མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་གནོན་ཤུཊ་རྒྱ་གར་གཞུང་བརྒྱུད་དེ་བསླེབས་པ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་མཇུག་བསྒྲིལ་བ་དང་བསྟུན་ཏེ། ཐེངས་འདིའི་ཚོགས་བཅར་བ་པདྨ་ཚེ་དབང་ཤཱསྟྲི་ལགས་སུ། ༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་མཚམས་འཇོག་གནང་བ་དང་། གཞུང་ས་དགའ་ལྡན་པོ་བྲང་དང་བཙན་བྱོལ་བོད་གཞུང་བཅས་ཀྱི་ཐ་སྙད་འགར་བསྒྱུར་བཅོས་བཏང་བའི་ཐད་བཅར་འདྲི་ཞུས་ཡོད།

 

དྲི་བ། ༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གི་འགན་དབང་མཚམས་འཇོག་བྱེད་ཀྱི་ཡོད་པ་དང་། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་མཚན་བྱང་ལ་བསྒྱུར་བཅོས་གཏོང་གི་ཡོད་པའི་ཐད་དགོངས་འཆར་གང་འདྲ་ཡོད་དམ། 

ལན། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ད་ལོ་སྤྱི་འཐུས་གྲོས་ཚོགས་ནང་། ང་རང་གིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགན་དབང་མཚམས་འཇོག་རྒྱུ་ཡིན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལའང་བསྒྱུར་བཅོས་གཏོང་དགོས་གསུངས་པ་དེ་ནི། བྱུང་རབས་ལོ་རྒྱུས་ནང་ཧ་ཅང་གལ་གནད་ཆེ་བའི་དཀྱོག་མཚམས་ཤིག་རེད། སྤྱིར་བོད་མི་ས་ཡ་དྲུག་གི་བརྒྱ་ཆ་ ༩༩ ཙམ་གྱི་མངོན་འདོད་ངོ་མ་དེ་༧གོང་ས་མཆོག་གིས་བོད་ཆོས་སྲིད་ཀྱི་ཐུགས་འགན་མུ་མཐུད་བཞེས་རྒྱུ་དེ་རེད། འོན་ཀྱང་ང་རང་སྒེར་གྱི་བསམ་ཚུལ་ཞུས་ན། རྒྱལ་སྤྱི་དང་རྒྱ་ནག བོད་ཕྱི་ནང་གི་གནས་སྟངས་སོགས་ལ་བལྟས་ཡོང་ན། ༧གོང་ས་མཆོག་གི་ཐག་གཅོད་དེ་དུས་ཚོད་རན་པོ་ཞེ་དྲག་ཅིག་ལ་ཁེལ་འདུག་བསམ་གྱི་ཡོད། གང་ཡིན་ཞེ་ན། ད་ལྟའི་དུས་ཚོད་ལ་༧གོང་ས་མཆོག་གི་སྐུ་གཟུགས་བདེ་ཐང་རེད་ལ། ཁོང་གི་མཛད་པ་འཕྲིན་ལས་ཀྱང་ཉིན་རེ་བཞིན་རྒྱས་བཞིན་པའི་སྒང་རེད། དུས་ཚོད་རན་པོ་འདི་འདྲ་ཞིག་ལ། ང་ཚོས་ཁྲིམས་དང་སྒྲིག་གཞི་ཁག་ལ་བསྐྱར་བཅོས་བྱས་ཤིང་། བཙན་བོད་མིའི་སྒྲིག་འཛུགས་དང་སྤྱི་ཚོགས་ཁྱོན་ཡོངས་ལ་གྲ་མ་དག་པ་དང་གྲུ་མ་འགྲིག་པ་གང་ཡང་མེད་པ་བཟོས་ཏེ། ༧གོང་ས་མཆོག་མེད་པ་ལྟར་འགྲོ་ཐུབ་པ་ཡིན་ན། ༧གོང་ས་མཆོག་སྐུ་མ་བཞུགས་པ་ལྟ་བུའི་གློ་བུར་རྐྱེན་ངན་གང་འདྲ་བྱུང་ཡང་། བཙན་བྱོལ་སྤྱི་ཚོགས་མུ་མཐུད་བརྟན་བརླིང་ངེར་འགྲོ་ཐུབ་པ་དང་། རྩ་དོན་འཐབ་རྩོད་ཀྱི་སྒྲིག་འཛུགས་འདི་ཡང་མུ་མཐུད་གནས་ཐུབ་ཀྱི་ཡོད།

 

དྲི་བ། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་གཞུང་ས་དགའ་ལྡན་ཕོ་བྲང་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་ཡོང་བ་རེད། ༧གོང་ས་བཅུ་བཞི་བ་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་བོད་རྒྱ་ཆེའི་མི་མང་གིས་འོས་འདེམས་བྱས་པའི་མགོ་ཁྲིད་དག་ལ་རྩིས་སྤྲོད་གནང་པ་ཡིན་ན། བོད་པའི་ཆོས་སྲིད་ཟུང་འབྲེལ་མཇུག་བསྒྲིལ་བ་ཞིག་ལ་གཟིགས་ཀྱི་ཡོད་དམ།

ལན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ཆོས་སྲིད་ཟུང་འབྲེལ་མང་གཙོའི་གཞུང་ཞེས་བཀོད་ཡོད་པ་ལྟར། བཙན་བྱོལ་གཞུང་འདི་ཡང་ད་བར་ཆོས་སྲིད་ཟུང་འབྲེལ་གྱི་ཐོག་ནས་འགྲོ་བཞིན་ཡོད། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་མ་བཞེས་པ་ཙམ་གྱིས་ང་ཚོའི་ཆོས་སྲིད་གཉིས་ཁ་ཁ་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། ཇི་སྲིད་བཅའ་ཁྲིམས་ལ་འགྱུར་བ་མ་བཏང་བ། དེ་སྲིད་ང་ཚོའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་ཆོས་སྲིད་ཟུང་འབྲེལ་ཐོག་མུ་མཐུད་འགྲོ་རྒྱུ་རེད་ལ། ཆོས་སྲིད་གཉིས་ཐ་དད་བྱ་དགོས་པ་ཞིག་ལའང་མཐོང་གི་མེད། གང་ཡིན་ཞེ་ན། དམངས་གཙོ་ཡང་དག་པ་ཞིག་དང་། གཞུང་གི་སྲིད་བྱུས་དྲང་བདེན། ཆ་སྙོམས། སྨྲ་བརྗོད་རང་དབང་ལྡན་པ་ཞིག་ཡོང་དགོས་ན། གཞུང་དེའི་ལམ་ལུགས་ནང་ཆོས་སྲིད་གཉིས་ཁ་འབྲལ་ཐབས་མེད་པ་ཞིག་རེད། གཞུང་འཛིན་སྐྱོང་བྱེད་མཁན་དག་གི་ཕྱིའི་ཀུན་སྤྱོད་གཙང་མ་ཞིག་དང་། ནང་གི་ཀུན་སློང་དྲང་བདེན་ཞིག་ཡོང་མིན་ཡང་གང་ཟག་དེའི་རྒྱུད་ན་ཆོས་ཀྱི་བག་ཆགས་སྲབ་མཐུག་ལ་རག་ལས་ཡོད། ཆོས་ཀྱི་བག་ཆགས་ཙམ་ཡང་མེད་པའི་ཆབ་སྲིད་པ་དག་གི་འོག་ཏུ། ལྐོག་ས་རུལ་སུངས་དང་གཉའ་གནོན་བརྙས་བཅོས། དྲག་སྤྱོད་སོགས་ཡོང་གི་ཡོད། བཙན་བྱོལ་བོད་གཞུང་ལ་ཆ་མཚོན་ན། ང་དགུའི་སྔོན་ངས་ཤེས་ཀྱི་མེད། བཙན་བྱོལ་གཞུང་མགོ་བཙུགས་རྗེས་སྲི་ཞུ་ལས་བྱེད་ཚོའི་ཁྲོད་ལབ་རྒྱུ་གླེང་རྒྱུ་ཕྲན་བུ་རེ་བྱུང་ཡོད་ཀྱང་། ཁུངས་སྐྱེལ་ར་སྤྲོད་གསལ་བོ་ཡོད་པའི་ལྐོག་ཟ་རུལ་སུངས་རིགས་ཤུགས་ཆེན་པོ་གཅིག་ཀྱང་བྱུང་མེད།

 

དྲི་བ། ༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཐད་ནས་ལོགས་སུ་འཐོན་རྒྱུ་ཡིན་གསུང་གི་ཡོད་ཀྱང་། གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྟེང་ཡང་བསྐྱར་འགན་དབང་གང་འཚམ་ཞིག་ཕུལ་ཡོད་པ་དེས་འབྱུང་འགྱུར་དམངས་གཙོའི་འཕེལ་རིམ་ལ་དོ་ཕོག་འགྲོ་སྲིད་དམ།

ལན། རྒྱལ་ཡོངས་ཚོགས་ཆེན་སྟེང་བཀའ་མོལ་སྣ་ཚོགས་བྱུང་སོང་། ༧གོང་ས་མཆོག་གི་མཚན་ཐོག་ཏུ་འགན་དབང་དེ་འདྲ་ལྷག་བསྡད་ན་མ་འོངས་པར་བོད་མིའི་དམངས་གཙོའི་འཕེལ་རིམ་ཐོག་དཀའ་ངལ་འཕྲད་རྒྱུ་རེད་ཟེར་མཁན་འདུག་ལ། རྒྱལ་སྤྱིའི་ལྟ་སྟངས་ཐོག་ང་ཚོའི་དམངས་གཙོ་དེ་ཡང་དག་པ་ཞིག་ལ་མཐོང་གི་མ་རེད་ཟེར་མཁན། དེ་བཞིན། རྒྱ་ནག་གིས་ང་ཚོར་སྐྱོན་བརྗོད་བྱེད་པའི་གཞི་རྩ་ཞིག་ལྷག་གི་རེད་ཟེར་མཁན་སོགས་བྱུང་སོང་། ང་རང་གི་ལྟ་ཚུལ་ལྟར་བྱས་ན། ཐེངས་འདིར་བཅའ་ཁྲིམས་བསྐྱར་བཅོས་ནང་སྔོན་གླེང་ཞིག་དང་། དོན་ཚན་དང་པོར་ནང་གསེས་དོན་ཚན་གསུམ་ཙམ་བཏོན་ཡོད། དེ་དག་ཕྱི་ཚེས་ ༢༥ ཉིན་༧གོང་ས་མཆོག་ལ་ཞུས་སྐབས་ཞལ་བཞེས་གནང་སོང་བསམ་པ་ཞིག་དྲན་ཡོད། དེ་ཞལ་བཞེས་གནང་བ་ཙམ་གྱིས་ང་ཚོའི་དམངས་གཙོའི་དགེ་མཚན་ཞིག་རེད་མ་གཏོགས། སྐྱོན་གནས་ཤིག་ཏུ་འགྱུར་རྒྱུ་རེད་བསམ་གྱི་མེད། གང་ཡིན་ཞེ་ན། འགན་དབང་དེ་དག་༧གོང་ས་མཆོག་ལ་རང་ཆས་སུ་ཡོད་པ་ཞིག་ང་ཚོས་ནན་སྐུལ་བྱེད་ཀྱི་ཡོད་པ་རེད། ལྷག་པར་དུ་དེ་ལྟར་འཇོག་དགོས་པའི་རྒྱུ་མཚན་ཡང་མི་མང་གི་མངོན་འདོད་རེད། མི་མང་གི་མངོན་འདོད་ལ་གུས་བརྩི་ཞུ་རྒྱུ་དེ་དམངས་གཙོའི་ལྟ་གྲུབ་རེད།

 

དྲི་བ། དགའ་ལྡན་ཕོ་བྲང་འདི་སྒོ་བརྒྱབ་པ་ཡིན་ན། བོད་མིའི་ཁྲིམས་མཐུན་གཞུང་གི་ངོ་བོ་ལ་དོ་ཕོག་འགྲོ་སྲིད་དམ།

ལན། སྤྱིར་ང་ཚོའི་གཞུང་འདི་ལ་རྒྱལ་སྤྱིའི་ཐོག་ཏུ་ངོས་ལེན་ཡོད་པ་མ་རེད། འོན་ཀྱང་ང་ཚོའི་ངོས་ནས་ཁྲིམས་མཐུན་གྱི་གཞུང་ཞིག་ལ་སྒྲུབ་ཀྱི་ཡོད་པ་རེད་ལ། མི་རིགས་དང་སྐད་ཡིག ས་ཁོངས། བྱུང་རབས་ལོ་རྒྱུས་གང་ཐད་ནས་ང་ཚོ་སྔར་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱིས་སུ་རྒྱ་ནག་གི་བཙན་བཟུང་འོག་ཤོར་བ། ངྷ་རམ་ས་ལར་ཡོད་པའི་སྒྲིག་འཛུགས་འདི་བོད་གཞུང་དགའ་ལྡན་ཕོ་བྲང་གི་རྒྱུན་ཡིན་པ་སོགས་གསལ་བོ་རེད་ལ། ཐེངས་འདིར་བོད་གཞུང་དགའ་ལྡན་ཕོ་བྲང་སྒོ་བརྒྱབ་ཀྱང་། བོད་མིའི་ཁྲིམས་མཐུན་གཞུང་གི་རྒྱུན་དེ་བཅད་ཡོད་པ་མ་རེད། བོད་བཙན་པོ་རིམ་བྱུང་ནས་ས་སྐྱ། ཕག་གྲུ། དགའ་ལྡན་ཕོ་བྲང་བཅས་གཞུང་གི་རྒྱུན་དེ་མུ་མཐུད་གནས་ཡོད་པ་རེད། ཐེངས་འདིར་ཡང་༧གོང་ས་མཆོག་གིས་མི་མང་གིས་འོས་འདེམས་བྱས་པའི་མགོ་འཁྲིད་ལ་གཞུང་གི་རྒྱུན་དེ་མར་གནང་བ་རེད་མ་གཏོགས། འོག་ནས་གྱེན་ལངས་བྱས་ཏེ་གཞུང་རྙིང་པ་མགོ་རྟིང་སློག་ནས་གཞུང་གསར་པ་བཙུགས་པ་དེ་འདྲ་མ་རེད། སྤྱིར་དམངས་གཙོའི་གཞུང་ཁག་ལ་མཚོན་ན། ཇི་སྲིད་མི་མང་གི་མངོན་འདོད་གནས་པ་དེ་སྲིད་དུ་གཞུང་གི་རྒྱུན་གནས་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད།

 

དྲི་བ། ཉེ་ལམ་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་སྐབས། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་དེ་དགེ་ལུགས་པ་དང་དབུས་གཙང་གི་གཞུང་ཞིག་ཆགས་ཡོད། གངས་ཅན་པ་ཡོངས་རྫོགས་ལ་ཁྱབ་མི་འདུག ཅེས་གསུངས་ཡོད་པའི་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། ༧གོང་ས་མཆོག་གིས་བཀའ་སློབ་དེ་འདྲ་ཞིག་གནང་ཡོད་པ་ངས་མཐོང་ཐོས་མ་བྱུང་། ང་རང་སྒེར་གྱི་བསམ་པར། དགའ་ལྡན་ཕོ་བྲང་གཞུང་དེ་དགེ་ལུགས་པ་གཅིག་པུའི་གཞུང་དང་། དབུས་གཙང་གཅིག་པུའི་གཞུང་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། རྩ་བའི་དགའ་ལྡན་ཕོ་བྲང་གཞུང་དེ་ཐོག་མ་རྒྱལ་དབང་ལྔ་པ་ནས་དགེ་ལུགས་པའི་བླ་བྲང་ཞིག་ལས་དབུ་བརྙེས་པ་རེད། རྒྱལ་དབང་ལྔ་པ་ལ་གཞུང་དེ་ཕུལ་མཁན་སོག་པོའི་དམག་དཔོན་གུ་ཤྲི་བསྟན་འཛིན་ཆོས་རྒྱལ་རེད། སྐབས་དེར་སོག་པོས་དབུས་གཙང་གཅིག་པུར་དབང་བསྒྱུར་བྱས་པ་ཞིག་མ་རེད། བོད་ས་གང་ལ་གང་འཚམ་བཙན་བཟུང་བྱས་ཡོད་པ་རེད། སྐབས་དེར་དབང་བསྒྱུར་འོག་གང་ཡོད་པ་དེ་དང་གཞུང་ས་དགའ་ལྡན་ཕོ་བྲང་ལྷན་གཅིག་ཏུ་རྒྱལ་དབང་ལྔ་བ་ཆེན་པོར་ཕུལ་བ་རེད། དེ་གཅིག་རེད། གཉིས་པ་དགའ་ལྡན་ཕོ་བྲང་ཟེར་བ་དེ་དགེ་ལུགས་པའི་ཐ་ཆད་ཙམ་རེད་མ་གཏོགས། སྐབས་དེའི་དབུས་གཙང་མངའ་ཁུལ་དུ་ཕལ་ཆེར་ཆོས་ལུགས་གྲུབ་མཐའ་ཚང་མ་ཡོད་པ་རེད་ལ། དགའ་ལྡན་ཕོ་བྲང་གཞུང་དབུ་བརྙེས་སྐབས། དེ་དག་ཚང་མའི་བརྩི་བཀུར་བྱེད་སའི་གཞུང་ཞིག་ཆགས་ཡོད་པ་རེད།

 

དྲི་བ། ༧གོང་ས་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ཐུགས་འགན་མཚམས་འཇོག་བྱེད་ཀྱི་ཡོད་པའི་དཀྱོག་མཚམས་འདི་དང་བསྟུན་ཏེ། བཙན་བྱོལ་བོད་གཞུང་གི་སྲིད་བྱུས་དང་སྒྲིག་འཛུགས་ལ་འགྱུར་བ་གཏོང་དགོས་ས་འདྲ་མཐོང་གི་ཡོད་དམ།

ལན། སྲིད་བྱུས་ཀྱི་ཐད་ནས་བཤད་ཐུབ་མ་སོང་། སྒྲིག་འཛུགས་ཀྱི་ཐོག་ལ་བསམ་ཚུལ་ཁ་ཤས་ཡོད། དང་པོ་འོས་བསྡུའི་སྐོར་རེད། ཆོལ་ཁའི་འཐུས་མི་ཚོ་ལ་མི་གཅིག་ལ་འོས་གཅིག་རེད། འོན་ཀྱང་། ཆོས་བརྒྱུད་ཁག་ལ་མི་གཅིག་ལ་འོས་གཉིས་ཀྱི་ཐོབ་ཐང་ཡོད་པ་རེད། ཆོལ་ཁའི་ཁོངས་ནས་འོས་གཅིག་དང་། ཆོས་བརྒྱུད་ཀྱི་ཁོངས་ནས་འོས་གཅིག་གི་ཐོབ་ཐང་ཡོད། འདི་དམངས་གཙོའི་ལམ་སྲོལ་ཐོག་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད་བསམ་གྱི་ཡོད། ཐེངས་འདིར་བཅའ་ཁྲིམས་ལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད་པ་དང་བསྟུན་ཏེ། དེ་དག་ལའང་བསྐྱར་བཅོས་བྱ་དགོས་པ་རེད་བསམ་ཡོད། སྐྱ་སེར་ཚང་མར་གཅིག་གྱུར་ཐོག་ཆོལ་ཁ་དང་ཆོས་ལུགས་གཉིས་ཀར་འོས་བླུག་རྒྱུའི་ཐོབ་ཐང་སྤྲོད་དགོས་པ་རེད། འོས་ཐེངས་གཉིས་ལ་བླུག་དགོས་ཆགས་ཀྱང་དོན་གནད་གལ་ཆེན་པོ་རེད། དེ་ལྟར་བྱས་ན་ཆོས་བརྒྱུད་སྤྱི་འཐུས་ཚོའི་གནས་ཚད་མཐོ་རུ་འགྲོ་བ་དང་། ལས་དོན་ཚགས་ཚུད་ཡོང་བ། སྤྱི་འཐུས་ལྷན་ཁང་ནང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་ཉུང་དུ་འགྲོ་བ་སོགས་ལ་ཕན་ཐོགས་ཡོང་གི་རེད། དེ་ནས་གྲོས་ཚོགས་གོང་འོག་གཉིས་འཛུགས་དགོས་པ་རེད་བསམ་ཡོད། ད་ལྟའི་གྲོས་ཚོགས་འདི་གྲོས་ཚོགས་འོག་མ་དང་། གྲོས་ཚོགས་གོང་མའི་ནང་མི་འབོར་ལ་གཞིགས་པའི་འཐུས་མི་བསྐོ་བཞག་བྱས་ན། སྐབས་རེར་འཛིན་སྐྱོང་གི་ལས་ཀ་བྱེད་ཕྱོགས་འགྲིག་མིན་བྱུང་སྐབས་སྟངས་འཛིན་བྱ་ཐུབ་པ་རེད།

 

དྲི་བ། སྐུ་ཉིད་ཀྱིས་༧གོང་ས་མཆོག་གིས་བཙན་བྱོལ་བོད་གཞུང་གི་མཚན་བྱང་ལ་བསྒྱུར་བཅོས་གཏོང་དགོས་པའི་བཀའ་གནང་དོན་གཙོ་བོ་གང་ལ་གཟིགས་ཀྱི་ཡོད་དམ། 

ལན། འདི་ལ་རྒྱུ་མཚན་ཁ་ཤས་ཡོད་རྒྱུ་རེད། གཙོ་བོ་བཙན་བྱོལ་བོད་གཞུང་འདི་འདས་པའི་ལོ་ངོ་ལྔ་བཅུའི་རིང་བརྟན་པོ་བྱས་ཏེ་བསྡད་པ་རེད། དེ་གཙོ་བོ་༧གོང་ས་མཆོག་གི་གཟི་བརྗིད་དང་ངོ་སོ་ལ་བརྟེན་ཏེ་བྱུང་བ་ཞིག་རེད། འོན་ཀྱང་ང་ཚོས་ཤེས་དགོས་པ་ཞིག་ལ། ང་ཚོ་རྒྱ་གར་གཞུང་གི་འོག་ཏུ་བསྡད་ཡོད་པ་རེད། རྒྱལ་ཁབ་གཅིག་གི་འོག་ཏུ་གཞུང་གཉིས་གནས་ཐབས་ཡོད་པ་མ་རེད། རྒྱལ་ཁབ་གང་ཞིག་ཡིན་རུང་གཞུང་གི་སྲིད་བྱུས་དང་གཞུང་འཛིན་མགོ་འཁྲིད་ལ་རྟག་པ་བརྟན་པ་ཡོད་པ་མ་རེད། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་ང་ཚོར་དཀའ་ངལ་ཆེན་པོ་འཕྲད་མདོག་ཁ་བོ་མ་རེད་དེ། ང་ཚོས་མུ་མཐུད་བཙན་བྱོལ་བོད་གཞུང་ཞེས་ཡིན་མདོག་མདོག་གིས་འགྲོ་བསྡད་པ་ཡིན་ན། ནམ་ཞིག་༧གོང་ས་མཆོག་མ་བཞུགས་པའི་ཉིན། ང་ཚོའི་བཤད་སྤྱོད་དང་འགྲོ་འདུག་ཕྲན་བུ་མ་འགྲིག་པ་བྱུང་ན་གནས་ཚུལ་ཆེན་པོ་འབྱུང་སྲིད་པ་རེད། གལ་སྲིད་དེ་འདྲའི་གནས་ཚུལ་མི་ལེགས་པ་ཞིག་བྱུང་སྐབས་འགན་དེ་བཟོད་མཁན་ཡོད་པ་མ་རེད། གཉིས་པ། བོད་རྒྱ་གཉིས་བར་འབྲེལ་མོལ་ཐེངས་དགུ་གནང་བའི་བརྒྱུད་རིམ་ཁྲོད། རྒྱ་ནག་གི་མགོ་འཁྲིད་ཚོས། ཁྱོད་ཚོས་དབུ་མའི་ལམ་ཁ་ནས་བཤད་བསྡད་པ་ཙམ་རེད། ཁྱོད་ཚོའི་བཅའ་ཁྲིམས་དང་ཡིག་ཆ་ཁག་ཏུ་བཙན་བྱོལ་བོད་གཞུང་ཞེས་ལབ་ཀྱི་འདུག འདི་ཁ་བྲལ་གྱི་བྱ་སྤྱོད་རེད་ཟེར་ནས་ལབ་བསྡད་ཡོད་པ་རེད། དེར་བརྟེན། ཉེ་ཆར་༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་ནང་། ཐེངས་འདིར་ང་རང་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་འགན་མཚམས་འཇོག་རྒྱུ་ཡིན་ལ། འདི་དང་མཉམ་དུ་རྩ་ཁྲིམས་ཟིན་བྲིས་དང་། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཡང་རྩིས་མེད་འགྲོ་དགོས་པ་རེད། ཅེས་བཀའ་གསལ་བོ་གནང་འདུག རྒྱ་ནག་གཞུང་གིས་སྔོན་མ་ནས་རྒྱ་གར་གཞུང་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་ས་རེད། འདི་དག་ལ་བལྟས་ཡོང་ན། ཐེངས་འདིར་རྒྱ་ནག་གཞུང་གི་མགོ་འཁྲིད་ཚོའི་གནོན་ཤུགས་རྒྱ་གར་གཞུང་བརྒྱུད་དེ་བསླེབས་པ་མིན་འགྲོ་བསམ་གྱི་ཡོད།

 

དྲི་བ། བཙན་བྱོལ་བོད་མིའི་གཞུང་དམངས་གཉིས་རྩ་དོན་འཐབ་རྩོད་ཀྱི་ཐད་ནས་ཕྱི་བཤོལ་ནས་ཡང་བཤོལ་བྱེད་ཀྱི་ཡོད་པ་འདི། ཡུལ་དུས་དང་འཚམ་པའི་ཁེ་ཕན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་དམ། ཡང་ན་རང་ཚུགས་ཤོར་བའི་ཕམ་ཁ་ཞིག་ཏུ་མཐོང་གི་ཡོད།

ལན། སྦྱིར་བཏང་ང་ཚོ་འབབ་རྒྱུ་ཡོད་ཚད་དེར་བབས་ཡོད་པ་རེད། བོད་རང་བཙན་གཙང་མ་ནས། ཚད་མཐོའི་རང་སྲིད་རང་སྐྱོང་དང་། དེ་ནས་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ངམ་དབུ་མའི་ལམ་གྱི་ཐོག་ལ་བབས་པ་རེད། འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་སུ་ང་ཚོའི་མངོན་འདོད་ངོ་མ་ཡིན་ཟེར་ནས་ཡིག་ཆ་ཞིག་རྒྱ་གཞུང་ལ་སྤྲད་པ་དེའི་ནང་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གྱི་སྒྲོམ་གཞིའི་འོག ས་གནས་མི་རིགས་རང་སྐྱོང་བཅའ་ཁྲིམས་ཆ་ཚང་བ་ལག་བསྟར་བྱ་དགོས་ཞེས་བཀོད་ཡོད། ཡིན་ན་ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། བྱེད་བབ་འདི་ང་ཚོས་རྒྱ་ནག་གཞུང་ལ་བསྟུན་ཐབས་བྱས་པ་གཅིག་པུ་མ་རེད། རྒྱལ་སྤྱིའི་འགྱུར་བ་དང་། བོད་མིའི་འཕྲལ་ཕུགས་ཀྱི་ཁེ་ཕན། དེ་བཞིན། ང་ཚོའི་འཐབ་རྩོད་ཀྱི་གནས་ཚད་སོགས་ཕྱོགས་ཡོངས་ལ་གཟིགས་ཏེ་ཐག་གཅོད་གནང་བ་ཞིག་རེད། འཛམ་གླིང་འདི་འཕེལ་རྒྱས་དང་འགྱུར་ལྡོག་གི་རང་བཞིན་ཅན་རེད། འདས་པའི་ལོ་ངོ་ལྔ་བཅུའི་ཤུལ་ལམ་ལ་བལྟས་ཡོང་ན་ང་ཚོར་འདི་ལས་ལྷག་གི་གདམ་ག་ཞིག་ལྷག་གི་ཡོད་པ་མ་རེད།

 

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༢ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 8

  1. ཇ་མ་ says:
    ལོ་ 14 སྔོན།

    བཙན་བྱོལ་བོད་གཞུང་དེ་འདྲར་རྒྱ་ནག་ལ་མཐུན་ཤེས་བྱེད་པ་ལ་བལྟས་ན་མི་རིང་བར་རྡ་རམ་ས་ལའི་ལག་ལ་དར་ཆ་དཀར་པོ་ཞིག་སྒྲེང་ནས་ཧི་མ་ལ་ཡར་རྒད་གྲབ་མེད་དམ་སྙམ།

    Reply
  2. གངས་ཆབ། says:
    ལོ་ 14 སྔོན།

    པདྨ་ཚེ་དབང་ཤཱསྟྲི་ལགས་ཀྱིས་བཀའ་སློབ་དང་དྲི་ལན་ཡག་པོ་ཞིག་གནང་འདུག་ཀྱང་།
    ༼ཆོལ་ཁའི་འཐུས་མི་ཚོ་ལ་མི་གཅིག་ལ་འོས་གཅིག་རེད། འོན་ཀྱང་། ཆོས་བརྒྱུད་ཁག་ལ་མི་གཅིག་ལ་འོས་གཉིས་ཀྱི་ཐོབ་ཐང་ཡོད་པ་རེད།འདི་དམངས་གཙོའི་ལམ་སྲོལ་ཐོག་ཏག་ཏག་ཅིག་བསྡད་ཡོད་པ་མ་རེད་བསམ་གྱི་ཡོད། ༽ཞེས་པ་དེ་མི་ཐད་དེ།རྒྱུ་མཚན་ནི།ཆོལ་ཁའི་འཐུས་མི་ཚོར་མི་གཅིག་ལ་འོས་ཤོག་གཅིག་ཡིན་ཀྱང་།ཆོལ་ཁ་རེ་ནས་སྤྱི་འཐུས་མི་གྲངས་བཅུ་རེ་ཡོང་ཆོག་གི་ཡོད་པ་དང་།ཆོས་རྒྱུད་ཁག་ནས་སྤྱི་འཐུས་མི་གྲངས་གཉིས་མ་གཏོགས་ཡོང་ཆོག་གི་མེད་པ་དེ་ཡང་འདྲ་མཉམ་ཞིག་གཏན་ནས་རེད་མི་འདུག
    འོ་ན།ཆོས་རྒྱུད་ཁག་ལ་འོས་ཤོག་གཅིག་མ་གཏོགས་མེད་པ་བྱེད་ན་ཆོག་ཀྱང་།ཆོས་རྒྱུད་ཁག་ལ་ཆོལ་ཁ་དང་གཅིག་མཚུངས་ཀྱི་ཐོབ་ཐང་འོག་ཆོས་རྒྱུད་ཁག་ནས་སྤྱི་འཐུས་བཅུ་རེ་ཡོང་དགོས་ཀྱི་ཡོད་པ་དེ་ཡང་མཁྱེན་པར་མཛོད།

    Reply
  3. བོད་ཀྱི་སེམས་པ། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གི་བཀའ་གནང་བ་བཞིན་ལག་ལེན་བསྟར་ན་ཡག་ཤོས་རེད། འགའ་ཤས་ཀྱི་མ་ཤེས་ཤེས་མདོག་གི་བསམ་ཚུལ་འདྲ་མིན་འཁྱེར་ཡོང་བ་ཙམ་ལས་བསམ་བློ་དེས་བྲལ་ཕུག་རྒྱང་གསུམ་ལ་ཕན་གནོད་གང་འདྲེན་མིན་སོགས་ལ་རྣམ་དཔྱོད་ཀྱི་མ་འདང་སྟབས་༸གོང་ས་མཆོག་གི་བཀའ་བཞིན་སྒྲུབ་ན་ལེགས་ཤོས་སུ་མཐོང་།

    Reply
  4. ནད་པ says:
    ལོ་ 14 སྔོན།

    པདྨ་ཚེ་དབང་ལགས་ཤྰསྟྲིས་རྒྱ་ནག་གིས་ཁྱེད་ཚོའི་བཅའ་ཁྲིམས་དང་ཡིག་ཆ་ཁག་གི་ནང་བོད་གཞུང་ཞེས་གསལ་པོར་བཀོར་ཡོད་སྟབས་ཁྱེད་ཚོས་ཁ་བྲལ་རྩོད་ཀྱི་འདུག་ཅེས་བཤད་པ་ལྟར་ང་ཚོས་འདི་ནས་བཅའ་ཁྲིམས་དང་ཡིག་ཆ་ཆ་ཚང་མིང་བསྒྱུར་བྱེད་བཞིན་ཡོད་པ་དེ་རྒྱ་ནག་གིས་གང་བཤད་ལ་བསྟུན་བཞིན་ཡོད་པ་དེ་རེད།

    ཡིན་ནའང་གནས་ཚང་གིས་བཤད་པ་ལྟར་མིང་བསྒྱུར་བ་ཙམ་གྱིས་མི་འགྲིག་པར་ད་དུང་རིམ་པས་ཁྱེད་ཚོས་ཁྲིམས་ཁང་ཟེར་བ་དང་། བཀའ་ཤག གྲོས་ཚོགས་ཟེར་བ་བཅས་སྒྲིག་འཛུགས་གཅིག་ལ་དེ་འདྲ་ཡོང་ཐབས་གཏན་ནས་མེད་པས་ང་ཚོ་དང་ལྷན་དུ་བོད་རྒྱ་གྲོས་མོལ་བྱ་དགོས་ཕྱིན་ངེས་པར་དུ་དེ་དག་སྒོ་རྒྱག་དགོས་ཞེས་བཤད་རྒྱུར་ཐེ་ཚོམ་མེད།

    དེ་དང་འབྲེལ་བའི་སྒོ་ནས་བོད་གཞུང་དེ་བོད་བཙན་པོའི་དུས་ནས་རིམ་པས་ས་སྐྱ་དང་། ཕག་གྲུ། གཙང་པ། དགའ་ལྡན་ཕོ་བྲང་བཅས་ཀྱི་རྒྱུན་དེ་བཙན་བྱོལ་དུ་བཙུགས་པ་དང་དེ་ནི་དགེ་ལུགས་པ་དང་། དབུས་གཙང་ཁོ་ནའི་གཞུང་གཞུང་ཞིག་མ་རེད་ཅེས་པ་དེ་དངོས་འབྲེལ་གྱི་གཏམ་ཞིག་བཤད་པ་རེད།

    ཉེ་བའི་ཆར་༸ གོང་ས་མཆོག་གིས་དགའ་ལྡན་ཕོ་བྲང་དེ་དགེ་ལུགས་པའི་ཆོས་ལུགས་དང་། དབུས་གཙང་གིས་གཞུང་ཞིག་རེད་ཅེས་ཨ་རིར་གསལ་བཤད་གནང་བ་དེ་དང་ཏག་ཏག་བརྒྱབ་འགལ་གྱིས་དོན་དངོས་ལ་ཁས་ལེན་བྱས་པ་དེ་རེད།

    དེ་བཞིན་དམངས་གཙོའི་གཞུང་གང་ཞིག་ཡིན་ཀྱང་ཆོས་སྲིད་གཉིས་ཁ་བྲལ་ཐབས་མེད་ཅེས་བཤད་པ་དེར་ཁོང་གིས་ད་དུང་ཆོས་དང་སྲིད་གཉིས་མཉམ་བསྲེས་བྱས་ན་དགེ་མཚན་མཐོང་བ་ལས་སྐྱོནགྱི་ཆ་དག་མཐོང་གི་མེད་པ་འདྲ། ཆོས་དང་སྲིད་གཉིས་མཉམ་བསྲེས་བྱས་པའི་འབྲས་བུར་ང་ཚོའི་གནས་སྟངས་ཐབས་སྡུག་འདི་འདྲ་ཞིག་ཏུ་གྱུར་པ་རེད།

    དེ་ནས་ཁོང་གིས་ཆོས་ཀྱི་དགེ་མཚན་གླེང་ནས་བཙན་བྱོལ་དུ་འབྱོར་ནས་ད་བར་གཞུང་དངུལ་ལྐོག་ཟ་རུལ་སུངས་ཚབས་ཆེན་བྱས་པ་གཅིག་ཀྱང་མེད་ཅེས་བཤད་པ་དེ་དྲང་བདེན་གྱི་སྐད་ཆ་ཞིག་མིན། བཙན་བྱོལ་གཞུང་བཙུགས་པ་ནས་བཟུང་ད་བར་མཐོ་རིམ་མི་སྣའི་ཁྲོད་དུ་སྔར་བྱུང་མ་མྱོང་བའི་དབུ་འཁྲིད་ལྐོག་ཟ་དང་། རུལ་སུངས། དངུལ་དངོས། སྒེར་དོན་གྱི་རྙོག་གླེང་གཅིག་ཀྱང་མེད་པ་དེ་བཀའ་ཁྲི་ཟམ་དོང་ཡིན་པ་ལས་དེ་མིན་བཙན་བོད་གཞུང་གི་མཐོ་རིམ་སྣ་མང་ཆེ་བའི་གནས་སྟངས་ཡག་པོ་ཤ་སྟག་ཡིན་པ་དང་། ཁང་པ་དང་། ས་ཆ། མགྲོན་ཁང་། ཟ་ཁང་། སྒེར་བདག མང་དངུལ་གྱི་གནས་སྟངས་བཅས་ལ་མཚོན་ན་ཁོང་ཚོ་ཕལ་ཆེ་བ་ཕྱུག་བདག་ཡིན།

    ཁོང་ཚོའི་གནས་སྟངས་དེ་འདྲ་ཞིག་ཡག་པོ་ཆགས་པའི་ཐད་ལ་ང་ཚོས་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ན་གཞི་ནས་ང་ཚོས་ཡང་སྙིང་ཇི་འདྲ་ཞིགཡིན་མིན་གསལ་པོར་ཤེས་ཐུབ། ང་ཚོའི་མིག་གི་མདུན་དུ་ཡོད་པའི་གནད་དོན་དེ་དག་ང་ཚོས་དོན་དངོས་ཐོག་ཁས་ལེན་བྱེད་དགོས།

    དེ་ནས་རྒྱ་མིས་རྒྱ་གར་ལ་གནོན་ཤུགས་སྤྲོད་བཞིན་པའི་དོགས་པ་ཡོད་སྐོར་གསུངས་པ་དེ་དངོས་འབྲེལ་རེད། ལོ་རབས་ ༦༠ ནང་ནས་ད་བར་རིམ་པས་གང་ཐུབ་ཀྱིས་རྒྱ་གར་གཞུང་ལ་གནོན་ཤུགས་རབ་དང་རིམ་པ་མང་པོ་སྤྲོད་ཐབས་བྱས་དང་བྱེད་བཞིན་ཡོད།

    འོན་ཀྱང་རྒྱ་གར་གྱིས་ཁ་ནས་ང་ཚོས་བོད་པ་ཚོར་ཆབ་སྲིད་ལས་འགུལ་གཅིག་ཀྱང་སྤེལ་མི་ཆོག་པ་ཡིན་བཤད་ཡོད་ཅེས་རྒྱ་མིར་འགྲེལ་བཤད་བྱེད་བཞིན་ཡོད་ཀྱང་དོན་དངོས་ཐོག་༸ གོང་ས་མཆོག་དང་། བོད་གཞུང་། བཙན་བྱོལ་མི་དམངས་བཅས་ད་བར་གཅེས་ཕྲུག་དཔང་དུ་བླངས་པ་ལྟར་གང་ཐུབ་ཀྱིས་བོད་དེ་ཡར་ཐུབ་ན་བསམས་ནས་རོགས་རམ་དང་བལྟ་སྐཡོང་བྱེད་བཞིན་ཡོད།

    དེ་ཡང་རྒྱ་གར་གཞུང་གིས་ང་ཚོར་བྱམས་དང་སྙིང་རྗེ་ཆེ་དྲགས་ནས་བཅོས་མིན་རོགས་རམ་ཁོ་ན་གནང་བ་ཞིག་མ་ཡིན་པར་དེ་ནི་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་གཙོཆེར་བཟུང་ནས་ཞོར་དུ་ཁྱིམ་མཚེས་ཚོ་ལ་ཕན་ཐོགས་བསྒྲུབ་བཞིན་ཡོད།

    ད་དུང་༸གོང་ས་མཆོག་གིས་ཐེངས་འདིར་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བཞག་པ་དང་དགའ་ལྡན་ཕོ་བྲང་གིས་མིང་གནས་དང་བཅའ་ཁྲིམས་སོགས་ཚང་མར་བསྐྱར་བཅོས་གནང་བཞིན་ཡོད་པ་དེ་དག་ཐམས་ཅད་བོད་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་བྱ་བ་ཤ་སྟག་ཡིན་སྟབས་ང་ཚོས་༸ གོང་ས་མཆོག་གིས་གང་གནང་བ་ཚང་མར་ཡིད་ཆེས་བྱེད་དགོས།

    ཡིན་ནའང་ཁོང་གཅིག་པུས་དབུ་འཁྲིད་པའི་འོག་ནས་བོད་དང་བོད་མི་ཡར་ལངས་ཐུབ་པའི་དུས་ཚོད་གཅིག་གཏན་ནས་ཡོང་ཐབས་མེད། གང་ཡིན་ཟེར་ན་མི་དམངས་ཀྱི་ལས་འགུལ་དང་། ནུས་ཤུགས། སྙིང་སྟབས། ཆིག་བསྒྲིལ་བཅས་གོང་ཐོར་གཏོས་དགོས།

    Reply
  5. བཀྲ་ཤིས་དོན་འགྲུབ། says:
    ལོ་ 14 སྔོན།

    མཁས་དབང་པད་མ་ཚེ་དབང་ཤྲསྟྲི་ལགས་ཀྱི་དྲི་བ་དྲི་ལན་ཧ་ཅང་ཡག་པོ་རེད་བསམ་བློ་རྒྱ་ཆེན་པོ་དང་གཏིང་ཟབ་མོ་འདུག ༧གོང་ས་མཆོག་གི་དགོངས་གཞི་དེ་དེ་ལྟ་བུ་ཞིག་ཡིན་རྒྱུ་རེད། མི་མང་པོ་ཞིག་ལ་ཕན་ཐོག་ཡོད་པ་ཐག་ཆོད་རེད། མི་རེ་ཟུང་ཞིག་གི་བློ་ཁ་མ་གང་མདོག་བྱེད་འདུག་ཁོ་ཚོ་ཡང་དགོས་པ་དང་རྒྱུ་མཚན་ཡོད་རྒྱུ་རེད། ཡང་རིགས་གཅིག་གི་དགོས་པ་དང་རྒྱུ་མཚན་གང་ཡང་མ་མཐོང་ནས་རི་བོང་ཅལ་འདྲོགས་བྱས་ན་ཡག་པོ་ཡོད་པ་མ་རེད་ཟེར་ནས་རྒྱུ་མཚན་གང་ཡང་མ་མཐོང་ན་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་ལས་མ་འདས་དེ་ལྟར་མ་བྱས་ན་ལགས། ང་ཚོའི་རྒྱལ་བ་དོན་གྱི་བདག་པོ་ཁོང་གིས་དགོས་པ་དགོངས་གཞི་རྒྱ་ཆེན་པོ་ཞིག་བཞེས་ཡོད་ངེས་རེད་༼༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན་ནང་། ཐེངས་འདིར་ང་རང་གིས་ཆབ་སྲིད་དང་འཛིན་སྐྱོང་གི་ལས་འགན་མཚམས་འཇོག་རྒྱུ་ཡིན་ལ། འདི་དང་མཉམ་དུ་རྩ་ཁྲིམས་ཟིན་བྲིས་དང་། མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་ཡང་རྩིས་མེད་འགྲོ་དགོས་པ་རེད།༽ ཅེས་བཀའ་གསལ་བོ་གནང་འདུག དེ་ལྟ་བུ་ཞིག་ཡིན་ན་བཅའ་ཁྲིམས་ལ་སྐྱར་བཅོས་བྱེད་ཕྱོགས་རེ་ཡོད་ན་ཇོ་ནང་བ་ལ་ཆོས་བརྒྱུད་གཞན་དང་ཕྱི་མཚུངས་ཀྱི་ཐོབ་ཐང་རེ་སྤྲད་ན་ལགས། གང་ཡིན་ཟེར་ན། ང་ཚོ་ཚང་མ་ལས་དབང་གཅིག་ཡིན་པ་དང་། མི་རིགས་གཅིག་པ། རིག་གཞུང་གཅིག་པ་ཡིན་པ་མ་ཟད་ཆོས་བརྒྱུད་ཆེན་པོ་བཞི་ཡི་ནང་དུ་ཡང་མ་འདུས་པའི་ལོ་རྒྱུས་ཚད་ལྡན་ཡོད་པ་མཐོང་གསལ་རེད། མ་ཟད་ཁོང་ཚོའི་ངོས་ནས་ཡང་རང་དོན་རང་གཅེས་ཁོ་ན་མ་ཡིན་པར་༧གོང་ས་མཆོག་གི་དགོངས་པ་གཞིར་བཞག་ཐོག་བཤད་སྒྲུབ་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དང་དགོན་པ་རྒྱབ་པ་སྨོན་ལམ་བཙུགས་པ་སོགས་ལ་འབད་བརྩོན་བྱས་ནས་ཇོ་ནང་བ་རྣམས་ད་ལྟ་རང་གི་རྐ་བའི་སྟེང་སྲ་བརྟན་ལང་ཡོད་པ་ཀུན་གྱི་མཁྱེན་གསལ་རེད། ཇོ་ནང་བ་ལ་རྒྱབ་སྐྱོར་བྱས་ན་ཚུར་ཕྱོགས་ལ་གྱོང་གུད་མེད་པ་མ་ཟད་ང་ཚོའི་སྤྱི་ཚོགས་ནང་ལ་ཆ་མཐུན་དང་ཆིག་བསྒྲིལ་ཡོད་པས་བརྡ་ལན་ཞིག་རྒྱ་ནག་གཞུང་ལ་རང་བཞིན་གྱིས་སྤྲད་པ་རེད་སྙམ།། གཟུར་གནས་བློ་ལྡན་དག་གིས་དཔྱད་པར་ཞུ་ཞུ།།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ཀྱེ་མ་ཀྱེ་ཧུད། ང་ཚོ་བོད་མིའི་ལས་དབང་ལ་གཟིགས་དང་། ཤེས་རབ་སྙིང་པོའི་གྲོགས་པོ་རང་རེད། ང་ཚོར་རྒྱལ་ཁབ་མེད་པ་མ་ཟད། རང་དབང་དང་། སྲིད་གཞུང་། དམངས་གཙོ་ཡང་དག་མེད་པར་བརྟེན། རྟེན་མེད་པས་བརྟེན་པ་ཡང་དེ་ཙམ་དགོས་མཁོ་མི་ཆེ་བས། བདེན་པ་ཉིད་རྣམ་པར་རྒྱལ་ཞེས་པའི་དམ་ཕྲུག་ཀྱང་དགོས་ཀྱི་མི་འདུག་ལ་བཀའ་བློན་དང་། ལྷན་ཁང་ཡང་དགོས་ཀྱི་མི་འདུག་སྙམ།།

    Reply
  7. ངམ་རིང་མཁས་གྲུབ། says:
    ལོ་ 14 སྔོན།

    མཁས་དབང་པད་མ་ཚེ་དབང་ཤྲསྟྲི་ལགས་ནི། བཙན་བྱོལ་ནང་འཚར་ལོངས་བྱུང་བའི་བོད་ཡིག་བོད་སྐད་ལ་ཤ་ཞེན་ཡོད་པའི་མཁས་དབང་དམ་པ་ཞིག་ཡིན་ལ། ཁོང་གིས་ད་བར་བོད་ཡིག་ཐོག་སྒྲུང་གཏམ་དང་དཔྱད་རྩོམ། དེ་མ་ཡིན་པའི་བརྩམས་ཆོས་མང་པོ་བྲིས་ཡོད་ལ། ད་བར་དཔེ་དེབ་ཀྱང་མང་པོ་ཞིག་བྲིས་ཡོད། ཐེངས་འདིར་བོད་ཀྱི་དུས་བབ་ནས་ཁོང་ལ་བཅར་འདྲི་གནང་བ་དེ་ཧ་ཅང་ལེགས་པོ་འདུག ཐུགས་རྗེ་ཆེ།

    Reply
  8. གནས་ཚང་། says:
    ལོ་ 14 སྔོན།

    ད་གཞུང་མེད་པ་ཞིག་ལ་གྲོས་ཚོགས་ཤིག་རྒྱུན་མཐུད་ཆོག་གམ། བཀའ་བློན་ཞེས་པ་དེ་སུས་བཀའ་བློན་རེད་དམ། ཚོགས་པ་ཞིག་ལ་ཁྲིམས་ཁང་ཞིག་ཡོད་ཆོག་གམ། ཚོགས་པ་ཞིག་ལ་སྒྲིག་གཞི་མ་གཏོགས་བཅའ་ཁྲིམས་ཞེས་པ་ཞིག་སུ་ལ་ཡོད་དམ། རྒྱ་གཞུང་གིས་ནམ་རྒྱུན་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་རྩིས་རེད་ཅེས་པའི་སྒྲུབ་བྱེད་ཆོས་སྲིད་ཟུང་འབྲེལ་རེད་མ་གཏོགས་གཞན་མ་རེད། རགས་ཤོར་ཚར་དུས་གནོན་ཤུགས་རིམ་པས་ཡོང་རྒྱུ་རེད་ལ། རིམ་པས་སྒོ་རྒྱག་དགོས་རྒྱུ་རེད། ཡིན་ནའི། ད་པཱ་ལེ་བསྲེག་མཁན་ཞིག་ལ་བཙན་བྱོལ་སྐྱིད་སྡུག་གི་དོན་དག་འོས་བབས་མི་འདུག

    རེ་བ་གཅིག་ཡོད་པ་ནི་དེང་ཕྱིན་བོད་ཕྱི་ནང་གི་མང་ཚོགས་ལ་མགོ་བསྐོར་མ་གཏོང་། མི་རེ་གཉིས་ཀྱིས་བོད་ནང་གི་བོད་མི་ཚོ་བཙོང་ནས་རྒྱུ་འབྲས་མེད་པའི་ལས་ཀ་མ་བསྒྲུབ་རོགས་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese