་རླབས་ཆེན་ཞིག་ལ་བརྩི་བའི་རླབས་ཆེན་པོ་དེའི་ཡོངས་ཁུངས་ནི་ངག་གི་སྨྲ་བརྗོད་རེད། འཇིག་རྟེན་འདིའི་རིག་གནས་ཡོངས་རྫོགས་ཀྱི་ཐོག་མའི་ཡོངས་ཁུངས་དེ་ངག་གི་རིག་སྡེ་ལས་བྱུང་ཞིང་། ཕན་ཚུན་ངག་གི་སྨྲ་བརྗོད་ཀྱི་ལམ་ནས་རྣམ་དཔྱོད་སྤེལ་རེས་བྱས་ཏེ་ད་བར་དུ་གནས་ཤིང་ཡར་རྒྱས་བྱུང་བ་རེད། ངག་གི་སྨྲ་བརྗོད་ཀྱི་རང་བཞིན་མེད་ན། མིའི་བསམ་ཚུལ་ཕན་ཚུན་གསལ་བར་བྱེད་པའི་ཐབས་ལམ་མེད་པའི་དབང་གིས། སྐད་དང་སྐད་ཀྱི་གཞི་རྟེན་བཅོལ་སའི་ཡི་གེ་དེའང་གལ་ཆེན་པོ་ཡིན་པར་མ་ཟད། མི་རིགས་ཀྱི་ངོས་འཛིན་ཡང་དེ་ལ་བརྟེན་ནས་ཡོང་དགོས་པ་ཆགས་ཡོད།མི་རིགས་ཀྱི་ངོས་འཛིན་ནི་མི་རིགས་དེར་ཐུན་མོང་མ་ཡིན་པའི་སྐད་ཡོད་མེད་ལ་རག་ལས་ཡོད།མི་རིགས་གང་དེར་སྐད་ཟུར་དུ་མེད་ཚེ་རུས་ཐ་དད་ཡིན་ནའང་།རིགས་ཐ་དད་ཡིན་པ་མཚོན་མི་ཐུབ། གལ་སྲིད་བོད་པར་རང་དབང་བའི་སྐད་དང་དེའི་གཞི་རྟེན་ཡི་གེ་ཞིག་རྒྱ་ཡིག་ལས་ལོགས་སུ་མེད་པ་ཡིན་ན། བོད་པ་ཚོ་རུས་ཀྱི་ཆ་ནས་རྒྱ་རིགས་མིན་ནའང་།ང་ཚོ་མི་རིགས་ཀྱི་ངོ་བོར་ཆགས་ཐབས་ཡོད་པ་མ་རེད། ད་ལྟ་ང་ཚོ་མི་རིགས་ཀྱི་ངོ་བོར་གནས་ཐུབ་པ་དེ་སྐད་དང་ཡི་གེ་ཐ་དད་ཡོད་པའི་དབང་གིས་བྱུང་བ་རེད། དེར་བརྟེན།བོད་མི་རིགས་གནས་ཐུབ་པ་ལ་བོད་སྐད་ཡིག་གནས་དགོས་པ་དེ་མེད་དུ་མི་རུང་བ་ཞིག་རེད། བོད་སྐད་མི་ཤེས་པའི་བོད་པ་ཞིག་ཡོད་ན་དེ་བོད་པ་ཕྱེད་ཀ་ཞིག་རེད།བོད་པའི་སྐད་ཡིག་དང་འབྲེལ་བ་ཆད་པའི་ཉིན་མོ་དེར།   བོད་ཀྱི་འདས་པའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཡོངས་སུ་རྫོགས་པ་དང་འབྲེལ་བ་ཆད་འགྲོ་བ་རེད། ངག་གི་རང་བཞིན་གྱི་མེ་ལོང་དེ་མེད་པ་ཡིན་ན།འདས་པའི་གཟུགས་བརྙན་ཚང་མ་ད་ལྟ་ང་ཚོས་རྟོགས་ཐབས་ཡོད་པ་མ་རེད། ལོ་༢༥༠༠འདས་པའི་སྔོན་གྱི་བྱུང་བ་དེ་དག ད་ལྟ་ང་ཚོས་གསལ་ལྷམ་མེར་རྟོགས་ཐུབ་པ་དེ་ངག་གི་རང་བཞིན་གྱི་རྣམ་གཞག་ལ་ཐུག་ཡོད་པ་རེད། ཅེས་གསུང་བྱུང་།
 མཇུག་མཐར་བཀའ་ཁྲི་མཆོག་གིས་ཚིག་མཛོད་ཀྱི་ཕན་ཡོན་གྱི་ཐད་ནས་གསུང་དོན།   སྤྱིར་བཏང་སྐད་ཡིག་ཡར་རྒྱས་ཕྱིན་པའི་འགྲོས་རིམ་ལ་བལྟས་པ་ཡིན་ན། ཐོག་མར་ཡིག་གཟུགས་མ་བྱུང་བའི་སྔོན་ལ་སྐད་བྱུང་བ་རེད། སྐད་དེ་ནི་རང་རང་སོ་སོའི་ལེགས་པར་སྦྱར་བའི་སྐད་ཆགས་ཡོད་སྟབས། ཁ་ནས་བཤད་པ་ཇི་བཞིན་ཡིག་ཐོག་ལ་བྲིས་བཞག་ན་ཡི་གེ་དག་པོ་ཆགས་འགྲོ་བ་རེད། གཉིས་པ་དེ་ཟུར་ཆག་གིསྐད་རེད། ང་ཚོའི་སྐད་དེ་ཡུལ་མི་རང་བཞིན་པའི་སྐད་དང་ཟུར་ཆག་གི་སྐད་དུ་ཆས་ཚར་བའི་རྗེས་ལ། ཡི་གེ་དག་ཆ་དེ་གལ་གནད་ཆེན་པོ་ཆགས་པ་རེད། ད་ལྟའི་དུས་སྐབས་འདིར་ང་ཚོས་ཡི་གེ་དག་ཆ་ཡག་པོ་སྲུང་སྐྱོབ་བྱེད་མ་ཐུབ་པ་ཡིན་ན། མ་འོངས་པར་སྐད་ཡིག་གཅིག་གྱུར་གྱི་ནུས་པ་ཉམས་པའི་ཉེན་ཁ་དང་། གནའ་བོའི་རིག་གཞུང་བེད་སྤྱོད་མེད་པ་ཆགས་འགྲོ་བ་དང་རྟོགས་མི་ཐུབ་པའི་ཉེན་ཁ། དེ་བཞིན། མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་གི་ངོ་བོ་ངོས་འཛིན་བྱེད་མི་ཐུབ་པའི་ཉེན་ཁ་བཅས་ཡོད་པ་རེད། ད་སྐབས་ང་ཚོས་འཇིག་རྟེན་འདིའི་སྒང་ལ་ངོམས་སོ་བྱེད་བཞིན་པའི་བོད་པའི་བཀའ་བསྟན་འགྱུར་ལ་སོགས་པའི་རིག་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་དེ་དག   རྗེས་མ་གོ་དོན་རྟོགས་མི་ཐུབ་པའི་སྐད་ཡིག་ཅིག་ཏུ་གྱུར་ཏེ། མི་ཐོག་མང་པོའི་རྗེས་ལ་མཁས་པ་ཡིན་ཟེར་མཁན་རེ་འགས་མར་འགྲེལ་བཤད་བསྐྱོན་དགོས་པ་ཞིག་ཆགས་པ་ཡིན་ན།དེ་དུས་ང་ཚོའི་རིག་གཞུང་ཡོད་ཚད་བརླགས་ཚར་པ་རེད། དེར་བརྟེན། རིག་གཞུང་རྒྱུན་འཛིན་དང་། སྐད་ཡིག་གི་ངོ་བོ་མ་བརླགས་པར་བོད་རིགས་ཡོངས་རྫོགས་གཅིག་གྱུར་གནས་ཐུབ་རྒྱུར། བོད་པའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད། དེ་དག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་མང་པོ་ཡོད་པའི་ནང་ནས།ཚིག་མཛོད་བཟོ་རྒྱུ་དེ་མ་འོངས་པར་རྒྱུན་རིང་པོའི་བར་གནས་ཐུབ་པའི་ལས་ཀ་ཞིག་རེད། རྩོམ་རིག་ལ་མཚོན་ན་དུས་སྐབས་སོ་སོའི་གནས་བབས་དང་བསྟུན་ནས་བྲིས་པའི་རྩོམ་ཡིག་རྣམས། དུས་ཚོད་གང་འཚམ་ཞིག་ཡོལ་རྗེས་ཁ་ཤས་ཕན་མ་ཐོགས་པ་ཆགས་འགྲོ་གི་རེད། ཚིག་མཛོད་དེ་དག་སྐད་ཀྱི་རང་བཞིན་ལྟར་འགྱུར་བ་འགྲོ་ཆོག་གི་མེད་སྟབས། ཡུན་རིང་བར་དུ་གནས་ཐུབ་པའི་ངག་གི་རང་བཞིན་ཅིག་རེད། ཚིག་མཛོད་འདི་ལྟ་བུར་ཆ་མཚོན་པ་ཡིན་ནའང། ད་ནས་རྩིས་པའི་ལོ་ ༥༠༠ རྗེས་སུ་ད་ལྟའི་དུས་སྐབས་ཀྱི་སྐད་ཡིག་ཐད་གོ་རྟོགས་ཡོང་ཆེད་ཏན་ཏན་ཕན་ཐོགས་ཆེན་པོ་ཡོང་གི་རེད། རྩོམ་པ་པོ་ཚུད་པའི་དེ་རིང་དེབ་དབུ་འབྱེད་མཛད་སྒོའི་སྟེང་ཡོད་པའི་མི་ཚང་མ་ལོ་ ༡༠༠ ཡི་རྗེས་ལ་གཅིག་ཀྱང་ལྷག་གི་མ་རེད། ཡིན་ནའང་། ཚིག་མཛོད་འདི་ལྷག་འདུག་གི་རེད་ལ། དེབ་འདིའི་རྩོམ་པ་པོའི་གཙོས་པའི་མི་མང་པོ་ཞིག་གི་ངོ་སྤྲོད་ཡང་གནས་ཐུབ་གི་རེད། མཐའ་བསྡོམས་བོད་ཀྱི་ཚིག་མཛོད་ཆེན་མོ་གསར་དུ་བསྐྲུན་པ་ལ་བརྟེན་ནས།དེང་རབས་བློ་གསར་མང་པོར་ཕན་ཐོགས་ཡོང་བ་དང་། ལྷག་པར་དུ་བོད་ཀྱི་སྐད་ཡིག་རིག་གནས་མི་ཉམས་རྒྱུན་འཛིན་ཡོང་བའི་སྨོན་འདུན་དང་། རྩོམ་སྒྲིག་གནང་མཁན་དང་མཐུན་འགྱུར་གནང་མཁན་ཚང་མར་ལེགས་གསོལ་བསྔགས་བརྗོད་ཡོད།ཅེས་གསུངས་སོང་།
 
གསར་འགོད་པ།ཚེ་རིང་རྒྱལ།
 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 22

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    གཅན་བཟོད་རྒྱམ་ལགས། ཁྱོད་རང་གི་མཆན་ཐུང་ངུ་འདིའི་ནང་ལའང་དག་ནོར་མང་པོ་ཞིག་འདུག་ན་ཚིག་མཛོད་ཆེན་མོ་གཉིས་ལ་དབྱེ་ཞིབ་དང་གཤིབ་བསྡུར་བྱ་བའི་ཤེས་ཡོན་ཨེ་ཡོད་སྙམ། 

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གཅན་བཟོད་རྒྱམ་ལགས། དགོངས་དག ཁྱེད་བདེན་འདུག ང་ལ་དགོས་ཡ་དེ་ནི། མདོ་དབུས་ཁམས་གསུམ་ལ་གོ་ཐུབ་པའི་སྤྱི་སྐད་གཅིག་དང་། སྤྱི་སྐད་འདི་ཡི་ནང་ལ་གཞིས་བྱེས་གཉིས་ཀའི་ནང་ནས་ཚིག་རྙིང་ཚིག་གསར་རྣམས་སྤྱི་མཚུངས་མཉམ་སྤྱོད་ཐུབ་ཐབས་ཅིག་བྱུང་ཡོང་ན་དགའ་བ་ལགས་སྙམ་ནས་ཚིག་མཛོད་འདི་ཡང་བསྒུག་ནས་བསྡད་ཡོད་ལགས། ཚིག་མཛོད་འདིས་ཀྱང་བོད་ཡིག་བོད་སྐད་སྲིད་མཐར་གནས་ཐུབ་པའི་རམ་འདེགས་ཅིག་བྱུང་ཡོད་པར་སྨོན་བཞིན་ཡོད་ལགས། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་གི རྒྱའི་ཆབ་སྲིད་ཀྱི་གཡོ་ཚིག་མེས་རྒྱལ་ཞེས་པའི་ཚིག་སོགས་ནི་རང་ཤི་ཐེབས་རྒྱུ་ངེས་པ་དང་། རྩ་བར། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་སོགས་ལྟར་བདག་གཞན་དུས་གསུམ་གྱི་ཚིག་དག རྩ་བ་དང་གང་མཐུན་དགོས་ངེས་འདུག་ལགས། དགེའོ། །

    Reply
  3. ཐོ་རེངས། says:
    ལོ་ 14 སྔོན།

    ཉེ་ལམ་བཙན་གཤོལ་བོད་པའི་སྟེ་གནས་རྡ་རམ་ལར་འབྱོར་སྐབས་བོད་ཀྱི་སྐད་ཡིག་གནས་་སྐོར་ལ་ཞིབ་འཇུག་ཅུང་ཟད་བྱས་པ་ཡིན།
    མག་ལོར་ན་ཡོད་པའི་ཟ་ཁང་དང་ཟས་ཐོ། ཚོང་ཁང་དང་མགྲོན་ཁང་སོགས་ཀྱི་སྒོ་བྱང་དང་ཁ་ཡིག་སོགས་མཐོང་ཚེ་ཡིད་སྐྱོ་ལྷང་ངེ་ཞིག་ཆགས་སོང་།
    བོད་སྐད་མི་ཤེས་པའི་བོད་མི་ཕྱེད་ཀ་མང་པོ་གནས་དེར་ཡོད་ངེས་རེད།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ལགས། ངས་(བོད་རྒྱ་ཚིག་མཛོད་ཆེན་མོ་)དང་(བོད་ཀྱི་ཚིག་མཛོད་ཆེན་མོ་)གཉིས་ཀྱི་འགོ་བརྗོད་ནས་ཀ་སྡེ་དང་ག་སྡེ། ད་སྡེ་སོགས་སྡེ་ཙན་རེ་ནས་མིང་བརྡ་མང་པོ་ཞིག་ཞིབ་བསྡུར་བྱས་བ་ཡིན། ཧེ་བག་ཆེར་མ་མཐོང་བས་(མི་ལོ་བཅུ་གསུམ་ལ་བཟའ་ཚོ་ཟུང་གིས་སྐུ་ངལ་གྱི་རིན་ཐང་ཅི་ཙམ་ཡོད་མེད་བརྒྱ་ཆའི་གོ་ལྔ་མཐོང་སོང་།)
    ཡང་(ད་དྲ་གྲོགས་དཔྱོད་ལྡན་དོ་སྣང་ཅན་ཚོས་(བོད་རྒྱ་ཚིག་མཛོད་ཆེན་མོ་)དང་(བོད་ཀྱི་ཚིག་མཛོད་ཆེན་མོ་)གཉིས་ཅོག་ཙེ་གཅིག་གི་སྟེང་ནས་དབྱེ་ཞིབ་རེ་གནང་རྗེས་སྟོད་པ་གནང་འོས་སོ་ཞེས་སྐུལ་ལོ།།)ཞེས་བྲིས་ཡོད་པ་ལས། (བོད་ཀྱི་ཚིག་མཛོད་ཆེན་མོ་)དེ་ཧ་ཅང་ཡག་པོ་ཡོད་ཚུལ་དང་བསྟོད་འོས་པར་སྐུལ་མ་ཅང་བྱས་མེད། ངའི་རེ་བར་དྲ་གྲོགས་ཚོས་ཚིག་མཛོད་ཆེན་མོ་འདི་ལ་མཇལ་ཙམ་གནང་རྗེས་སྟོད་སྨད་ཀྱི་དགོངས་ཚུལ་གསུང་ན་འོས་ཤིང་འཚམ་མོ་ཞེས་བསྐྱར་དུ་ཞུའོ།།

    Reply
  5. དྲང་བདེན་གྱིས་བསླུས་པའི་མུ་ཏོ་བ། says:
    ལོ་ 14 སྔོན།

    བློ་བཟང་བསྟན་དར་ལགས་ཐུགས་རྗེ་ཆེ། ཤེས་ཡོན་ཡོད་པའི་དོན་གོ་ཆོད་པ་རེད།

    Reply
  6. དྲང་སྲོང་། says:
    ལོ་ 14 སྔོན།

    ༼བོད་ཀྱི་ཚིག་མཛོད་ཆེན་མོ༽ཞེས་པ་དེ་ད་དུང་མཇལ་མ་བྱུང་། རྗེས་མར་མཇལ་རྗེས་ད་གཟོད་བསྟོད་སྨད་གང་གི་གནས་ཞིག་རེད་དཔྱད་བྱ་ཡིན། འོན་ཀྱང་སྔར་ཡོད་དཔེ་བཅད་སྣ་ཚོགས་ཀྱི་མགོ་བརྩམས་ཞིང་ ཡུལ་སྐད་ཉིན་འཚེ་བས་མཇུག་སྡུད་པ་ཞིག་ཡིན་ན་བོད་ཀྱི་སྐད་ཡིན་ལ་གནོད་བྱེད་ལས་ཅི་ཡོད།
    བཀའ་ཁྲི་ཟམ་གདོང་མཆོག་ནས་རྒྱ་ཆེའི་བོད་པ་ཚོས་མཐའ་གཅིག་ཏུ་དང་ལེན་དགོས་མདོག་གི་བཀའ་ཕབ་གནང་བ་འདི་མཁས་དབང་གི་ལམ་ལུགས་ཞིག་ཡིན་པ་གཞི་ནས་མ་མཐོང་ལགས།
    མདོ་ལས།
    དགེ་སློང་དག་གམ་མཁས་རྣམས་ཀྱིས།།
    བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།།
    ལེགས་པར་བརྟག་ལ་ང་ཡིས་བཀའ།།
    བླང་བར་བྱ་ཡི་གུས་ཕྱིར་མིན།།

    རྗེས་སུ་དྲན་པར་མཛོད་ཅིག །

    Reply
  7. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    བོད་ཡིག་བོད་སྐད་མི་ཤེས་ཀྱང། བོད་ལ་ཕན་ན་དེ་ཡིས་ཆོག

    ཚིག་མཛོད་ཆེན་པོ་བསྒྲིགས་ལེགས་ཀྱང། ཆེ་བསྟོད་འོས་མིན་ག་ལེར་ལྟོས།

    མི་རིགས་སྲུང་འཁོར་སྐད་ཡིག་སྟེ། མི་རིགས་བླ་སྲོག་གསར་གཏོད་ཡིན།

    Reply
  8. ལྷ་མོ་དོན་གྲུབ། says:
    ལོ་ 14 སྔོན།

    བཟང་པོ་ལས་སུ་གཏོགས་ན་ཡང། བསྟོད་པར་འོས་མིན་རྗེས་སུ་བལྟ།
    བོད་ཡིག་བོད་སྐད་མི་ཤེས་ཀྱང། བོད་ལ་ཕན་ན་མི་ཆོག་གམ།

    Reply
  9. གངས་ཅན། says:
    ལོ་ 14 སྔོན།

    ཚིག་མཛོད་འདི་ནི་མཁས་པའི་བརྩམས་ཆོས་སྟེང་ནས་རང་གི་འཇོན་ཐང་ངོམ་པ་ཞིག་རེད། བོད་རྒྱ་ཚིག་མཛོད་ཆེན་མོ་ནང་ནས་རྒྱ་ཡིག་ཐམས་ཅད་ཕར་གཡུགས་ནས་གཞི་བཏིང་ཤིང། དུང་དཀར་ཚིག་མཛོད་དང་དེ་མིན་གྱི་དག་ཡིག་དང་དེ་འདྲ་ནས་ཁ་གསབ། བསྟན་རྩིས་ཀུན་ལས་བཏུས་པས་ཟུར་བརྒྱན་པ་ཞིག་རེད། ཡིན་ནའང། རྩོམ་སྒྲིག་པས་འདི་གསུམ་ལ་གཞི་བཞག་པ་གླེང་བརྗོད་ནང་ཟུར་ཙམ་ཡང་མ་བྲིས་བར་དཔྱད་གཞི་ཡིག་ཆ་རུ་བཞག་འདུག་པ་ནི་མཁས་པ་གོང་མ་ཚོས་བྱས་པ་ལ་དྲིན་ཆུང་དུ་བཏང་བ་མ་ཡིན་ནམ།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གཅན་བཟོད་རྒྱམ་གྱིས་ཚིག་མཛོད་གཉིས་གསུམ་བསྒྲིགས་ནས་བཀླགས་པ་ལྟར་བདེན་ན་རྗེས་སུ་ཡི་རང་གི་གནས་སུ་མཐོང་ལགས། ད་ལྟ་ས་ཐག་རིང་བའི་དབང་གིས་ལག་སོན་མ་བྱུང་བས་ཐ་གཅིག་ཏུ་བསྔགས་བརྗོད་དཀའ་བར་གྱུར་སོང་ལགས། དགེ་བར་འགྱུར་ཅིག །

    Reply
  11. གངས་སྨྱུག says:
    ལོ་ 14 སྔོན།

    ཚིག་མཛོད་སྒྲིག་པ་པོ་ལ་བཀྲིས་བདེ་ལེགས་དང་། དེང་བར་མེད་པའི་ཐ་སྙད་གསར་པ། དོག་གཅོད་གསར་པ། མཆན་གསར་པ་སོགས་མདོར་ན་དུང་དཀར་ཚིག་མཛོད་ཆེན་མོ་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་ལས་ལྷག་པའམ་ཡང་ན་དེ་གཉིས་ནང་ལ་མ་འདུས་པ་ཞིག་འདུག་ན་དངོས་གནས་ངོ་མཚར་རེད། འོན་ཀྱང་ཡག་པོ་ཡོད་པ་ཡིད་ཆེས་ཡོད། གང་ཡིན་ཞེ་ན་དཔེ་དེབ་འགན་འཁུར་དང་། དབུ་འབྱེད། ཁྱབ་བསྒྲགས་གནང་སྟངས་སོགས་གྲ་རྒྱས་ལ་རྟགས་ན་ཡག་པོ་ཞིག་ཡོད་པའི་རེ་བ་ཡོད། བཀྲིས་བདེ་ལེགས།

    Reply
  12. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    ང་ཚོའི་མི་རབས་འདིའི་སྐབས་ཐ་སྙད་ལ་རྗེས་ལུས་ཐེབས་ཡོད་པ་དངོས་ཡོད་ཡིན་པས། དུས་རབས་དང་མཐུན་པའི་ཐ་སྙད་གསར་བའི་སྐོར་ཡིན་ན་དགོས་པ་ཆེན་པོ་མཐོང་གི་འདུག་མ་གཏོགས། སྔོན་བྱོན་དམ་པ་ཚོས་བསྒྲིགས་ཟིན་པ་ཡང་བསྐྱར་པར་ལོག་ཞིག་བརྒྱབ་པ་དང་དེ་མིན་དེང་སྐབས་བོད་ནང་ཁུལ་གྱི་མཁས་དབང་ཚོས་ཐ་སྙད་གསར་བའི་སྐོར་ལ་ཞིག་འཇུག་བྱས་དང་བྱ་བཞིན་པར་བར་ཆད་བཟོ་བྱེད་ཅིག་ཏུ་མི་འགྱུར་བའི་སྨོན་ལམ།

    Reply
  13. ཅང་མེད། says:
    ལོ་ 14 སྔོན།

    ཚིག་མཛོད་རྩོམ་པ་པོ་ལ་ཐུགས་རྗེ་ཆེ་དང་རྗེས་སུ་ཡི་རངས་ངོ་།
    བཙན་བྱོལ་བོད་ལྗོངས་གི་སྤྱི་ཚོགས་ནང་བཀྲམ་ན་ལེགས།
    ཉེར་སྔོན་འདིར་ས་གནས་ཀྱི་སྐུ་ངོས་བརྗེ་བོ་རྒྱག་སྐབས་གསོལ་སྟོན་ཐོག་ཏུ་ང་ཕྱིན་པ་ཡིན། ས་གནས་དེའི་ལས་བྱེད་དང་གནད་ཡོད་མི་སྣ་ཉི་ཤུ་ལྷག་འཛོམས་སོང་། བོད་གཞས་ཤེས་མཁན་རྒན་པོ་ལོ་ལོན་གཅིག་མ་གཏོགས་མི་འདུག
    མི་སེར་ནང་སྨྲས་མ་དགོས་པ་ལགས། རྒྱུ་མཚན་དེ་ཕྱིར་དྲན་བྱས་ཚེ་བསྐྱར་དུ་རྩོམ་པ་པོ་ལ་བཀའ་དྲིན་ཆེ་ཞུ། བཟང་པོ་ལ་བཟང་མ་ཟེར་ན། བཟང་པོས་ཐང་ཆད། ངན་པ་ལ་ངན་མ་ཟེར་ན། ངན་པ་ངོ་རྡང་། ཞེས་པའི་དཔེ་ལྟ་བུ། ང་ཚོའི་སྤྱི་ཚོགས་ལ་ཕན་པས་བྱ་བ་ཆེ་ཆུང་ལ་མ་ལྟོས་པར་བསྒྲིབ་མཁན་རྣམས་སྔགས་བརྗོད་བྱེད་རྒྱུ་ཡིན།

    Reply
  14. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་བློ་བཟང་བསྟན་དར་ལགས་ནས་(བོད་ཀྱི་ཚིག་མཛོད་ཆེན་མོ།)(བོད་རྒྱ་ཚོག་མཛོད་ཆེན་མོ་)གསར་དུ་དཔར་སྐྲུན་གནང་བར་བཀའ་ཆེ་དང་གུས་བཀུར་བྱེད། དྲ་གྲོགས་མང་པོས་སྟོད་པ་གནང་འདུག་མོད། (བོད་ཀྱི་ཚིག་མཛོན་ཆེན་མོ་) དེར་མཇལ་ཙམ་གནང་རྗེས་གཟོད་སྟོད་སྨད་ཀྱི་སྐད་ཆ་རེ་བཤད་པར་སྐུལ།
    ངས་བླ་བཟང་བསྟན་དར་ལགས་ཀྱིས་(རྩོམ་བསྒྲིགས་)གནང་བའི་(བོད་ཀྱི་ཚིག་མཛོད་ཆེན་མོ་)དེའི་འགོ་བརྗོད་ནས་བར་བར་གྱི་ཚིག་མང་པོ་ཞིག་ཀླགས་པ་ཡིན། དེ་ནས་(བོད་རྒྱ་ཚིག་མཛོད་ཆེན་མོ་)ཀྱི་འགོ་བརྗོད་ནས་(བོད་ཀྱི་ཚིག་མཛོད་ཆེན་མོ་)དང་དབྱེ་ཞིབ་རོབ་ཙམ་ཡང་བྱས་པ་ཡིན།
    མི་ལོ་བཅུ་གསུམ་ལ་བཟའ་ཚོ་ཟུང་གིས་སྐུ་ངལ་གྱི་རིན་ཏང་ཅི་ཙམ་ཡོད་མེད་བརྒྱ་ཆའི་གོ་ལྔ་མཐོང་སོང་།
    ད་དྲ་གྲོགས་དཔྱོད་ལྡན་དོ་སྣང་ཅན་ཚོས་(བོད་རྒྱ་ཚིག་མཛོད་ཆེན་མོ་)དང་(བོད་ཀྱི་ཚིག་མཛོད་ཆེན་མོ་)གཉིས་ཅོག་ཙེ་གཅིག་གི་སྟེང་ནས་དབྱེ་ཞིབ་རེ་གནང་རྗེས་སྟོད་པ་གནང་འོས་སོ་ཞེས་སྐུལ་ལོ།།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གཞིས་བྱེས་གཉིས་ནས་ཚིག་གསར་རྣམས་འཆམ་མཐུན་གཉེན་སྒྲིག་གིས་སྤྱི་མཚུངས་ལ་བརྩོན་དགོས་པ་དེ་གནད་དོན་ཆེ་ཤོས་རེད། ཚིག་མཛོད་བསྒྲིགས་ཐུབ་པ་ཙམ་ནི། མི་འགར་ལས་ཀ་སྤྲད་ཐུབ་པ་ཙམ་ལས་ཕན་གནོད་ནི། གཞི་ནས་དཔྱད་གཞི་ཙམ་མ་རེད་དམ།

    Reply
  16. མི་ཉག་བཙན་པོ says:
    ལོ་ 14 སྔོན།

    བཙན་བྱོལ་ནང་དེ་འདྲའི་ཚིག་མཛོད་ཆེན་མོ་ཞིག་ཕྱོགས་སྒྲིག་བྱས་པ་ནི་རྗེས་སུ་ཡི་རང་དང་དགའ་འོས་པའི་བྱས་རྗེས་རེད།སྤྱི་བཏང་བོད་ནང་གི་རྩོམ་སྒྲིག་བྱས་པའི་
    ཚིག་མཛོད་རྣམས་ལེགས་པོ་ཡིན་མོད། ཡིན་ན་ཞན་ཆ་ཡང་མང་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་རེད། རྒྱུ་མཚན་དེས་ན་ཚིག་མཛོད་གསར་པ་དེའི་ནང་སྔོན་བྱུང་གི་ཚིག་མཛོད་རྣམས་ཀྱི་
    ཞན་ཆ་རྣམས་སྤངས་པ་དང་ལེགས་ཆ་གང་ཡོད་འཛོམས་པའི་ཚིག་མཛོད་
    གཅིག་བྱུང་བར་ཡིད་ཆེས་ཡོད།
    བོད་ནང་གི་ཚིག་མཛོད་སྒྲིག་པ་པོ་རྣམས་ལ་རང་དབང་གིས་རྣམ་དཔྱོད་བེད་སྤྱོད་
    གཏོང་ས་མེད་ལ་མིང་ཚིག་མང་པོ་ཞིག་དྲང་བདེན་གྱི་བེད་སྤྱོད་གཏོང་ཐུབ་མེད།
    མཁས་པ་ཡིན་ན་བོད་ནང་གི་མཁས་པ་ཡིན་མི་དགོས་ལ་བཙན་བྱོལ་ནང་གི་མཁས་པ་རྣམས་མཁས་པ་རེད།རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད།

    Reply
  17. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    ེ྆རྩོམ་སྒྲིག་པ་བློ་བཟང་བཀྲ་ཤིས་ལགས་ལ་ཐུགས་བརྗེ་གྲངས་མེད་ཞུ་རྒྱུ་དང་། བཙན་བྱོལ་ནང་ཚིག་མཛོད་དེ་ནི་སྐད་ཡིག་གཅིག་འགྱུར་ལ་དངོས་གནས་ཕན་ཐོགས་ཆེན་པོ་ཡོང་རྒྱུ་རེད། ༜༙༒བོད་ཕྱི་ནང་གཉིས་ནང་གཏམ་སྙན་གྲགས་ལ་དགའ་བའི་རྩོམ་པ་པོ་ཉུང་ཤས་ཀྱི་གཞན་ནས་བརྐུ་བཤུས་དང་ཡུལ་སྐད་ཐར་ཐོར་རེ་སྒྲིག་པ་ལྟར་མ་ཡིན་པར། ༜རྩོམ་པ་པོ་བློ་བཟང་བཀྲིས་ཀྱིས་མི་ལོ་ཧྲིལ་པོ་ཉི་ཤུ་ལྷག་ཙམ་རིང་སྐུ་ངལ་ཚད་མེད་བསྐྱོན་ཏེ། ཆོལ་གསུམ་བོད་མི་ཡོངས་སུ་འཛོམས་སའི་བསྟི་གནས་འདི་ལྟ་བུ་ཞིག་ཏུ་རང་གི་རྣམ་དཔྱོད་ཀྱི་རྩལ་བཏོན་ནས་ཚིག་མཛོད་འདི་འདྲ་ཞིག་སྒྲིག་པ་ནི་མི་རིགས་འདིར་མཁོ་བའི་རླབས་ཆེ་བའི་བྱ་བཞག་ཞིག་ཡིན་པས་རྗེས་སུ་ཡིད་རངས་དང་བསྔགས་བརྗོད་ཡོད།

    Reply
  18. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    རྩོམ་སྒྲིག་པ་དང་གསར་འགོད་པ་ལ་ངན་ཁག་དཀྲིས་རྒྱུ་མི་འདུགགལ་ཏེ་ཁོང་ཚོའི་ལས་ཀ་ལ་ཕོགས་ནོན་པོ་ཞིག་གནང་ཚེ།ཡིག་ནོར་དང་གཞན་པའི་དོ་སྣང་མ་བྱས་པའི་ནོར་འཁྲུལ་དག་རང་ཤུགས་ཀྱིས་སེལ་ནས་རྩོམ་འབྲིའི་སྤུས་ཀ་ཇེ་ལེགས་ལ་འོང་ངེས།

    Reply
  19. རླུང་རྟ་རྒྱལ། says:
    ལོ་ 14 སྔོན།

    ད་ལྟ་བོད་ནང་ནས་ཐོན་པའི་བོད་ཡིག་ཚིག་མཛོད་ཧ་ཅང་ལེགས་པོ་འདུག་པས་གསར་དུ་ཚིག་མཛོད་གསར་པ་ཞིག་བསྒྲིག་དགོས་པ་མི་འདུགཁོང་རང་ཕལ་ཆེར་མཚན་སྙན་བསམས་ནས་སྔར་ཡོད་ཚིག་མཛོད་དག་ནས་ཐ་སྙད་དང་འགྲེལ་བ་བསྐྱར་བཤུས་བརྒྱབ་རྗེས་རང་མིང་བཀོད་པ་ཡིན་ངེས།དེ་མིན་ཚེ།རྒྱ་གར་རྡ་སར་མི་རབས་གཅིག་གཉིས་ལྷག་ཙམ་རིང་གནས་སྡོད་བྱས་པའི་བོད་མིན་རྒྱ་མིན་དུ་གྱུར་པ་དེ་ཚོའི་ཁ་སྐད་ཟུར་ཆག་པ་རྣམས་བསྒྲིགས་པ་ཡིན་ཤས་ཆེ།བྱེད་ཐབས་འདི་ཙམ་ལ་བརྟེན་ནས་མིང་གྲགས་རེ་ལྟོས་བྱེད་པ་ནི་དངོས་གནས་ཡིད་སྐྱོ་པོ་རེད་ཡ།ང་ཚོ་བོད་ཀྱི་སྐད་ཡིག་གཅིག་གྱུར་དུ་གནས་པ་རྒྱུན་འཁྱོངས་བྱེད་རྒྱུ་ལས་ལུང་སྐད་མང་པོ་ཚིག་མཛོད་དུ་དྲངས་ན་ད་ལུང་པ་རེ་རེར་ཚིག་མཛོད་ཞིག་འབྲི་མཁོ་ངེས་རེད་ལ།དེས་སྐད་ཡིག་གཅིག་གྱུར་གྱི་རྣམ་པ་ཉམས་ནས་བོད་ཡིག་དེའང་བྱེ་བྲག་སྐད་ཡིག་མང་པོར་བརྡོལ་ངེས།དཔེར་ན་ཡོ་རོབ་གླིང་ནུབ་མའི་རྒྱལ་ཁབ་མང་པོ་ཞིག་གི་སྐད་རིགས་ནི་མ་རྐང་གཅིག་ཡིན་པ་ལས་ད་ལྟ་སྐད་ཡིག་སྣ་ཚོགས་སུ་གྱུར་ཡོད།གཞན་ཡང་བོད་རང་ལ་མཚོན་ན།ད་ལྟ་མི་ཁ་ཤས་སྐོང་བསྡུ་བྱས་ནས་སྐད་ཡིག་ལས་ཀ་འདིའི་རིགས་འགོ་རྩོམ་པ་ནི་དོན་ཡག་པོ་ཞིག་ཡིན་མོད།བོད་རང་ནས་རྩོམ་སྒྲིག་གནང་པའི་ཚིག་མཛོད་ལེགས་ཤོས་དེ་དག་གི་རྩོམ་སྒྲིག་མི་སྣ་རྣམས་དང་འབྲེལ་འདྲིས་བྱས་ནས་སྤུས་ཚད་ཇེ་མཐོར་གཏོང་རྒྱུ་བྱུང་ན་དེ་ནི་དགེ་མཚན་སྔར་བས་བསམ་གྱིས་མི་ཁྱབ་པ་ཞིག་རེད།ང་ཚོ་བོད་རང་གི་རིག་གནས་མཁས་པ་རྣམ་པའི་བར་འབྲེལ་ལམ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཚེ།རིག་གནས་ལས་ཀ་ཐར་ཐོར་མིན་པར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དུ་བྱས་ཚེ་འབྲས་བུ་གཡུར་དུ་ཟ་བ་ཞིག་སྨིན་པ་ཐེ་ཚོམ་བྲལ།

    Reply
  20. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ཕོ་རྒོད་པོ་ཟེར་ན་དེ་འདྲ་རེད་། ལས་ཀ་ཡག་པོ་བྱུང་འདུག་། བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་རེད་།། རྗེས་སུ་ཡི་རང་ཡོད་།།

    Reply
  21. འདྲེ་རིག་ལྡན། says:
    ལོ་ 14 སྔོན།

    ཟམ་གདོང་རིན་པོ་ཆེས་གསུངས་པ་ལ་་་་ཞེས་ནོར་བཅོས་ཡོང་བ་ཞུ།

    Reply
  22. འདྲེ་རིག་ལྡན། says:
    ལོ་ 14 སྔོན།

    བློ་བཟང་བསྟན་དར་ལ་བཀྲ་ཤིས་བདེ་ལེགས་ཡོད། ཟམ་གདོང་རིན་པོ་ཆེའི་གསུངས་པ་ལ་མངོན་པར་བསྟོད་དོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese