མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་བདག་ཆུ་བདག་གཡོག་པོར་ཉར་བ་འདི་ཡག་པོ་མ་རེད།

བོད་ཀྱི་དུས་བབ།
༢༠༡༡/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp


ཕྱི་ཟླ་
༦ པའི་ཚེས་ ༡༢ ཉིན་ནི་རྒྱལ་སྤྱིའི་བྱིས་པའི་ངལ་རྩོལ་ངོ་རྒོལ་གྱི་ཉིན་མོ་ཡིན་ཞིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་ལ་མཚོན་ན་ཡང་ཉིན་མོ་འདིའི་གླེང་གཞི་ཞིག་གམ། ངོ་རྒོལ་བྱེད་ཡུལ་ཞིག་ཏུ་མི་འཇོག་ག་མེད་ཡིན། རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་གྲོང་ཁག་དང་ལྡི་ལི་བོད་སྒར། ངྷ་རམ་ས་ལ་སོགས་ཀྱི་བོད་པའི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་། ཐ་ན་ནང་གི་བྱིས་པར་ལྟ་སྐྱོང་བྱེད་མཁན་ལའང་རྒྱ་གར་བའི་གཡོག་པོ་ཉར་ཀྱི་ཡོད་ལ། དེ་བཞིན། ངྷ་རམ་ས་ལའི་རྒྱ་གར་བའི་ཚོང་ཁང་དང་ཟ་ཁང་འགའ་རེའི་ནང་། གླ་དངུལ་ཧ་ཅང་དམའ་བོའི་ཐོག་བོད་མི་གསར་འབྱོར་བ་གཡོག་པོར་ཉར་ཡོད་པའང་མི་ཉུང་བ་ཞིག་ཡོད་པར་བརྟེན། ངྷ་རམ་ས་ལ་ནི་ཉིན་མོ་འདིའི་ནག་ཉེས་ཆེ་གྲས་ཀྱི་ས་ཁུལ་ཞིག་ཏུ་བགྲང་ཆོག 

ན་ཚོད་མ་སྨིན་པའི་བྱིས་པ་གཡོག་ལ་བཀོལ་བ་དང་། དུས་ཚོད་ཚད་ལས་བརྒལ་བའི་ལས་ཀར་བཀོལ་བ། གླ་དངུལ་ཚད་ལྡན་མི་སྤྲོད་པ། ངལ་རྩོལ་བྱེད་མཁན་དང་ངལ་རྩོལ་ལས་ཀའི་ལྕི་བབ་དོ་མཉམ་མིན་པ། ངལ་རྩོལ་བར་མནར་གཅོད་གཏོང་བ་སོགས་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་ངལ་རྩོལ་ཁྲིམས་གཞི་དང་། ཡུལ་ལུང་སོ་སོའི་རྩ་ཁྲིམས་དང་བཅའ་ཁྲིམས་ལ་ཡང་རྩ་འགལ་དུ་སོང་ཡོད། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། གཡོག་པོ་དང་བདག་པོའི་བར་ནས་དོན་དག་མང་པོ་ཞིག་འབྱུང་བཞིན་ཡོད་ཅིང་། དེ་ནི་བདག་པོས་གཡོག་པོར་བཙན་གཡེམ་བྱེད་པ་དང་། གཡོག་པོས་བདག་པོའི་དངུལ་དངོས་རྐུ་འཁྱེར་བྱེད་པ། གཡོག་པོ་འཚར་ལོངས་བྱུང་སྐབས་བདག་པོ་ལ་འཁོན་ལན་སློག་སྟེ་སྤྱི་ཚོགས་གཉིས་བར་འགལ་ཟླ་བཟོ་བ་སོགས་ཀྱི་གནས་ཚུལ་མང་པོ་ཞིག་ཡོང་གི་ཡོད།

བྱ་སྤྱོད་འདི་རིགས་ཐད་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ས་གནས་མགོ་འཛིན་ཁག་བརྒྱུད་དེ། མི་མང་ལ་འབོད་སྐུལ་ཡང་ཡང་ཞུས་ཡོད་ལ། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་དུའང་གླེང་སློང་བསྟུད་མུར་བྱུང་ཡོད། དེ་བཞིན། ངྷ་ས་ཁུལ་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཅིག་གིས་ཀྱང་ལོ་ལྟར་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་ཀྱང་། སྣང་ཚུལ་འདི་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མེད་པར། སྒེར་སེམས་ཆེ་བའི་བོད་མི་བཙན་བྱོལ་བ་འགའ་རེ་དང་། སྙིང་རྗེ་བྲལ་བའི་རྒྱ་གར་ཚོབ་ལས་པ་རེ་ཟུང་གིས་སྔར་བཞིན་མི་ཆོས་ཀུན་སྤྱོད་དང་འགལ་བའི་བྱ་སྤྱོད་འདི་རིགས་ལག་བསྟར་བྱེད་བཞིན་ཡོད།  

ད་ལོའི་རྒྱལ་སྤྱིའི་བྱིས་པའི་ངལ་རྩོལ་ངོ་རྒོལ་ཉིན་མོ་དང་བསྟུན་ཏེ། སུད་སིར་བརྟན་གཞི་བྱས་པའི་༼ འགྲོ་བ་མིའི་གོམ་སྟབས༽ ཚོགས་པའི་ངྷ་རམ་ས་ལའི་ཡན་ལག་འབྲེལ་མཐུད་པ་འཕྲིན་ལས་ལགས་ཀྱིས་བསྒྲགས་ཡིག་ཅིག་འགྲེམས་སྤེལ་བྱས་པའི་ནང་། “ བོད་མི་ཚོས་རྒྱ་གར་གྱི་བྱིས་པ་གཡོག་ཏུ་ཉར་ཡོད་པ་འདི་དག་ལ་ཟླ་རེར་ཧིན་སྒོར་ ༡༠༠༠ རེའང་རག་གི་མེད་པ་དང་། ནངས་སྔ་མོ་ནས་མཚན་གུང་བར་ལས་ཀ་བྱེད་ཀྱིན་ཡོད། བྱིས་པ་འདི་དག་ལས་མང་ཆེ་བ་རང་ལོ་ ༡༥ སོན་མེད་པ་རྐྱང་རེད། དེ་བཞིན། བོད་པས་བོད་པ་གཡོག་ལ་བཀོལ་བ་དང་རྒྱ་གར་བས་བོད་མི་གསར་འབྱོར་བ་ཡོག་ལ་བཀོལ་གྱི་ཡོད་པ་མང་པོ་ཞིག་ལ་ཟླ་རེར་ཧིན་སྒོར་ ༢༥༠༠ ལས་ལྷག་རག་གི་མེད་པ་མ་ཟད། གུང་གསེང་ཡང་མེད་པར་ཉིན་རེར་ཆུ་ཚོད་ ༩ ལས་ལྷག་པར་ལས་ཀ་བྱེད་ཀྱི་ཡོད ” ཅེས་བཀོད་འདུག

ན་མ་སོན་པའི་བྱིས་པ་གཡོག་ལ་བཀོལ་མི་ཆོག་པའི་ཁྲིམས་ཡིག་ཁག་ནང་འདི་ལྟར་བཀོད་འདུག ༼ རྒྱལ་སྤྱིའི་བྱིས་པའི་ཐོབ་ཐང་གི་ཆིངས་ཡིག ༽ཞེས་པའི་ནང་། “དཔལ་འབྱོར་བཤུ་གཞོག་དང་གནོད་ཚབས་ཆེ་བའི་ལས་ཀར་ཞུགས་པའམ་ལས་ཀ་དེས་བྱིས་པའི་སློབ་སྦྱོང་ལ་གནོད་སྐྱེལ་བ། བྱིས་པའི་འཕྲོད་བསྟེན་དང་། ཡང་ན་ལུས་དང་སེམས། ཆོས་ཀུན་སྤྱོད། སྤྱི་ཚོགས་འཚར་འཚར་ལོངས་བཅས་ལ་གནོད་པའི་ལས་གནས་རྣམས་ལས་སྲུང་སྐྱོབ་བྱ་དགོས་པའི་ཐོབ་ཐང་བྱིས་པར་ཡོད་པ་རྒྱལ་སྤྱིའི་ཚོགས་མི་རྣམས་ཀྱིས་ངོས་འཛིན་བྱེད” ཅེས་བཀོད་འདུག ཡང་༼ རྒྱ་གར་གྱི་རྩ་ཁྲིམས ༽ནང་འདི་ལྟར་བཀོད་འདུག “རང་ལོ་ ༡༤ མ་སོན་པའི་བྱིས་པ་གཅིག་ཀྱང་བཟོ་གྲྭ་དང་གཏེར་ཁ་སྔོག་འདོན། ཡང་ན། གནོད་ཚབས་ཆེ་བའི་ལས་རིགས་གང་དུའང་བཀོལ་མི་ཆོག” ཅེས་དང་། ༼ གཞོན་ནུའི་དྲང་བདེན་གྱི་གསོ་སྐྱོང་དང་སྲུང་སྐྱོབ་ཁྲིམས་ཡིག ༽ ཅེས་པའི་ནང་། “མི་སུ་ཞིག་གིས་དངོས་སུ་བྱིས་པ་ཞིག་གམ་གཞོན་སྐྱེས་ཤིག་ལ་གནོད་ཚབས་ཆེ་བའི་ལས་ཀར་བཀོལ་ཆེད་བསླུ་བྲིད་གཏོང་བ་དང་ཚེ་གཡོག་ཏུ་ཉར་བ། གཞོན་སྐྱེས་དེའི་གླ་དངུལ་རྣམས་མི་སྤྱོད་པའམ་ཡང་ན་རང་གི་དམིགས་བྱའི་ཆེད་དུ་བཀོལ་ཚེ། མི་དེ་ཉིད་ལ་ལོ་ངོ་ ༣ གྱི་བཙོན་འཇུག་ཁྲིམས་ཆད་གཅོད་དགོས་པ་མ་ཟད། དཔལ་འབྱོར་ཉེས་ཆད་ཀྱང་གཅོད་ཆོག” ཅེས་བཀོད་འདུག

ཡང་རྒྱ་གར་ནང་གི་ལས་ཀའི་གླ་དངུལ་དང་གུང་སེང་སྤྲོད་ཕྱོགས་སྐོར་ལ། ༼ གླ་དངུལ་ཆེས་ཉུང་བའི་ཁྲིམས་ཡིག ༽ ཅེས་པའི་ནང་། “ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ནས་བཟུང་རྒྱལ་ཡོངས་ཀྱི་ཆེས་དམའ་བའི་གླ་ཕོགས་ཉིན་རེར་ཧིན་སྒོར་ ༡༡༥ ལ་སྤར་ཡོད” ཅེས་དང་། ཁྲིམས་ཡིག་ཐོ་གཞུང་རེའུ་མིག་ནང་། “ཟ་ཁང་དང་མགྲོན་ཁང་གི་ལག་རྩལ་གང་ཡང་མེད་པའི་གླ་བྱེད་པར་ཡང་ཉིན་རེར་ཧིན་སྒོར་ ༡༢༠ སྤྲོད་དགོས” ཞེས་བཀོད་འདུག ༼ བདུན་རེའི་གུང་གསེང་གི་ཁྲིམས་ཡིག ༽ ཞེས་པའི་ནང་། “ ཚོང་ཁང་དང་ཟ་ཁང་། ཟློས་གར་ཁང་བཅས་སུ་གསང་བའི་ཐོབ་ཐང་དང་། ཡང་ན་འཛིན་སྐྱོང་གི་གོ་གནས་ཡོད་མཁན་མ་ཡིན་པའི་ལས་མི་ཚང་མར་བདུན་ཕྲག་གཅིག་གི་ནང་དུ་ཉིན་ཆ་ཚང་བ་གཅིག་གི་གུང་གསེང་ཡོད་དགོས་པ་དང་། དེའི་སྟེང་དུ་ཉིན་ཕྱེད་ཀ་ཞིག་ལ་སྒོ་རྒྱག་པའམ་གུང་གསེང་གཏོང་དགོས། ཁྲིམས་ཡིག་འདིས་ཁྱབ་པའི་ལས་ཀ་བ་རྣམས་ཀྱིས་ངལ་གསོས་པ་དང་། གུང་གསེང་བཏང་བ་བཅས་ལ་བརྟན་ཏེ་གླ་ཕོགས་གཅོག་པ་དང་ཉུང་དུ་གཏོང་བ་སོགས་བྱེད་མི་ཆོག དེ་བཞིན། བཟོ་གྲྭའི་ལས་བཟོ་བ་དག་ཀྱང་བདུན་ཕྲག་གཅིག་ལ་ཆུ་ཚོད་ ༤༨ ལས་ལྷག་པའི་ལས་ཀར་བཀོལ་མི་ཆོག ” ཅེས་བཀོད་འདུག 

འདི་ལོའི་རྒྱལ་སྤྱིའི་བྱིས་པའི་ངལ་རྩོལ་ངོ་རྒོལ་ཉིན་མོ་དང་བསྟུན་ཏེ། འགྲོ་བ་མའི་གོམ་སྟབས་ཚོགས་པའི་འབྲེལ་མཐུད་པ་འཕྲིན་ལས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་ཚོགས་པ་དེའི་དམིགས་ཡུལ་སྐོར་བརྗོད་དོན། ང་ཚོའི་ཚོགས་པ་འདིའི་ལྟེ་བ་སུད་སིར་བརྟན་གཞི་བྱས་ཡོད་པ་རེད། རྒྱ་གར་ངྷ་རམ་ས་ལར་ཚོགས་པའི་འབྲེལ་མཐུད་པ་འཇོག་དགོས་པའི་རྒྱུ་མཚན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱ་གར་གྱི་བྱིས་པ་ལོ་ན་མ་སོན་པ་མང་པོ་ཞིག་གཡོག་པོར་ཉར་ཏེ། བྱིས་པ་དེ་དག་གི་སློབ་སྦྱོང་གོ་སྐབས་འཆོར་བཞིན་ཡོད་པ་མ་ཟད། མི་ཚེ་ཡང་འཕྲོ་བརླག་ཏུ་འགྲོ་བཞིན་ཡོད་པ་དེ་ནི། རྒྱལ་སྤྱིའི་ཁྲིམས་ལགས་དང་རྒྱ་གར་གྱི་རྩ་ཁྲིམས་གཉིས་ཀར་འགལ་ཡོད་པ་རེད། ཅེས་བརྗོད་བྱུང་། ཡང་ཁོང་ལ་རྒྱ་གར་གྱི་ས་གནས་རེ་ཟུང་ནང་གྲང་ལྟོགས་ཀྱི་འཆི་བཞིན་པ་མང་པོ་ཞིག་ཡོང་གི་ཡོད་པ་རེད། ས་ཁུལ་དེ་དག་གི་བྱིས་པ་ཚོ་བོད་མིས་གཡོག་ལ་ཉར་ཏེ་ལྟོ་རྒྱབ་སྤྲོད་ཀྱི་ཡོད་པ་མ་ཟད། གླ་དངུལ་ཡང་གང་འཚམ་ཞིག་སྤྲོད་ཀྱི་ཡོད་སྟབས། དེ་ལ་ཁྲིམས་ཐོག་ནས་ངོས་འཛིན་གང་འདྲ་ཡོད་དམ་ཞེས་དྲིས་པར། ལྡི་ལི་དང་ངྷ་རམ་ས་ལ་ཁུལ་གྱི་རྒྱ་གར་གཡོག་པོ་མང་པོ་ཞིག་རྡོ་རྗེ་གདན་གྱི་ཉེ་འཁོར་བྷེ་ཧར་མངའ་སྡེ་(Bihar) འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བའི་ས་ཁུལ་ནས་འཁྲིད་ཡོང་བ་དངོས་ཡོད་རེད། འོན་ཀྱང་། ང་ཚོའི་ཚོགས་པའི་ངོས་ནས། བྱིས་པ་དེ་དག་གི་ནང་མིར་གྲོས་བསྡུར་བྱས་ཏེ། ཁོང་ཚོ་མོས་མཐུན་བྱུང་ན། ང་ཚོས་བྱིས་པ་དེ་དག་རྒྱ་གར་ཝ་ར་ནཱ་སི་རུ་(Alice project) ཞེས་པའི་སློབ་གྲྭ་ཞིག་ཡོད་པ་དེར་གཏོང་གི་ཡོད་པ་མ་ཟད། བྱིས་པ་དེ་ལ་གླ་དངུལ་ག་ཚོད་འབབ་ཀྱི་ཡོད་ན། དངུལ་དེ་དག་ང་ཚོའི་ཚོགས་པའི་ངོས་ནས་བྱིས་པའི་ནང་མི་ལ་སྤྲོད་རྒྱུ་ཡིན་ཟེར་གྱི་ཡོད། མི་ཆོས་ཀུན་སྤྱོད་ཀྱི་ཐད་ནས་ཀྱང་སྐྱབས་བཅོལ་བ་ཞིག་གིས་ས་བདག་ཆུ་བདག་གཡོག་པོར་ཉར་ཏེ་མནར་གཅོད་གཏོང་བ་འདི་ཡག་པོ་མ་རེད། ཅེས་བརྗོད་བྱུང་།

གསར་འགོད་པས་ཁོང་ལ། རྒྱ་གར་བའི་གཡོག་པོ་ཉར་ཡོད་པའི་བོད་པའི་མི་ཚང་དག་ལ་དངོས་སུ་ཕྱིན་ཏེ་སློབ་གསོ་བཏང་མྱོང་ཡོད་མེད་དྲིས་པར་འཕྲིན་ལས་ལགས་ཀྱིས་ལན་བསྐྱོན་དོན། ང་རང་ ༢༠༠༩ ལོར་ཚོགས་པ་འདིའི་ཁོངས་སུ་ཞུགས་པ་ཡིན། ད་བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཞིབ་འཇུག་བྱས་ཤིང་། ཞོར་དུ་མང་ཚོགས་ལ་གོ་རྟོགས་སྤེལ་བ་དང་ཟབ་སྦྱོང་སྤྲད་པ། ཡིག་ཆ་བཀྲམས་པ་སོགས་ཀྱི་ལས་ཀ་བྱས་པ་ཡིན། ཞིབ་འཇུག་གི་བརྒྱུད་རིམ་ཁྲོད་དཀའ་ངལ་མང་པོ་འཕྲད་ཀྱི་འདུག མང་ཚོགས་ལ་སློབ་གསོ་གཏོང་སྐབས་མི་རེ་ཟུང་གིས་སློབ་གསོར་ཉན་རྒྱུ་ཕར་ཞོག་རྣམ་འགྱུར་མི་ལེགས་པ་སྟོན་གྱི་འདུག ང་ལ་ཁ་པར་ཡོང་མཁན་ཡང་བྱུང་སོང་། རྒྱ་གར་བ་གཡོག་པོར་ཉར་མཁན་མང་ཤོས་དེ་ལྡི་ལི་བོད་སྒར་རེད། དགོན་པ་ཁག་གི་མགྲོན་ཁང་དང་ཟ་ཁང་ཚང་མའི་ནང་རྒྱ་གར་གྱི་བྱིས་པ་གཡོག་པོར་ཉར་འདུག དེ་ནས་ངྷ་རམ་ས་ལ་དང་རྡེ་ར་རྡུན་སོགས་རེད། ཅེས་བརྗོད་བྱུང་།

ཡང་ཁོང་ལ་ངྷ་རམ་ས་ལ་ཁུལ་དུ་རྒྱ་གར་བས་བོད་པ་གཡོག་པོར་ཉར་གྱི་ཡོད་པ་དང་། གླ་ཕོགས་ཚད་ལྡན་སྤྲོད་ཀྱི་མེད་པའི་གནས་སྟངས་ཀྱང་མི་ཉུང་བ་ཞིག་ཡོད་སྟབས། འདིའི་སྐོར་ལ་རྒྱུས་མངའ་ཡོད་མེད་དྲིས་པར་ཁོང་གིས། འདིའི་སྐོར་ལའང་ང་ཚོས་བསམ་བློ་གཏོང་གི་ཡོད། ངྷ་རམ་ས་ལའི་ལས་ཀ་བྱེད་མཁན་མང་པོ་ཞིག་ལ་གཟའ་མཇུག་གི་གུང་གསེང་མེད་པ་དང་། གླ་ཕོགས་ཚད་ལྡན་མིན་པོ་དངོས་ཡོད་རེད། རྒྱ་གར་གྱི་ཁྲིམས་ལུགས་ལྟར་ན། ཧི་མ་ཅལ་མངའ་ཁོངས་སུ་ཉིན་གཅིག་ལ་ཉུང་མཐར་ཧིན་སྒོར་ ༡༢༠ སྤྲོད་དགོས་པ་རེད། འོན་ཀྱང་ངྷ་རམ་ས་ལ་ཁུལ་རྒྱ་གར་ཟ་ཁང་དང་ཚོང་ལས་སྡེ་ཚན་རིགས་ལ་ལས་ཀ་བྱེད་ཀྱི་ཡོད་པ་མང་ཆེ་བ་ཉིན་ཕྱེད་ལྟ་བུ་རེད། ཅེས་བརྗོད་བྱུང་། མཇུག་ཏུ་ཁོས་ང་ཚོ་བཀའ་ཤག་ལ་ཐེངས་མང་པོར་བཅར་བ་ཡིན། འོན་ཀྱང་། ང་ཚོའི་ལས་དོན་ལ་རྒྱབ་སྐྱོར་ཡོད་ཟེར་བ་ཙམ་ལས་ཁ་ཡོད་ལག་ཡོད་ཀྱི་མཉམ་རུབ་ཅིག་གནང་མ་སོང་། ང་ཚོའི་རེ་བར་གཞུང་གི་ངོས་ནས་སྲིད་བྱུས་རང་བཞིན་གྱི་ཁྲིམས་སྒྲིག་ཅིག་ལག་བསྟར་བྱ་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོངས་ས་རེད་དྲན་ཡོད། ཅེས་བརྗོད་བྱུང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

 

འབྲེལ་ཡོད་གསར་འགྱུར།

དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

ཆུ་ཚོད་ ༡༧ སྔོན་ལ།
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡

མཆན། 11

  1. ཕྱུགས་རྫི says:
    ལོ་ 15 སྔོན།

    དེང་སང་གཡོག་པོ་ཉར་མཁན་ཉུང་ཉུང་མིན་པས་སྦྱིན་བདག་རྣམས་པས་ཐུགས་སྣང་གནང་དགོས་པ་ཤིན་ཏུ་གལ་ཆེ། ཐུགས་སྣང་གནང་རོགས་ཞེས་འབོད་བསྐུལ་ཞུ་སྐབས་གཞན་འགའ་རེས་ལབ་མཁན་ཁོ་རང་མི་འགྲིག་ཚུར་མང་པོ་བཤད་མཁན་གྱི་རིགས་དེ་ལ་རྒྱལ་སྤྱི་དང་སྤྱི་ཚོགས་གང་ལ་མི་ལྟོས་པའི་མི་བུ་སྒེར་སེམས་ཅན་ཞེས་འབོད་ཀྱི་ཡོད།

    Reply
  2. གསར་འབྱོར། says:
    ལོ་ 15 སྔོན།

    སྐུ་ཞབས་ཕུན་ཚོགས་ལགས་ཀྱིས་སྒྲུབ་བཞིན་པའི་ལས་དོན་འདི་དངོས་གནས་དོན་དང་ལྡན་པ་ཞིག་རེད། བོད་མི་ཚོས་ག་དུས་ཡིན་ཡང་ཁ་ནས་རྒྱ་དམར་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་གི་འདུག་ཅེས་བཤད་ཀྱི་ཡོད་ནའང་དོན་དངོས་ཐོག་རང་ཉིད་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩུ་བཀུར་མ་བྱས་པ་ཡིན་ན་འདིས་རྒྱལ་སྤྱིའི་མི་མང་ལ་ཅི་ཞིག་གསལ་བྱེད་བཤད་ཀྱི་ཡོད་དམ། འདིས་ཕྱོགས་གཅིག་ནས་བོད་མི་རྣམས་ཤེས་ལྡན་པ་ཁ་གཅིག་གི་རྗེས་སུ་གཡམ་རྒྱུག་བྱེད་བཞིན་པ་ལས་དོན་དངོས་ཐོག་འགྲོ་བ་མིའི་ཐོབ་ཐང་དགོས་ཤེས་སྐད་འབོད་བྱེད་བཞིན་པའི་མི་མང་འདི་དག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཤེས་རྟོག་མེད་པ་དང་། ཡང་ཕྱོགས་གཅིག་ནས་བོད་མིས་རྩོད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་འདི་ནི་ཆབ་སྲིད་ཀྱི་གཡོ་ཅུས་ཤིག་ལས་དོན་དངོས་ཐོག་མིའི་རིགས་ཀྱི་གཞི་རྩའི་ཐོབ་ཐང་ཞིག་རྩོད་ཀྱི་མེད་པ་གསལ་བོ་རེད།
    རྒྱ་བོད་ཕྱོགས་གཉིས་ཆ་ནས་འདི་ལྟར་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་གཏོང་བཞིན་ཁ་ནས་ཐོབ་ཐང་དགོས་ཡོད་ཅེས་སྒྲོག་བཞིན་པ་ནི་ཆབ་སྲིད་ཀྱི་གཡོ་ཅུས་ཤིག་ལས་མིིའི་རིགས་ཀྱི་གཞི་རྩིའི་བདེ་དོན་ལ་སེམས་འཁུར་དང་ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་ཀྱི་མེད་པ་ཧ་ཅང་གསལ་བོ་རེད། གལ་སྲིད་འདི་ལྟར་བོད་གཞུང་མང་གཉིས་ནས་གནད་དོན་འདི་དག་སྣང་མེད་དུ་བཏང་བ་ཡིན་ན་འཇ༹མ་གླིང་གི་མིག་ནང་ནས་བོད་མིིའི་རིན་ཐང་བརླག་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་རེད་དྲེན་གྱི་འདུག་པས་སྐུ་ཞབས་འཕྲིན་ལས་ལགས་ཀྱིས་སྒྲུབ་བཞིན་པའི་རླབས་ཆེན་གྱི་བྱ་བཞག་འདི་ལེགས་འགྲུབ་ཡོང་བའི་སྨོན་འདུན་སྙིང་ནས་ཞུ།

    Reply
  3. བརྩོན་རྒྱམ། says:
    ལོ་ 15 སྔོན།

    གང་ལྟར་འདི་འདྲ་བྱས་ནས་མི་མཐུད་དུ་སོང་ན་བོད་པ་ཁ་ཤས་ཞིག་གི་བྱིས་པ་ལས་དཀར་བཀོད་ཀྱི་ཡོད་པ་དངོས་ཡོད་རེད།   བྱིས་པ་དེ་ཚོའི་ནང་མི་སྐྱོ་བོ་ཡིན་པ་དངོས་ཡོད་རེད་དེ་ལ་བསམ་ཞིག་བཏང་ནས་གླ་ཆ་ཡག་པོ་སྤྲོད་དགོས་པ་འུ་ཚོ་བོད་མི་ཞིག་ཡིན་པ་མ་བརྗེད་པ་བྱེད་རྒྱུ་གལ་ཆེ།    གོང་བཀོད་ལྟར་བྱིས་པ་གཉིས་སློབ་གྲྭར་སྐྱར་གཅིག་ལ་ལས་དཀའ་བྱེད་བཅུག་པ་སོགས་ངོ་མ་ཡག་པོ་རེད་གཙོ་བོ་མི་ཚང་རང་ཉིད་ཀྱི་དངོས་ནས་ལས་རྒྱུ་འབྲས་ཀྱི་ངང་ནས་ལས་དཀའ་ལ་བཀོད་རྒྱུ་གལ་ཆེན་རེད།

    Reply
  4. འཇམ་གྲགས says:
    ལོ་ 15 སྔོན།

    གང་ལྟར་མིག་ཤེལ་ཅན་དེ་མི་རྣ་བ་འགྲོ་བོ་ཅིག་ཆོན་ནས་མི་འདུག

    Reply
  5. འཕྲིན་ལས says:
    ལོ་ 15 སྔོན།

    བལྟས་ཚོད་ཀྱིས་གླེན་བུ་ལུག་ཅེས་པ་ཁྱོས་རང་ཉིད་ལ་མིང་བཏགས་པ་ནོར་མི་འདུག ང་རང་གིས་བཙན་བྱོལ་སྤྱི་ཚོགས་ཀྱིས་ངལ་རྩོལ་ལ་ཞིབ་འཇུག་བྱས་ཏེ་མི་ལོ་གཉིས་ཕྱིན་ཡོད་ལ། དེའི་ནང་དུ་ཚེ་གཡོག་ལྟ་བུའི་གནས་སྟངས་ཀྱི་འོག་ཏུ་འཚོ་བཞིན་པའི་བྱིས་པ་བརྒྱ་ལས་ལྷག་པ་ཞིག་ལ་བཅར་འདྲི་དང་རྒྱུས་ལོན་བྱས་ཡོད། མི་རྣམས་ཀྱིས་ངོས་འཛིན་བྱེད་སྟངས་ལ་འགྱུར་བ་སོང་སྟེ་བྱིས་པ་རྣམས་ལ་སྡུག་ལས་སྤྲོད་མཁན་བོད་པ་རྣམས་ཀྱི་ནང་དུ་ཧ་ཅང་ཉུང་རྒྱུ་རེད་ཟེར། ཉུང་རྒྱུ་རེད། ཤེས་མདོག་བྱེད་མཁན་མང་པོ་ཞིག་དང་འདྲ་བར་ཚོད་དཔག་ཡག་པོ་ཞིག་བྱས་འདུག ཁྱོད་རང་ལྡི་ལེ་མན་ཇེ་ཊེ་ལར་སོང་མྱོང་ངམ། ཁྱོས་ང་ལ་ཤོད་དང་། བྱིས་པ་གཡོག་ཏུ་ཉར་མེད་པའི་མགྲོན་ཁང་གཅིག་གི་མིང་བཤད་རྒྱུ་ཡོད་དམ། ཁྱོད་ལྟ་བུའི་མིག་ལྡན་ལོང་བ་དག་གིས་སྐད་ཆ་བཤད་སྟངས་འདི་འདྲ་ཞིག་རེད། ཁྱོད་ལོང་བ་དག་གི་ཁ་རུ་ཐོགས་པའི་འགྲོ་བ་མིའི་ཐོབ་ཐང་ཞེས་པ་ཅི་ཞིག་ཡིན་ཨེ་ཤེས། ཁྱོད་ཀྱིས་གནས་ཚང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་བཀོད་པའི་ངལ་རྩོལ་གྱི་དོན་ཚན་དེ་དག་བཀླགས་ཨེ་མྱོང་། ཁྱོད་ཀྱིས་སེམས་ན་བོད་པ་གཅིག་པུ་ལས་འགྲོ་མིའི་ཐོབ་ཐང་མི་དགོས་པར་བསམ་ཨེ་ཡོད།
    ལས་ཀ་སྤྲོད་ཟེར། དེང་དུས་ཁྲིམས་ལུགས་དང་མཐུན་པར་བྱས་ནས་ལས་ཀ་སྤྲོད་སྟངས་ཁྱོད་ཀྱིས་ཨེ་ཤེས།
    ཁྱོད་ཚོས་ཅི་ཡང་མི་ཤེས་ན། མི་ཤེས་པའི་ཚོད་ནས་སྡོད། བོད་ཡིག་འབྲི་ཤེས་པ་ཙམ་གྱིས་མཁས་པ་ཡིན་པར་མ་འདོད།

    Reply
  6. ཤེས་རབ། says:
    ལོ་ 15 སྔོན།

    མིག་ཤེལ་ཅན་མི་རྫིག་ཉམས་དོད་པོ་དེ་ལ་ཚིག་ཁ་ཤས་ཞུ་འདོད་བྱུང་། ཁོང་ལ་དེ་འདྲའི་ལྷག་བསམ་ཡོད་ན་རང་རེས་བོད་ནས་གསར་འབྱོར་ཁ་ཤས། ལས་མེད་ཐོག་ལྟོ་གོས་ཀྱང་ཡག་པོ་མེད་པར་དྷ་རམ་ས་ལ་འཁྱམས་མཁན་ཧ་ཅང་མང་པོ་ཡོད། དེ་རྣམས་ལ་གཟིགས་སྐྱོངས་ཤིག་གནང་ཐུབ་ན་སྐུ་དྲིན་ཆེ་ས་རེད། ད་ལྟ་བོད་ནས་གསར་འབྱོར་རྣམས་ལ་R.C.བཟོ་ཐུབ་ཀྱི་མེད་། བོད་པ་རྣམས་ལ་ལྷག་བསམ་ཡོད་ན་དེ་རྣམས་བསམ་བཞེས་གནོངས་དང་།

    Reply
  7. ཤེས་རབ། says:
    ལོ་ 15 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས་གནས་ཚུལ་ཁ་ཤས་ཡག་རབ་ཀྱང་བཀོད་ན་ཡག་པོ་འདུག ད་ལྟ་བོད་པ་མི་ཚང་གཅིག་གི་ནང་རྒྱ་གར་བྷི་ཧར་མངའ་སྡེ་ནས་ཡིན་པ་མི་ཚང་གཅིག་གི་ནང་དུ་མིང་སྲིང་གསུམ་ཙམ་ཉར་ཏེ་གཉིས་སློབ་གྲྭར་བཏང་བ་དང་། གཅིག་གཡོག་པོ་ལ་ཉར་འདུག ངས་མི་ཚང་དེ་ལ་དྲིས་པར་དོན་མེད་རྒྱ་གར་ཕྲུ་གུ་མང་པོ་ཉར་ནས་གང་བྱ་རྒྱུ་ཡིན། མི་མཐོང་ན་ཡག་པོ་མི་འདུག་བཤད་དུས། ཁྱིམ་བདག་གིས་ཐོག་མར་རྡོར་གདན་ནས་ངོ་ཤེས་ཤིག་གིས་ཕྲུ་གུ་དེ་ངོ་སྤྲོད་བྱས་ཏེ་གཡོག་པོར་ཉར་ཏེ་གླ་ཆ་སྤྲད་ན་འགྲིག་ཚུལ་བཤད་པར་བརྟེན་ནང་དུ་ཁྲིད་འདུག རྗེས་སུ་རྒྱ་གར་མི་ཚང་ལ་ཕར་ཪྩི་སྤྲད་ཀྱང་ཕྲུ་གུ་སྦྱིན་བདག་རྩར་ཡར་བྲོས་ནས་ཡོང་ཏེ་རྗེས་སུ་ཕྲུ་གུ་ངུ་ནས་ཕར་བསྐྱེལ་ས་རག་མི་འདུག དེ་ནས་ཕྲུ་གུ་དེའི་སྤུན་མཆེད་གཉིས་ཀྱང་སྦྱིན་བདག་གིས་ཡར་ལེན་ནས་སྦྱིན་བདག་གིས་སློབ་གྲྭར་བཏང་སྟེ། ད་ལྟ་བུ་འཛིན་གྲྭ་༧་དང་། བུ་མོ་འཛིན་གྲྭ་་༥ ལ་འགྲོ་བཞིན་འདུག དེས་ན་དེ་ནི་ཡ་རབས་ཀྱི་ལས་ཤིག་མ་ཡིན་ནམ།

    Reply
  8. གླེན་པ་ལུག says:
    ལོ་ 15 སྔོན།

    སྤྱིར་བཏང་གཡོག་ཏུ་བཀོལ་བ་དང་། ལས་ཀ་སྤྲད་པ་ཟེར་བ་འདི་གཉིས་ངོ་བོའི་སྟེང་ནས་ཁྱད་པར་ཡོད་ལ། ལྷག་ཏུ་མི་རྣམས་ཀྱི་ངོས་འཛིན་ལ་འགྱུར་བ་ཕྱིན་པ་དང་། སྤྱི་ཚོགས་འཚོ་བའི་ལམ་སྲོལ་ལ་ཕྱི་ཚུལ་གྱི་འགྱུར་ལྡོག་ཤུགས་ཆེ་སྟབས། དེང་སྐབས་ཕལ་ཆེར་གཡོག་པོའི་ཚུལ་ཏུ་བྱིས་པར་སྡུག་ལས་སྤྲོད་བཞིན་པ་བོད་མིའི་ནང་ཧ་ཅང་ཉུང་རྒྱུ་རེད། གནས་ཚུལ་འདི་ལ་མཚོན་ན་རྩོམ་འབྲི་བ་པོ་དང་། དྲི་བར་ལན་འདེབས་མཁན་གཉིས་ཀར་ད་ལྟའི་སྤྱི་ཚོགས་འཚོ་བ་སྤྱི་དང་། ལྷག་ཏུ་ང་ཚོ་གནས་སའི་རྒྱ་གར་ལུང་པའི་གནས་སྟངས་ལ་རྒྱུས་མངའ་རྩ་ནས་མེད་པའི་རང་རྟགས་རྗེན་པར་བསྟན་འདུག་ལ། འདི་ལས་མཚོན་ཐུབ་པ་ནི་དུས་བབ་རྩོམ་སྒྲིག་པའི་སྤྱི་ཚོགས་ཀྱི་གནད་དོན་དབྱེ་ཞིབ་ཀྱི་མིག་འབྲས་རྩངས་ལ། འཕྲིན་ལས་ཟེར་བ་དེ་ལ་བྱིས་པ་ཉམ་ཆུང་གི་མི་ཚེར་ཞིབ་འཇུག་གི་ཚད་གཞི་གཏན་བྲལ་དུ་ཕྱིན་པ་ཚོར་ཐུབ་ཀྱི་འདུག ཞིབ་འདང་བརྒྱབ་ན། ད་ལྟའི་ང་ཚོའི་མི་རབས་འདིའི་ལས་ཀ་ཕལ་མོ་ཆེ་མགོ་མེད་རྩེ་ཟླུམ། སྙིང་མེད་ལྦུ་བ་ལྟ་བུར་རྐྱང་མཐོང་དཀོན་པས་ཁོ་གཉིས་ཀྱང་དེ་ལས་མ་འདས་སོ་སྙམ།

    Reply
  9. རླུང་པུ says:
    ལོ་ 15 སྔོན།

    ཨ་རོགས་ལྷ་མོ་སྐྱབས། ཁྲིམས་ཁ་ན་སྙིང་རྗེ་དང་སྡིག་པ་མེད། ང་ཚོས་ཁྲིམས་ལ་བསྟུན་དགོས་པ་ལས་ཁྲིམས་ཀྱིས་ང་ཚོར་བསྟུན་མི་ཤེས་ཡ།

    Reply
  10. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    མཐོང་བ་ཙམ་གྱིས་མིག་ལམ་མི་མཛེས་པའི་ཀྲོག་ཀྲོག་ཤོས་པོ་བྱས་ཡོད་པའི་མིག་ཤེལ་ཅན་དེ་སུ་རེད།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    བྱིས་པ་ལས་ཀར་བཀོལ་བ་མི་འོས་ཀྱང། གྲང་ལྟོགས་སྡུག་ལས་སྐྱོབ་ཕྱིར་སྡིག་པ་མེད།
    བྱིས་པ་སྙོར་སྐྱོང་མི་ནུས་ཕ་མ་ཚོས། སྐྱེ་སྒོ་འགོག་པ་སྤྱི་སྒེར་གཉིས་ཀར་ཕན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese