གྲོས་ཚོགས་འཕར་མའི་མཇུག་བསྡོམས་དང་བསྟུན་ཏེ་བཀའ་ཁྲི་མཆོག་གིས་༧གོང་ས་མཆོག་གི་གསུང་འཕྲིན་ནང་འུ་དུམ་བཙན་པོ་ཆོལ་གསུམ་བོད་ལ་དབང་སྒྱུར་བའི་གྲས་སུ་བཞག་མེད་པ་དོན་དང་འགལ་མེད་ཚུལ་དང་། ཧོར་དམག་འོག་བོད་ཁམས་ཡོངས་ཚུད་པ་དངོས་འབྲེལ་ཡིན་པ་བཅས་ཀྱི་སྒྲུབ་བྱེད་བཏང་སོང་།
ཕྱི་ཚེས་ ༢༨ ཉིན་གྱི་དགུང་མོའི་ཆུ་ཚོད་ ༡༡ ཐོག་སྐབས་བཅུ་བཞི་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་འཕར་མའི་མཇུག་བསྡོམས་ཐོག བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསལ་བཤད་གནང་དོན། ཉིན་འདི་དག་ནང་བསམ་བློའི་ནང་དགའ་སྐྱོའི་ཚོར་བ་མང་པོ་ཞིག་བསླེབ་དགོས་པའི་གནས་སྟངས་ཆགས་སོང་། དགའ་སྐྱོ་ཟུང་འབྲེལ་བྱུང་དགོས་པའི་གནས་སྟངས་གང་རེད་ཟེར་ན། ༸གོང་ས་མཆོག་གིས་དུས་ཡུན་རིང་པོར་ཐུགས་ལ་བརྣག་པའི་ཆབ་སྲིད་དང་འབྲེལ་བའི་སྐུ་དབང་ཡོངས་རྫོགས་འོས་བསྡུ་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་བའི་ཐུགས་དགོངས་ད་རེས་འགྲུབ་པ་རེད། བོད་མིའི་མང་ཚོགས་ཀྱི་ངོས་ནས་རང་གི་རྐང་པའི་ཐོག་ལ་རང་ཉིད་ལངས་ཐུབ་རྒྱུར་འབད་བརྩོན་དང་སྦྱོང་བརྡར་མཉམ་འགྲོ་བྱེད་པའི་གོ་སྐབས་ཤིག་༸གོང་ས་མཆོག་སྐུ་གཟུགས་གསལ་ཐང་དང་གསེར་ཞལ་འཚོ་བཞུགས་སྐབས་བྱུང་བ་དེ་ང་ཚོའི་ངེས་པར་དུ་ཆུད་ཟོས་སུ་མ་བཏང་བར་བཀའ་དགོངས་དང་མཐུན་པའི་ཕྱག་ལས་གནང་རྒྱུ་གལ་ཆེན་རེད།
སེམས་སྐྱོ་བའི་ཚོར་བ་བྱུང་ཞེས་བཤད་དགོས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ང་ཚོས་ཕྱོགས་གཅིག་ནས་༸གོང་ས་མཆོག་ལ་སྐུ་དབང་རྩིས་སྤྲོད་མ་གནང་རོགས། ཞེས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་ཀྱི་འདུག་ཟེར་བ་དང་། གལ་སྲིད་སྐུ་དབང་རྩིས་སྤྲོད་གནང་བ་ཡིན་ན་དབྱིན་ཇིའི་རྒྱལ་པོ་ལྟ་བུ་བྱས་ཏེ་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་ངེས་པར་དུ་བཞུགས་རོགས་གནང་ཞེས་གསོལ་བ་འདེབས་མཁན་མང་པོ་བྱུང་བ་རེད། ཡིན་ནའང་།༸གོང་ས་མཆོག་གི་བཀའ་དགོངས་ཚུལ་བཞིན་བསྒྲུབ་པར་འབད་བརྩོན་གནང་མཁན་ཉུང་ཉུང་ཞིག་རེད། མཐོང་ཚུལ་དེའི་དབང་གིས་བསམ་བློའི་ནང་ན་ཟུག་ཆེན་པོ་ཞིག་དང་འགྱུར་བ་ཆེན་པོ་ཞིག་ཕྱིན་སོང་།
ཟམ་གདོང་རིན་པོ་ཆེ་མཆོ་གིས་བཅའ་ཁྲིམས་ཀྱི་སྔོན་གླེང་ནང་༧གོང་ས་མཆོག་གི་གསུང་འཕྲིན་བཅུག་པ་འགྲིག་མེད་སྐོར་གསུངས་དོན། སྤྱིར་བཏང་གནས་ཚུལ་འདི་དག་རྫོགས་ཚར་བའི་བྱ་བ་ཞིག་ཡིན་ཡང་། བྱུང་རབས་ནང་གནས་ཚུལ་དེ་དག་གསལ་བོ་སྡོད་དགོས་ཀྱི་ཡོད་སྟབས། བགྲོ་གླེང་སྐབས་བྱུང་བའི་གནས་ཚུལ་ཁ་ཤས་ཐོག་བཀའ་ཤག་གི་ངོས་ནས་གསལ་བཤད་ཅིག་མ་ཞུས་ན། ད་ལྟ་ང་ཚོ་༸གོང་ས་མཆོག་གི་བཀའ་ཤག་ལྷན་ཚོགས་དང་། གཞུང་དགའ་ལྡན་ཕོ་བྲང་གི་བཀའ་ཤག་ལྷན་ཚོགས་དེ་བཅའ་ཁྲིམས་བསྐྱར་བཅོས་ལ་༧གོང་ས་མཆོག་གིས་མཚན་རྟགས་མ་བཏབས་བར། ༸གོང་ས་མཆོག་གི་དགོངས་གཞི་དང་བཀའ་ཡི་ཕེབས་སྒོ་ཡོངས་སུ་རྫོགས་པ་ཡང་དག་པ་ཡིན་པར་སྲུང་སྐྱོབ་ཞུ་རྒྱུ་དེ་ང་དང་ངའི་ལས་རོགས་ཚང་མས་དམིགས་སུ་བཀར་བའི་ལས་འགན་ཡིན་སྟབས། ཟིན་བྲིས་ཚོགས་ཆུང་གི་སྔོན་གླེང་ནང་བྱུང་རབས་དང་འབྲེལ་བའི་གནས་ཚུལ་མ་ཚང་བ་མེད་པ་ཞིག་དང་། དེ་ལས་མང་བ་མེད་ནའང་ང་ཚོའི་ཁྲིམས་མཐུན་གྱི་གནས་བབ་རྒྱུན་ནས་ཡོང་བར་མ་ཆད་པ་ཞིག་ཡོད་བསམ་པ་ཞིག་བྱས་ཡོད། ཡིན་ནའང་༸གོང་ས་མཆོག་གིས་གྲོས་ཚོགས་ལ་ཕེབས་པའི་གསུང་འཕྲིན་ཆ་ཚང་སྔོན་གླེང་ནང་འཇུག་དགོས་ཀྱི་འདུག ཅེས་མང་པོ་ཞིག་གིས་དགོངས་འཆར་བཏོན་སོང་། དེ་ཚོགས་ཆེན་དང་གྲོས་ཚོགས་གཉིས་ཀའི་ནང་གནང་སོང་། དགོངས་འཆར་དེ་དག་ཡང་དག་པ་མ་རེད་ཞུ་ཡི་མེད། སྤྱིར་བཏང་གསུང་འཕྲིན་ཁྲིམས་ཀྱི་བརྗོད་གཞིའི་ནང་འཁྱེར་ཡོང་བའི་ལམ་སྲོལ་མེད་པ་དེ་ཚོགས་ཆེན་མཇུག་བསྡོམས་ཐོག་ཏུ་ཞུས་ཡོད་ཀྱང་། ད་དུང་འཁྱེར་ཡོང་དགོས་པའི་ཐུགས་གལ་ཆེན་པོར་གཟིགས་པ་རེད། དེ་ཚུར་བསྣམས་ཕེབས་པའི་རྗེས་ལ་ཡང་གསུང་འཕྲིན་ནང་མ་དག་པ་དང་དངོས་དོན་མ་ཡིན་པ་ཡོད་པའི་བཀའ་གནང་སོང་། ཕྱོགས་གཞན་ཞིག་ནས་བལྟས་ན། ཆེད་མངགས་དེ་ལ་དགག་པ་སྐྱོན་པའི་ཆེད་བསྣམས་ཕེབས་པ་ཞིག་དང་། དེའི་ནང་དུ་ཡང་དག་པ་མ་ཡིན་པའི་རིགས་ཐེར་འདོན་གནང་བའི་ཆེད་དུ་བསྣམས་ཕེབས་པ་མིན་འགྲོ་སྙམ་པའི་དོགས་པ་བྱུང་སོང་། ཞེས་གསུངས་བྱུང་།
འདི་དང་མཉམ་དུ་བཀའ་ཁྲི་མཆོག་གིས་ཐེངས་འདིར་བཅའ་ཁྲིམས་ཀྱི་སྔོན་གླེང་ནང་བཅུག་ཟིན་པའི་༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་ལས་ “ཡོངས་གྲགས་སུ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དབུ་ཚུགས་ཏེ། ཕྱི་ལོ་བརྒྱ་ཕྲག་དགུ་བའི་ནང་མངའ་བདག་ཁྲི་རལ་པ་ཅན་གྱི་བར་ལོ་ཆིག་སྟོང་བརྒལ་བའི་རིང་བོད་རྒྱལ་གདུང་རབས་ཞེ་གཉིས་ཀྱིས་རིམ་པས་ཆོལ་གསུམ་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར” ཞེས་བཀོད་ཡོད་པ་དེ་དང་། ཡང་“ ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་མགོ་བཙུགས་ཏེ་ཇིང་གེ་སི་ཁཱན་གྱི་ཧོར་དམག་འོག་རྒྱ་ནག་ཙམ་མ་ཟད། བོད་ཁམས་ཡོངས་རྫོགས་ཀྱང་ཚུད” ཞེས་བཀོད་ཡོད་པ་དེ་གཉིས་ཡང་དག་པ་ཡིན་པ་དང་། ནོར་འཁྲིལ་མེད་པའི་སྒྲུབ་བྱེད་རིང་པོ་ཞིག་ཀྱང་གསུངས་པ་དང་སྦྲགས། དེབ་ཐེར་ནང་ཕྱོགས་གཉིས་ཀའི་མཐོང་ཚུལ་འགོད་དགོས་པའི་བསམ་ཚུལ་བཏོན་སོང་།
བཀའ་ཁྲི་མཆོག་གིས་མུ་མཐུ་དུ་གསུངས་དོན། ༸གོང་ས་མཆོག་གིས་དགོངས་པ་དང་རྒྱུ་མཚན་རླབས་ཆེན་ཞིག་ལ་གཟིགས་ཏེ། བཙན་བྱོལ་སྒྲིག་འཛུགས་ཀྱི་གནས་བབ་ཡག་པོ་ཞིག་སྲུང་སྐྱོབ་བྱ་དགོས་ན། ཚིག་ལ་མ་རྟོན་པར་དོན་ལ་རྟོན་དགོས་ཀྱི་ཡོད་པ་གལ་ཆེན་པོར་གཟིགས་པ་རེད། གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་སྔ་ཕྱིའི་ནང་རྟོན་བཞིའི་མཇུག་ལྡོག་མ་ནོར་བ་དགོས་པ་རེད་གསུངས་པ་དེ། ད་ལྟ་གཞི་ནས་ངེས་པ་རྙེད་ཀྱི་འདུག ང་ཚོའི་སྒྲིག་འཛུགས་འདི་དགའ་ལྡན་ཕོ་བྲང་ནས་བརྒྱུད་ཅིང་། ༡༦༤༢ ནས་ཡོང་བསྡད་པའི་ཆོལ་གསུམ་བོད་རིགས་ཡོངས་ཀྱི་ཁྲིམས་མཐུན་གྱི་གཞུང་གི་ཁྲིམས་མཐུན་གྱི་གནས་བབ་དེ་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དུ་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད་དམ། དེའི་མིང་ཚིག་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད། མིང་གང་འདྲ་ཞིག་བཏགས་མིན་ལ་མ་ལྟོས་པར་དོན་གལ་ཆེན་པོ་གནང་རྒྱུ་ཞེ་དྲག་གལ་ཆེན་པོ་རེད། ལྷག་པར་དུ་ད་ལྟའི་གནས་སྐབས་ལ་༸གོང་ས་མཆོག་གིས་ཅིའི་ཕྱིར་འདིའི་སྐོར་ལ་འཛེམ་ཟོམ་མེད་པའི་བཀའ་སློབ་གནང་དགོས་པ་རེད། འདིའི་གནད་འགག་ཚང་མས་རྟོགས་ཀྱི་ཡོད་ན་བསམ་པའི་ཐེ་ཚོམ་ཡོད། ཅེས་དང་གསུངས་སོང་།
བཀའ་ཁྲི་མཆོག་གིས་མུ་མཐུད་དུ་གསུངས་དོན། ལྔ་བཅུ་ང་དགུ་ནས་ད་ལྟའི་བར་དུ་བཙན་བྱོལ་སྒྲིག་འཛུགས་འདི་དབུས་བོད་ཀྱི་འཛིན་སྐྱོང་གི་མིང་ཐོག་ཡིན་ན་འདྲ་ལ། བཙན་བྱོལ་བོད་གཞུང་གི་མིང་ཐོག་ནས་ཡིན་ནའང་འདྲ། ཁ་ཤས་ཀྱིས་མངོན་གསལ་དོད་པོ་དང་། ཁ་ཤས་ཀྱིས་མངོན་གསལ་དོད་པོ་མ་ཡིན་པའི་ཐོག་ནས་ངོས་ལེན་ཡོད་པ་རེད་ལ། འབྲེལ་བ་ཡང་གནང་བ་རེད། ལས་ཁུངས་ནང་མ་ཐུབ་པ་ཡིན་ནའང་གྲངས་ཀྱི་ནང་དུ་ཚུད་ཡོད་པ་རེད། འདི་༸གོང་ས་མཆོག་གི་ཧ་ཅང་གཟི་བརྗིད་ལྡན་པའི་འོད་སྣང་གི་མཁའ་དབྱིངས་ཆེན་པོ་དེའི་ནང་ང་ཚོར་གོ་སྐབས་དེ་རག་པ་རེད། ད་ལྟ་སྲིད་དོན་གྱི་ཐོག་ནས་འགྱུར་བ་ཕྱིན་ཏེ། ༧གོང་ས་མཆོག་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆབ་སྲིད་དང་འཛིན་སྐྱོང་གི་དབུ་ཁྲིད་གནང་རྒྱུ་མཚམས་འཇོག་བྱས་པ་རེད། དེའི་རྗེས་ལ་ང་ཚོའི་ངོས་འཛིན་དང་འབྲེལ་བ། ང་ཚོའི་གཟུགས་བརྙན་དེ་ང་ཚོ་རང་གིས་བཟོ་དགོས་པ་ལས། ༸གོང་ས་མཆོག་གི་སྐུ་མཚན་བརྒྱུད་ནས་འགྲོ་བའི་དུས་རྫོགས་པ་རེད། ང་ཚོ་རང་ཉིད་འགྲོ་བའི་སྐབས་སུ་མིང་ཙམ་འཁུར་ནས་ཕྱིན་པ་ཡིན་ན། ང་ཚོ་གང་དུ་བསླེབས་ཐུབ་པ་རེད། ཇི་ལྟར་ང་ཚོའི་གནས་བབ་དེ་རྒྱལ་སྤྱིའི་ནང་སྟོན་ཐུབ་པ་ཞིག་བཟོ་རྒྱུ་ཡིན། དེ་ཚོར་དགོངས་པ་མ་བཞེས་པ་དང་རྣམ་དཔྱོད་ཀྱི་ཤེས་རབ་ཕར་བཞག་ཏེ་སེམས་ཤུགས་རྐྱང་པའི་རྗེས་ལ་ཕེབས་པ་ཡིན་ན། གྱོང་ཞིག་རག་པ་ཡིན་ན་གྱོང་དེ་བཀའ་ཤག་དང་སྤྱི་འཐུས་ཀྱི་ཐོག་ནས་འདུག་གི་མ་རེད། གཞིས་བྱེས་བོད་མི་ཡོངས་རྫོགས་ལ་གྱོང་རག་གི་རེད། ལོ་ལྔ་བཅུ་ང་གཉིས་ལ་སྐུ་ངལ་མ་འཕྲད་པར་མ་འོངས་པར་དཀའ་ངལ་འཕྲད་ཀྱི་མ་རེད་གསུངས་པ་དེ་ཡང་དག་པའི་རྒྱུ་མཚན་མ་རེད། ཅེས་གསུངས་སོང་།
མཐར་བཀའ་ཁྲི་མཆོག་གིས་ནན་གྱིས་གསུངས་དོན། ༸གོང་ས་མཆོག་གི་བཀའ་གནང་བ་དེ་འགྲིག་གི་མི་འདུག་ཅེས་ཚིག་གསལ་བོའི་ཐོག་ནས་ཞུ་མཁན་དང་ཕྱག་ཡིག་ཕུལ་མཁན་ཡོང་བསྡད་ཀྱི་འདུག་ལ། གྲོས་ཚོགས་ནང་དུའང་གསུང་གི་ཡོད་པ་རེད། ༸གོང་ས་མཆོག་དགོས་ཀྱི་ཡོད་པ་ཞིག་དང་༸གོང་ས་མཆོག་གི་གསུང་མི་དགོས་པའི་དུས་ཚོད་ཅིག་ལ་བསླེབས་ཡོད་པ་ཡིན་ན། ༸གོང་ས་མཆོག་དགོས་ཀྱི་ཡོད་གསུངས་པ་དེ་གཅིག་བྱས་ནས་ཚུལ་ཆོས་རེད། གཅིག་བྱས་ན་བཙན་དབང་རེད། དེ་ཡང་དག་པ་ཞིག་མིན་སྟབས་སེམས་སྐྱོ་བོའི་ཚོར་སྣང་བྱུང་བ་རེད། ཅེས་གསལ་བཤད་གནང་བྱུང་།
གསར་འགོད་པ། དོན་གོ
ཆོས་པ་འདི་ཚོས་སྲིད་དོན་མ་ཤེས་ཀྱང་ཨུ་ཚུགས་ཀྱང་ཀྱང་མི་སྐྱའི་མི་ཤེས་པའི་མཚན་ཉིད་དང་རྟགས་གསལ་གྱི་ལམ་ནས་མཁས་མདོག་གིས་ད་ལྟའི་གནས་སྟངས་འདི་རུ་བསྐྱལ་བ་རེད། ཡིད་སྐྱོ་དགོས་པ་ཞིག་ལ་སྤྱི་འཐུས་ཚོགས་གཙོ་གཞོན་བསྐོས་པའི་སྐབས་དེར་གྲྭ་གཟུགས་ཅན་དེ་ཚོར་ཀུན་སྤྱོད་ཀྱི་རྨང་གཞི་ཙམ་ཡང་མིན་འདུག་ལ་ད་ཀྱིན་འདུག་ལ་སྐབས་དེའི་བརྙན་འཕྲིན་ནང་གི་བྱ་ལུགས་དང་བྱེད་སྟངས་དེ་ཚོ་མཐོང་དུས་རེ་བ་ཡིད་ཆེས་ཡོངས་རྫོགས་ནམ་མཁའི་མཇའ་བཞིན་ཡལ་སོང་།
རབ་བྱུང་ན་ཆོས་ལུགས་ཆོས་རྒྱུད་ཀྱི་སྤྱི་འཐུས་རྩ་བ་ནས་དགོས་ཀྱི་མི་འདུག གྲྭ་པ་ཡིན་ཡིན་ཡང་ཚང་མ་བོད་པའི་རུས་པ་གཙང་མ་རེད་མ་གཏོགས་ཁོང་ཚོ་གནམ་ནས་བབས་པ་དང་ས་ནས་སྐྱེས་པ་མིན་དུས་ཐོབ་ཐང་སྤྱི་མཚུངས་ཞིག་ལོགས་སུ་དགོས་པར་མི་མཐོང་། གང་ལྟར་གཟམ་གདོང་ནས་གཙོས་གྲྭ་གཟུགས་ཆབ་སྲིད་པ་དེ་ཚོར་དངོས་གནས་ཞེ་མེར་ལངས་ཡོང་གི་འདུག
སོག་པོས་བོད་ཁམས་ལ་དབང་བསྒྱུར་བའི་སྐབས་སུ་འགྲོ་མགོན་ཆོས་འཕགས་ཀྱིས་སོག་དམག་གྱི་རྟ་ཤུགས་དང་། དྲག་ཤུགས། དམག་ཤུགས། བཙན་ཤེད་སོགས་ཕྱོགས་གང་ས་སྤྱི་ཐད་ནས་སྐབས་དེའི་བོད་པས་འཐབ་འཁྲུགས་ཇི་ལྟར་བྱས་ཀྱང་མཐར་ཁྲག་གི་རྒྱ་མཚོའི་ཆེན་པོ་འཁྱིལ་བའི་ནང་དུ་ཤི་རྒྱུ་ལས་མེད་པའི་གནས་སྟངས་དེ་གཟིགས་ཏེ་བོད་ཀྱི་མཐོ་རིམ་མི་སྣ་ཚོར་གསལ་བཤད་བྱས་པ་ལྟར་ཁས་ལེན་ཞུས་པར་བརྟེན་ནས་ཆག་སྒོ་ཆེན་པོ་དེ་ལས་གཡོལ་ཐུབ་པ་བྱུང་ཡོད།
ད་དུང་ཆག་སྒོ་ལས་གཡོལ་ཐུབ་པ་ཙམ་མ་ཟད་མཐར་སོག་པོའི་དབུ་བླ་དང་རྒྱ་ནག་གི་དབུ་བླ་ཞིག་ཏུ་གྱུར་ནས་སྐབས་དེའི་ཆབ་སྲིད་གནད་དོན་དང་དགོད་ཆག་ཚང་མ་རྐྱེན་ངན་གྲོགས་སུ་བསྒྱུར་ཐུབ་པ་བྱུང་ཡོད། དེ་ནི་བློ་གྲོས་ཅན་གྱིས་རྒྱལ་ཁབ་དང་མི་རིགས་ཀྱི་དགོད་ཆག་དེ་ལས་གཡོལ་ཐུབ་ཡོད།
ཡིན་ནའང་ད་ལྟ་ང་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ལ་འཕྲད་པའི་དགོད་ཆག་ཆེན་པོ་དེ་ལས་ནམ་ཡང་གཡོལ་ཐུབ་ཀྱི་མེད་ལ་ཐ་ན་རང་ཉིད་ལ་སྟོབས་ཤུགས་དང་བདེན་ཚོད་སོགས་གང་ཡང་མེད་པའི་གནས་སྟངས་དེ་དོན་དངོས་ཐོག་ཁས་ལེན་བྱེད་པའི་སྤོབ་པ་ཙམ་ཡང་མེད་ཁར་ཐ་ན་མཐོ་རིམ་དང་གཞི་རིམ་མང་ཚོགས་ཀྱི་འཁྲོད་དུ་གསལ་ཁ་ཅི་ཡང་མེད་པའི་གནས་སུ་གྱར་ཡོད།
ད་ལྟའི་གནས་སྟངས་འདི་ལྟ་བུས་བོད་རྒྱལ་ཁབ་དང་བོད་མི་རིགས་དེ་ནམ་ཡང་སྐྱོབ་ཐབས་བྲལ་བའི་སྐཡོ་གར་ཆེན་པོ་དེ་ང་ཚོའི་མཐོ་རིམ་མི་སྣ་ཚོས་གསལ་བཤད་བྱེད་ཕོད་ཀྱིན་མེད་ནའང་ལོ་ཟླ་ཞག་དུས་ཀྱིས་འཛེམས་ཟོན་ཅི་ཡང་མེད་པར་ང་ཚོ་དམའ་རིམ་རྒྱ་ཆེའི་མི་དམངས་ཚོར་འགྲེལ་བཤད་བྱེད་བཞིན་ཡོད།
རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་རྩ་ཁྲིམས་སོགས་སོ་སོས་རྔ་ལ་དཔག་འཆམ་འཁྲབ་དགོས་པ་ལས་གཞན་གང་ལའང་བལྟ་དགོས་དོན་མེད། སོ་སོའི་དོན་དག་སོ་སོས་བྱེད་དགོས་པ་ལས་གཞན་ལ་རྟག་པར་བསྟུན་དྲགས་ན་ལྕམ་ལགས་ཀྱི་འགྲོ་སྟངས་མ་ཤེས་བུ་མོ་ང་རང་གི་འགྲོ་སྟངས་ཤོར་ཟེར་བ་ལྟར་མཐའ་མ་དེར་སོ་སོའི་དོན་དག་ཆ་ཚང་འཕྱུགས་འགྲོ་ཀྱི་རེད་པྰ།
སྐུ་བགྲེས་བཀའ་བློན་ཁྲི་པ་མཆོག་གི་སྐུ་ཚེ་རིང་ཞིང་ཐུགས་བཞེད་འགྲུབ་པའི་སྨོན་འདུན་ཞུ། ཡིན་ནའང་བོད་ས་ཡོངས་ལ་སོག་པོས་དབང་བསྒྱུར་བ་རེད་ཟེར་ན་ལོ་རྒྱུས་དང་ཅུང་ཟད་མི་མཐུན་མོད། འདི་ནས་མི་བཤད།
ཧོར་ལ་ཨ་ཕ་འབོད་པ་དང་།
རྒྱ་ནི་ཨ་མ་བཀུར་གྱུར་ཀྱང་།
བོད་དོན་འགྲུབ་ཐབས་མི་འདུག་པས།
ཁྱོད་དང་ཁྱོད་འདྲར་ཡི་རེ་མུག
གསུང་འཕྲིན་ཁྲིམས་ཀྱི་སྔོན་གླེང་ནང་འཇུག་པའི་ལུགས་སྲོལ་ཡོད་མ་རེད་ཅེས་གང་གི་ལུགས་སྲོལ་བཤད་ཀྱི་ཡོད་པ་རེད། ང་རང་ཚོའི་རྩ་ཁྲིམས་ང་རང་ཚོས་དགེ་མཁོ་བཞིན་བཟོ་དགོས་པ་ལས་གཞན་གྱི་ལུགས་དང་མཐུན་མིན་ག་རེ་བྱས་ནས་བལྟ་དགོས་པ་རེད། མཁས་རྟགས་སྟོན་ཀྱི་ཡོད་པ་རེད།
གནས་ཚང་ལགས། ཁྱོད་ཀྱིས་མི་ཤེས་ན་ཤེས་མ་མདོག་བྱེད། གང་ཡིན་ཞེ་ན། ཧོར་དམག་གིས་བོད་ས་ཡོངས་རྫོགས་དབང་སྒྱུར་བྱས་པ་རྒྱའི་བཤད་ཚུལ་ལས་ཚུར་ཤུབ་བྱས་པ་རེད་མ་གཏོགས་དོན་དངོས་གཞན་ཞིག་ཡིན་བཤད་པ་ནི་དངོས་གནས་མ་ཤེས་ཤེས་མདོག་རང་རེད། བོད་ཆོལ་གསུམ་ཧོར་གྱིས་དབང་སྒྱུར་ཟིན་པའི་གསལ་བྱེད་ཅིག་ལ། བོད་ཆོལ་ཁ་གསུམ་ཞེས་པ་འདི་ཧོར་རྒྱལ་བོས་ས་པན་ལ་དབང་ཡོན་དུ་ཕུལ་བ་ལོ་རྒྱུས་ཡོངས་གྲགས་རེད། དེ་འདྲ་ཙམ་ཡང་མ་ཤེས་ནས་ཟུར་ཟ་བྱེད་ཁུལ་བྱེད་པ་ནི་ཕལ་ཆེར་གཞན་གྱི་ཆེད་ལས་པ་མིན་ནམ་སྙམ།
སྟོན་པ་ཤཀྱྰ་ཐུབ་པའི་རྗེས་འཇུག་ཡིན་ཟེར་མཁན་གྱི་སྤྱི་ཚོགས་ཤིག་བསྲེག་བཅད་བརྡར་གསུམ་བརྒྱུད་མ་ཆོག་པ་ཞིག་ཡོད་སྲིད་ཀྱི་མ་རེད། རྒྱུ་མཚན་དེའི་དབང་གིས་ཚང་མ་ལོས་སོ་སོའི་བསམ་ཚུལ་དང་དཔྱད་འབྲས་བཀྲམས་ཀྱི་ཡོད་པ་རེད།
“ ཕྱི་ལོ་བརྒྱ་ཕྲག་བཅུ་གསུམ་པའི་མགོ་བཙུགས་ཏེ་ཇིང་གེ་སི་ཁཱན་གྱི་ཧོར་དམག་འོག་རྒྱ་ནག་ཙམ་མ་ཟད། བོད་ཁམས་ཡོངས་རྫོགས་ཀྱང་ཚུད” འདི་ནི་རྒྱ་ནག་གཞུང་གི་ལྟ་བ་ཚུར་ཕབ་བཤུ་བྱས་པ་ཞིག་རེད་མ་གཏོགས་དོན་དངོས་སུ་ཧོར་དམག་བོད་ལ་ཆོས་གདན་འདྲེན་བྱེད་དུ་ཡོང་བ་ལས་དབང་བསྒྱུར་ཆེད་མེད། དེ་བས། ཧོར་གོང་མས་ས་སྐྱ་པཎ་ཆེན་མཆོག་ལ་༼ཁྱོད་ཀྱིས་ངའི་ངོ་བལྟོས་ནས་ཡོང་། གཞན་གྱིས་ངའི་རྐང་པའི་ངོ་བལྟོས་ནས་ཡོང༽གསུངས་ཡོད།
བོད་དོན་འཐབ་རྩོད་འདི་འཚེ་མེད་ཞི་བ་རེད། འཚེ་མེད་ཞི་བ་བརྟེན་ས་གཙོ་བོ་ཁྲིམས་ཆགས་ཀྱི་ཡོད། ཁྲིམས་ཀྱི་སྟེང་ནས་༼ཡིན༽དང༼མིན༽མ་གཏོགས་འགྲོ་ས་ལྷག་མེད། དེའི་དབང་གིས་གཞན་ལ་ངོས་ལེན་ཡོད་མེད་གང་ལྟར་ཡང་བོད་རང་ངོས་ནས༼གཞུང༽ཡིན་ཞེས་ཨུ་ཚུགས་བརྒྱབ་པ་ཡིན་ན། ཕ་རོལ་བོ་གཅིག་པུའི་འདོད་ཚུལ་ཁྲིམས་ཐོག་ནས་ཐག་གཅོད་བྱེད་སྲོལ་མེད། རྙོག་དྲ་རིམ་པས་ལྷག་གི་རེད། རྙོག་དྲ་དེ་བཞིན་ལྷག་གི་འཇུག་བསམ་གྱི་མེད་ན། རྒྱ་གཞུང་གིས་བོད་དོན་ཐག་གཅོད་བྱེད་ཀྱི་རེད། དེ་དུས་རང་བཞིན་གྱིས་ཞི་འགྲིག་ཡོང་རྒྱུ་རེད། དྲང་པོར་ཞུས་ན། ད་ལྟ་ལག་བསྟར་ཁྲོད་བྱུང་བའི་རྩོད་གཞི་འདི་དག་དུས་ལ་མ་ཐོན་པའི་ཐག་གཅོད་དང་རང་མགོ་གཅོག་བྱེད་རྐྱང་རྐྱང་དུ་གྱུར་ཡོད།
༧གོང་ས་མཆོག་དགོས་སྟངས་དེ་དངོས་གནས་རང་ངོ་ཚ་བ་ཞིག་རེད། མཐར་དེད་ན་ཆབ་སྲིད་པ་ཡིན་ཟེར་མཁན་ཚོས་ཀྱང་ཁེ་ཕན་ཁོ་ན་མ་གཏོགས། ༧གོང་ས་མཆོག་གི་རིག་པའི་གཞུང་ལུགས་དང་༧གོང་ས་མཆོག་གིས་བོད་ཀྱི་འབྱུང་འགྱུར་ལ་བཅངས་པའི་ཕུགས་བསམ་ནས་གླེང་མཁན་ཞེ་དྲག་ཉུང་ཉུང་རེད། དེའི་རྐྱེན་ད་ཐེངས་དུས་ཚོད་རླུང་འཚུབ་ཀྱིས་ཁྱེར་བའི་ནང་དུ་རང་ཅག་སླེབས་ས་ཅིག་ལ་འགྲོ་ཐུབ་ཡོད་མེད་ད་དུང་དོགས་པ་རེད་ལ། ༧གོང་ས་མཆོག་གི་ངོས་ནས་ཀྱང་༧སྤྱན་རས་གཟིགས་དང་བོད་ཀྱི་ལས་འབྲེལ་ནས་སོར་སྐྱེས་ཕལ་བ་ང་འདྲ་བོ་དག་ལ་གསལ་བཤད་ཏག་ཏག་ཅིག་མ་གནང་ཡང་། ༧ཁོང་གིས་འཛམ་གླིང་ལ་ཁྱེར་བའི་འགན་ཆེན་པོ་གསུམ་ཀྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་ཞིག་མ་འོངས་བོད་ཀྱི་སྤྱི་ཚོགས་ནང་ད་ནི་ཡོང་རྒྱུ་ཁག་པོ་རེད། དེས་རྐྱེན་ད་ཐེངས་སེམས་པ་སྐྱོ་བོ་བྱུང་བ་དག་ནི་བུ་རུས་པ་ཅན་དང་ཕུགས་བསམ་ཅན་ཞེ་གཅིག་ཡིན་ཐག་ཆོད་རེད་ལ། རྩ་བ་འདི་ནས་ལྟོས་ཚེ་ཅིག་ཅིག་ཅིག་གི་མིང་འགྲིག་མི་འདུག ཉིག་ཉིག་ཉིག་གི་རྟགས་འགྲིག་མི་འདུག་ཟེར་མཁན་རྣམས་དངོས་གནས་རང་སྙིང་རྗེ་བ་རང་རེད། གང་ལྟར་བོད་གངས་ཅན་རྣམས་ད་དུང་༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་ཉི་ཟེར་དང་ཁ་འབྲལ་ཚད་ཅིག་སླེབས་མེད་པ་ནི་གསལ་བོ་རེད་ལ། ལོ་རྒྱུས་ཀྱིས་གསལ་བཤད་བྱེད་ངེས་རེད།