བཙན་བྱོལ་བོད་མིའི་མཐའ་མཚམས་གཞིས་ཆགས་ཁག་ནི། འཚོ་བ་དང་ཤེས་ཡོན། འཕྲོད་བསྟེན་སོགས་ཕྱོགས་གང་ཐད་ནས་ཧ་ཅང་སྐྱོ་བོའི་གྲས་རེད། ཉེ་བའི་ལོ་ཤས་ནས་གཞིས་ཆགས་དེ་དག་ཏུ་བོད་མི་ཁ་འཐོར་འགྲོ་བཞིན་པའི་གནས་སྟངས་ཛ་དྲག་ཆགས་ཡོད་སྟབས། འདི་གའི་གསར་འགོད་པས་བོད་གཞུང་མང་རྒྱལ་ཡོངས་ཆེན་དང་བསྟུན་ཏེ། བལ་ཡུལ་ཤར་ཁུམ་བུ་བདེ་ལེགས་གླིང་དང་ར་ས་ཝ་གཞིས་ཆགས་གཉིས་ནས་ཐེངས་འདིའི་ཚོགས་ཆེན་ཐོག་ཕེབས་མཁན་མི་མང་གི་སྐུ་ཚབ་དག་དང་ཐུག་འཕྲད་བྱས་ཏེ། ས་གནས་དེ་དག་གི་བོད་མིའི་འཚོ་བའི་གནས་སྟངས་ལ་རྒྱུས་ལོན་རགས་ཙམ་བྱས་ཡོད།
ཤར་ཁུམ་བུ་བདེ་ལེགས་གླིང་གཞིས་ཆགས་ཀྱི་མི་མང་སྐུ་ཚབ་སྐུ་ཞབས་ངེས་དོན་དབང་ཕྱུག་ལགས་ཀྱིས་བརྗོད་ན། ཕྱི་ལོ་ ༡༩༦༠ ནང་ཤར་ཁུམ་བུ་གཞིས་ཆགས་སུ་མི་ ༣༠༠༠ ཙམ་ཡོད་པ་དང་། གཞིས་ཆགས་ལ་སློབ་གྲྭ་དང་བཟོ་གྲྭ་སོགས་བཙུགས་ཡོད་ཀྱང་། རིམ་བཞིན་གཞིས་མི་རྣམས་ཁ་འཐོར་དུ་ཕྱིན་ཞིང་། བཟོ་གྲྭ་སྒོ་རྒྱབ་པ། སློབ་གྲྭ་ཡང་ཉམས་ཆག་ཏུ་ཕྱིན་པ་མ་ཟད། སློབ་ཕྲུག་རེ་ཟུང་ཡོད་པ་དག་ཀྱང་མི་རིགས་གཞན་པ་ཆགས་ཡོད་འདུག་ལ། ད་ཆར་ཤར་ཁུལ་བུ་བདེ་ལེགས་གླིང་གཞིས་ཆགས་ནང་གཞིས་མི་ ༥༠ ཙམ་ལས་ཡོད་ཚོད་མི་འདུག
རྒན་པོ་ཁོང་གིས་སྐྱོ་གདུང་དང་རེ་ཆད་ངང་བརྗོད་རྒྱུར། སྔོན་མ་ཤར་ཁུལ་བུ་གཞིས་ཆགས་ནང་གཞིས་མི་སུམ་སྟོང་ལྷག་ཡོད་པ་རེད། བོད་གཞུང་གིས་སློབ་གྲྭ་དང་བཟོ་གྲྭ་སོགས་ཀྱང་བཙུགས་ཡོད་པ་རེད། གཞིས་མི་མང་པོ་ཞིག་རིམ་བཞིན་བལ་ཡུལ་རྒྱལ་སར་གནས་སྤོར་བྱས་པ་རེད། ད་ཆར་གཞིས་ཆགས་དེར་མི་ ༥༠ ཙམ་ལས་མི་འདུག་ལ། གང་ཡོད་པ་ཚོ་ཡང་རྒན་མགོ་རྐྱང་རྐྱང་རེད། དང་ཐོག་གཞིས་ཆགས་དེར་བོད་གཞུང་ཤེས་རིག་གིས་བཙུགས་པའི་གཏན་སློབ་ཞིག་ཡོད་ཀྱང་། ད་ཆར་སློབ་གྲྭ་དེར་ཞོར་འཕྲོས་ལྟ་བུའི་བོད་ཡིག་ཟུར་འཚོགས་ཙམ་ལས་སློབ་གྲྭའི་སྒྲིག་གཞིའི་ནང་བོད་ཡིག་སློབ་ཚན་མི་འདུག ད་ཆར་སློབ་ཕྲུག་ ༡༠༠ ཙམ་ལས་མི་འདུག་ལ། དེའི་ནང་བོད་ཕྲུག་ཁེ་གཙང་གསུམ་བཞི་ཙམ་ལས་ཡོད་པ་མ་རེད། གཞན་མང་ཆེ་བ་ཤར་པ་དང་རྟ་མང་བ། ཡོལ་མོ། རོང་པ་སོགས་རེད། ཅེས་བརྗོད་བྱུང་།
ཡང་གསར་འགོད་པས་ཁོང་ལ། ས་གནས་དེ་གའི་བོད་མི་ཚོར་བལ་ཡུལ་གཞུང་ཕྱོགས་ནས་དཀའ་ངལ་སྤྲོད་ཀྱི་ཡོད་མེད་དྲིས་པར་ཁོང་གིས་བརྗོད་རྒྱུར། སྔོན་ཆད་བལ་ཡུལ་གཞུང་གིས་བོད་པ་ཚོར་སྐྱབས་བཅོལ་ལག་འཁྱེར་སྤྲོད་ཀྱི་ཡོད་སྟབས། འགྲུལ་བཞུད་དང་ལས་ཀ་བྱེད་ཕྱོགས་ཐོག་ཅུང་སྟབས་བདེ་ཡོད་ནའང་། ཕྱིས་སུ་ལག་འཁྱེར་སྤྲོད་མཚམས་བཞག་སྟེ། ང་ཚོའི་བུ་ཕྲུག་ཚོ་རང་ལོ་སུམ་ཅུ་བསླེབས་ཀྱང་། བལ་གཞུང་གི་ཁྲིམས་མཐུན་ཡིག་ཆ་གཅིག་ཀྱང་ཡོད་པ་མ་རེད། ཕྲུ་གུ་ཚོ་རྒྱལ་སའི་བོད་སློབ་ཁག་ཏུ་འགྲོ་དགོས་དུས། ལོ་གཅིག་ལ་ཐེངས་གཅིག་ཙམ་ལས་ཁྱིམ་དུ་ལོག་ཐུབ་ཀྱི་མེད་ལ། ས་ཐག་རིང་པོ་ཡིན་པ་དང་རླངས་འཁོར་ལམ་ཁ་མེད་པ་སོགས་ཀྱིས་ཕར་ཚུར་འགྲོ་སྐབས་གནམ་གྲུར་བསྡད་དེ་འགྲོ་དགོས་པ་རེད། འོན་ཀྱང་། སློབ་ཕྲུག་ཚོར་ཡིག་ཆ་མེད་དུས་གནམ་གྲུར་སྡོད་རྒྱུར་ཡང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་ལ། གནམ་ཐང་ནས་ཀྱང་ཉེན་རྟོག་པ་ཚོས་སློབ་ཕྲུག་ཚོ་བཀག་ཉར་དང་སུན་པོ་བཟོ་བཞིན་འདུག གལ་སྲིད་གནམ་གྲུར་སྡོད་མ་ཐུབ་པ་ཡིན་ན། རྒྱལ་ས་ནས་རླངས་འཁོར་ནང་ཉིན་ཕྱེད་ཙམ་ལས་འགྲོ་ཐབས་ཡོད་པ་མ་རེད། དེ་ནས་རྐང་པ་བརྒྱབ་སྟེ་ཉིན་བཅུ་ཙམ་ལ་སོང་ན། གཞི་ནས་ཁྱིམ་དུ་བསླེབ་ཐུབ་ཀྱི་ཡོད། ཡིག་ཆ་མེད་པ་དེ་ང་ཚོའི་གཞིས་མིའི་དཀའ་ངལ་ཆེ་ཤོས་དེ་ཡིན། ཅེས་བརྗོད་སོང་།
གཞན། ཤར་ཁུམ་བུ་སྟོད་ཀྱི་གནའ་བོ་ཆེ་དང་། ཐང་སྨད་སོགས་སུ་ཁྱོན་བོད་པ་ ༡༤༠ ལས་ཡོད་ཚོད་མི་འདུག་ལ། དེ་དག་གི་འཚོ་བའི་རྟེན་གཞི་གཙོ་བོ། ལོ་རེའི་ཕྱི་ཟླ་ ༥ པ་ནས་ ༦ པ་དང་། ཕྱི་ཟླ་ ༩ པ་ནས་༡༠ བར་ཡུལ་སྐོར་སྤྲོ་འཆམ་པར་སྣེ་ལེན་བྱས་ཏེ་ཚོང་ཙག་ཙིག་རྒྱག་རྒྱུ་དང་། ཡུལ་སྐོར་བའི་ཅ་ལག་འོར་འདྲེན་གྱིས་གླ་བྱེད་རྒྱུ་སོགས་ཡིན་འདུག
ཡང་གསར་འགོད་པས་བགྲེས་སོང་ངེས་དོན་དབང་ཕྱུག་ལགས་སུ། ཤར་ཁུམ་བུ་ས་གནས་སུ་མི་མང་གི་བདེ་སྡུག་ལ་ལྟ་རྟོག་བྱེད་མཁན་ས་གནས་གཞིས་མགོ་སོགས་ཡོད་མེད་དང་། གལ་སྲིད་ཡོད་ན་བལ་ཡུལ་གཞུང་དང་འབྲེལ་བ་གནང་ཐུབ་ཀྱི་ཡོད་མེད་དྲིས་པར་ཁོང་གིས། ཤར་ཁུམ་བུ་དང་ར་ས་ཝ་སོགས་གཞིས་ཆགས་ཁག་གསུམ་ལ་གཞིས་མགོ་ལས་ཁུངས་གཅིག་ཡོད་པ་རེད། འོན་ཀྱང་ཁོང་ཚོ་བལ་ཡུལ་རྒྱལ་སར་བསྡད་ཡོད་དུས། ནམ་རྒྱུན་འབྲེལ་གཏུག་བྱ་རྒྱུར་དཀའ་ངལ་ཡོད་ལ། གཞིས་མགོ་ལོ་ན་ཆེན་པོ་ཡིན་སྟབས་ལོ་གཅིག་ལ་ཐེངས་གཅིག་ཀྱང་གཞིས་ཆགས་སུ་ཡོང་གི་ཡོད་པ་མ་རེད། ཁུམ་བུ་གཞིས་ཆགས་ཀྱིས་སྔོན་ཆད་ས་ཞིང་འདེབས་ཀྱི་ཡོད་ཀྱང་། ད་ལྟ་ཕ་མ་རྣམས་རྒན་འཁོགས་ཆགས་པ་དང་། ཕྲུ་གུ་ཚོས་ཀྱང་ས་ཞིང་འདེབས་ལས་ཐོག་དཀའ་ལས་རྒྱག་མཁན་ཡོད་པ་མ་རེད། ཅེས་བརྗོད་བྱུང་།
བོད་གཞུང་གིས་ཁུམ་བུ་གཞིས་ཆགས་ལ་རོགས་རམ་གནང་དགོས་པ་གང་དག་ཡོད་མེད་དྲིས་པར། གཞིས་ཆགས་ལ་བཟོ་གྲྭ་ཞིག་འཛུགས་ཐུབ་ན། མང་ཚོགས་ལ་འཚོ་བའི་རྟེན་གཞི་ཞིག་ཡོད་པ་རེད། འཚོ་བར་རྟེན་ས་ཡོད་ན་གཞིས་ཆགས་ཁ་འཐོར་ལ་འགྲོ་བ་མ་རེད། གཞིས་གྲོང་ལ་མཚོན་ན་མི་ཡོད་མཁན་རེ་ཟུང་མ་གཏོགས། ཁང་པ་མང་པོ་ཞིག་སྟོང་པར་ལྷག་འདུག ཕྲུ་གུ་སློབ་གྲྭར་འགྲོ་བར་འགྲོ་སོང་ཧ་ཅང་ཆེན་པོ་རེད། མཐོ་སློབ་སྐབས་ལོ་ལྟར་བལ་སྒོར་ཁྲི་མང་པོ་གཏོང་དགོས་པ་རེད། བོད་གཞུང་གིས་མི་འབོར་འཕེལ་རྒྱས་གཏོང་དགོས་ཞེས་ལབ་ཀྱི་ཡོད་ཀྱང་། མི་འབོར་འཕེལ་རྒྱས་མ་སོང་བ་དེ་འཚོ་བའི་དཀའ་ངལ་ལ་ཐུག་ཡོད་པ་རེད། མང་ཚོགས་ཀྱི་འཚོ་བར་དཀའ་ངལ་ཡོད་ན་ཕྲུ་གུ་སྐྱེ་རུ་འཇུག་གི་མ་རེད། གཞུང་གིས་དཀའ་ངལ་འདི་དག་གང་མགྱོགས་སེལ་ཐབས་ཤིག་མ་གནང་བ་ཡིན་ན། མ་འོངས་པའི་ལོ་བཅུ་གྲངས་ནང་གཞིས་ཆགས་འདི་རྩ་སྟོང་དུ་འགྲོ་རྒྱུ་ལས་ལྷག་མི་འདུག ཅེས་བརྗོད་སོང་།
ར་ས་ཝ་གཞིས་ཆགས་ཀྱི་བློ་བཟང་ཡར་འཕེལ་ལགས་ལ་ཁོང་ཅག་གི་གཞིས་ཆགས་གནས་སྟངས་གང་འདྲ་ཡོད་མེད་དྲིས་པའི་ལན་དུ། སྔོན་མ་ང་ཚོ་བཙན་བྱོལ་དུ་འབྱོར་མ་ཐག ང་ཚོའི་གཞིས་ཆགས་ནང་མི་གྲངས་མང་པོ་ཡོད་ལ། ས་ཞིང་ཡང་མང་པོ་ཡོད་པ་རེད། སྐབས་དེར་མི་མང་ཚོས་གང་མགྱོགས་ཕྱིར་བོད་དུ་ལོག་འགྲོ་གི་སྙམ་ཏེ་ཞིང་ཁར་དོ་སྣང་སྤྲད་ཡོད་པ་མ་རེད། དེ་ནས་རིམ་པས་བོད་མི་ཚོ་གཞིས་ཆགས་སུ་སྡོད་མ་ཐུབ་པར་ཁ་འཐོར་དུ་ཕྱིན་མགོ་བཙུགས་ཡོད། བལ་གཞུང་གིས་བོད་མིར་སྐྱབས་བཅོལ་ལག་དེབ་མ་སྤྲད་པའི་དབང་གིས། བོད་མིའི་འགྲོ་འདུག་དང་ཚོང་ལས་ཐོག་ཉིན་ལྟར་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག ཤེས་ཡོན་ལ་ཆ་བཞག་ན། ང་ཚོའི་གཞིས་ཆགས་ནང་ཁྱིམ་ཚང་གཅིག་ལ་སློབ་ཕྲུག་དགུ་ཡོད་མཁན་ཡང་ཡོད་པ་རེད། དེ་དག་ལ་བོད་གཞུང་གིས་རོགས་རམ་གནང་དགོས་ཀྱི་འདུག གཞིས་ཆགས་ལ་མི་གྲངས་ཉུང་བ་དང་འཚོ་བའང་སྐྱོི་བོ་ཡིན་པས་སེམས་ནང་ཧ་ཅང་མ་སྐྱིད་པ་ཡོང་གི་འདུག སྐབས་རེར་ས་མཚམས་ཀྱི་རྒྱ་ནག་བོད་རིགས་ལས་བྱེད་ཁ་ཤས་ཀྱིས། ཁྱེད་ཚོར་འཚོ་བའི་དཀའ་ངལ་འཕྲད་དགོས་དོན་ཡོད་པ་མ་རེད། དཀའ་ངལ་འཕྲད་ན་བོད་ལ་ཕྱིར་ལོག་ཤོག་ཅེས་ལབ་ཀྱི་འདུག མ་གཞི་ཁོང་ཚོའི་སེམས་པ་ཡག་པོ་ཡོད་མེད་མི་ཤེས་ཀྱང་། སྐད་ཆ་དེ་བཤད་ཡོང་སྐབས་སེམས་ནང་སྐྱོ་སྣང་ཡོང་གི་འདུག ཅེས་དང་།
གཞིས་ཆགས་ནང་གི་གཞོན་སྐྱེས་མང་པོ་ཞིག་འཚོ་གནས་སྐྱོ་བོ་དེའི་འོག་འདུག་འདོད་མེད་པར། ས་གཞན་ལ་འཁྱམས་ཏེ་ནང་དུ་ལོག་གི་མི་འདུག ལྷག་པར་དུ་བུ་མོ་ལོ་ཆུང་མང་པོ་ཞིག་བལ་ཡུལ་ཡུལ་མིའི་རྗེས་སུ་འགྲོ་བཞིན་འདུག འདི་ལྟར་ཕྱིན་ན་ནམ་ཞིག་གཞིས་ཆགས་དེར་བོད་མི་ཁེ་གཙང་གཅིག་ཀྱང་སྟོན་རྒྱུ་མེད་པ་ཆགས་རྒྱུ་རེད། བོད་གཞུང་གི་ངོས་ནས་གཞིས་ཆགས་འདིའི་བདེ་སྡུག་ལ་ངེས་པར་དུ་གཟིགས་རྟོག་གནང་དགོས་ཀྱི་འདུག ཅེས་བརྗོད་བྱུང་།
གསར་འགོད་པ། དཔལ་ལྡན།
བལ་ཡུལ་གྱི་བོད་མི་ཚོའི་གནས་སྟངས་ཅི་འདྲ་སྐྱོ་བོ་ཡིན་ཡང་དེ་ལ་བདག་པོ་རྒྱག་མཁན་མི་འདུག དབང་ཆ་ཡོད་ཚད་བོད་པ་་ཕྱུག་པོ་ཚོའི་ལག་ན་ཡོད་པས་ཁོ་ཚོའི་ཐོག་བརྩེགས་ཁང་ཁྱིམ་དག་ལ་བར་ཆད་མ་བྱུང་ན། བོད་་པ་སྤྱི་དང་ཁྱད་པར་དུ་མི་མང་ལ་ཐུགས་ཁུར་གནང་མཁན་མི་འདུག་ལ་འཇོན་མཁན་ཡང་མི་འདུག
རེད། འུ་ཚོ་ཚང་མས་དཀའ་ངལ་མྱངས་ནས་ལག་ཆགས་པ་དང་། རྒས་པ། འཆི་རྒྱུ་རེད་ཟེར་ཆོག་གི་རེད། བཙན་བྱོལ་དུ་འབྱོར་བའི་འུ་ཚོའི་མི་ཐོག་རྒན་པ་དག་གི་དཀའ་ངལ་དེ་ལས་ཀྱང་ཚབས་ཆེ་བ་རེད། ད་ལྟ་ལོ་༨༠ནང་ཡིན་པའི་ངས་ངོ་ཤེས་སྐྱིད་གྲོང་གི་སྤོ་ལགས་ཤིག་ཡོད། ཁོང་ལ་དཀའ་ངལ་འཕྲད་པའི་གནས་ཚུལ་དེ་དག་ནི་ངོ་མ་ཧ་ལས་པ་ཞིག་རེད། འདི་དག་ཚང་མ་སུས་བཟོས་པ་རེད། ཧ་གོ་དགོས་པ་རེད།
ངོ་མ་འདི་འདྲ་བཤད་ཡོང་དུས་སེམས་སྐྱོ་ནི་ཞིག་རེད་ཡ། ང་ཚོའི་སྔོན་མ་ཡང་འདི་འདྲ་བྱས་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱ་གར་ཕྱོགས་ནས་ལ་དྭགས་དང་། ཁུ་ནུའུ། ཀར་ཤྰ། མོན་ཡུལ། པདྨ་བཀོད་པ། ད་ལྟ་རྒྱ་གར་ཁམས་ཟེར་བ་དེ་ཚོ་བོད་རིགས་རེད། བལ་ཡུལ་ལ་མཚོན་ན་ཤར་བ་དང་། རྟ་དམག ཡོལ་མོ། མུ་གུམ། ཀརྨ་རོང་པ། ནས་ཤང་། ནུབ་རི། སླི་མེ། དོལ་པོ་སོགས་ཡུལ་ལུང་ཧ་ཅང་མང་པོ་ཞིག་ང་ཚོ་ཤར་དག་ཁ་འཐོར་སོང་བ་ཞིག་རེད།
ད་ལྟ་འགྲིག་འཛུགས་ཕྱོགས་ལ་ཁག་ཡོད་རྒྱུ་མ་རེད་ང་ཚོ་མའི་ལུང་པ་ཞིག་ལ་འདུག་ནས་ཁྱིམ་གཞི་གསར་བ་ཞིག་བཟུང་བ་ནང་བཞིན་དཀའ་ངལ་ཡོད་བཞིན་པ་རེད་ལ།
མགོ་ནས་འགྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་སྤྱི་འཐུས་རྣམས་ཀྱི་དབུ་ཁྲིད་ནས་གཞུང་ཞབས་ལས་བྱེད་ཚོའི་ངོས་ནས་ཡང་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་རྒྱུ་གལ་ཆེན་པོ་རེད། དེ་སྔ་ཟམ་གདོང་བླ་མ་དང་ཆོས་རིགས་བཀའ་བློན་ཚེ་རིང་ཕུན་ཚོགས་གཉིས་ལྟ་བུ་ཞིག་ཡིན་ན་ཆོས་བརྒྱུད་ཀྱི་ཞེན་པ་གི་གྲོད་ཁོག་ལྦོས་དེ་བཟི་སོང་ནས་ད་ལྟ་བར་འདི་ཚོའི་རིགས་སྤྱན་ཟིར་ཙམ་གྱི་མཐོང་མྱོང་ཡོད་ནི་མ་རེད།།
མ་འོངས་པ་གཞོན་སྐྱེས་ཚོའི་མ་འཆུག་རོགས་ཞུ། བོད་རྒྱལ་ལོ། བདེ་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག།
ཨ་ཨ་ངོ་མ་ཛ་དྲག་རེད། ད་ནི་བོད་པའི་གཞུང་སྒེར་སུ་ཡིན་ཀྱང་དོན་སྣང་ཆེན་པོས་ལས་འགུལ་སྣ་མང་ཞིག་མ་སྤེལ་ཚེ་མཐའ་མཚམས་ཁག་དང་བོད་མི་ཁ་འཐོར་མགྱོགས་མྱུར་ཤེི་རྒྱ་རེད། ཨི་ཚར་བའི་རྗེས་ལ་མི་རིགས་ཀྱི་རྩོད་ལེན་གང་དུ་བྱེད་རྒྱུ། སོམས་ཤིག སོམས་ཤིག
ཡ་ད་འུ་ཚང་གི་དུས་རབས་གསར་བའི་དབུ་ཁྲིད་གསར་བ་རྣམས་ལ་ཕྱག་ལས་
ཡག་པོ་ཞིག་ཕུལ་འདུག་ག་དངོས་གནས་རྒན་པོ་དེ་གཉིས་ཀྱི་བཀའ་མོལ་ལ་
ཉན་ན་སེམས་རྨོངས་བ་ཞིག་རེད་ད་བཀའ་ཁྲི་བློ་བཟང་སེང་གེ་ལགས་ནས་རང་མགོ་རང་ཐོན་གི་ལུས་གཞི་ག་དུས་དབུ་འཛུགས་པར་སྒུག་ན་རེ་བ་ཡོད་བ་རེད།།
ཧ་ཅང་གལ་འགང་དང་རིན་ཐང་ཆེ་བའི་གཅར་འདྲི་རེད། ཐུགས་རྗེ་ཆེ་དུས་བབ་གསར་འགོད་པ་རྣམ་པ། བཀྲ་ཤིས་བདེ་ལེགས།