མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱག་མཛོད་ཀྱིས་གཞུང་རྒྱུ་སྒེར་བདག་བྱས་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༡/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ངྷ་ས་ཚེ་མཆོག་གླིང་དགོན་པའི་ཕྱག་མཛོད་ཀྱིས་གཞུང་རྒྱུ་སྒེར་བདག་བྱས་པ་དང་། དགོན་པའི་ནང་བུད་མེད་ཁྲིད་དེ་ཞག་སྡོད་བྱས་ཚུལ་གྱི་སྦྱར་ཡིག་ཅིག་བཀྲམས་ཡོད་སྟབས། ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཀྱིས་རྒྱ་གར་ཉེན་རྟོག་པར་ཞུ་གཏུག་གིས་དགོན་པའི་གྲྭ་བ་དྲུག་བཀག་ཉར་འདྲི་བརྩད་བྱས་འདུག

ཉེ་ལམ་ཚེ་མཆོག་གླིང་གི་གྲྭ་བ་ཁག་ཅིག་གིས་མེག་ལོར་སྲང་ལམ་དང་གངས་སྐྱིད་གཡས་གཡོན་དུ་སྦྱར་ཡིག་ཅིག་བཀྲམས་ཡོད་པའི་ནང་། ངྷ་ས་ཚེ་མཆོག་གླིང་གི་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་དང་ཕྱག་རོགས་བསོད་ནམས་སྙན་གྲགས་གཉིས་ཀྱིས་འདས་པའི་ལོ་མང་རིང་དགོན་པའི་རྩིས་ཁྲ་གཙང་སེལ་བཟོས་མེད་པ་མ་ཟད། ཐུབ་བསྟན་སྙན་གྲགས་སྔོན་མ་ནས་སྐྱ་སར་བབ་ཡོད་ཀྱང་དགོན་པའི་དབང་ཆ་སྒེར་སྡོམ་བྱས་ཏེ། གྲྭ་མང་གི་ཆ་རྐྱེན་ལ་མ་བལྟས་བར་ཁོ་རང་གིས་རྒྱས་སྤྲོས་ཆེན་པོ་བྱེད་ཀྱི་ཡོད་སྐོར་དང་། བུད་མེད་འདྲ་མིན་དགོན་པར་འཁྲིད་ཡོང་སྟེ་ཞག་སྡོད་བྱེད་ཀྱི་ཡོད་པ་བཅས་ནི་རི་བོ་དགེ་ལུགས་པའི་བསྟན་པ་དང་། ཚེ་མཆོག་གླིང་གི་འདུལ་ཁྲིམས་དང་མཐུན་གྱི་མེད་སྟབས། ཁོང་དགོན་པ་ནས་ཕྱིར་འབུད་དགོས་ཚུལ་སོགས་བཀོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོར་ངྷ་སའི་ཕར་ངོས་སུ་ཡོད་པའི་ཧྥོར་སི་གྷན་རྗི་ FORSYTH GANJ ཡི་ཉེན་རྟོག་པ་སྐོར་ཞིག་ཚེ་མཆོག་གླིང་དུ་ཡོང་སྟེ་དགོན་པའི་མཁན་པོ་གཙོས་པའི་དགེ་འདུན་པ་ ༦ འཛིན་བཟུང་བྱས་ཡོད་ཅིང་། དེ་ནི་ཉེ་ཆར་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ལ་སྐྱོན་བརྗོད་ཀྱི་སྦྱར་ཡིག་འདྲ་མིན་བཀྲམས་པ་དང་། ཁོང་གི་བཞུགས་ཤག་སྟེང་དུ་རྡོ་གཡུགས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་སྟབས། ཐུབ་བསྟན་སྙན་གྲགས་ཀྱིས་རྒྱ་གར་ཉེན་རྟོག་ལས་ཁུངས་ལ་ཞུ་གཏུག་གིས་ཕྱི་ཚེས་ ༢༠ ཉིན་རྒྱ་གར་ཉེན་རྟོག་པ་ཚེ་མཆོག་གླིང་དུ་ཡོང་སྟེ་ཞིབ་འཇུག་བྱེད་སྐབས། ཁྲིམས་ཐོག་ཏུ་ཡོད་པའི་དགོན་པའི་ཡིག་ཆ་ཁག་དང་། དངུལ་ཁང་གི་འཛིན་ཡིག་སོགས་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ཀྱི་མཚན་ཐོག་ཏུ་ཡོད་སྟབས། གྲྭ་བ་ཚོས་ཁྲིམས་འགལ་བྱེད་ཀྱི་ཡོད་པའི་ཉེས་མིང་ཐོག་མཁན་པོ་བསྟན་འཛིན་ཐོན་བཟང་དང་དགེ་བསྐོས་ཀརྨ་འོད་ཟེར། དབུ་མཛད་བསྟན་འཛིན་དོན་འགྲུབ། ཆོས་དཔོན་བྱམས་པ་མཁྱེན་རབ། དབུ་ཆུང་བསྟན་འཛིན་བྱམས་བརྩེ། ལས་དྲུང་བཀྲ་ཤིས་རྒྱལ་མཚན་བཅས་གྲྭ་བ་ ༦ འཛིན་བཟུང་གིས་ཉིན་ཕྱེད་རིང་འདྲི་བརྩད་བྱས་ཡོད་འདུག་ལ། སྐབས་དེར་ངྷ་ས་ས་གནས་མགོ་འཛིན་ལས་ཚབ་རྡོ་རྗེ་སྒྲོལ་མ་ལགས་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཏེ་དགེ་འདུན་པ་རྣམས་ཀློད་གྲོལ་བཏང་ཡོད་འདུག   

གནད་དོན་འདིའི་སྐོར་ལ་མཁན་པོ་བསྟན་འཛིན་ཐོན་བཟང་ལགས་སུ་བཅར་འདྲི་ཞུས་པར། ཐེངས་འདིའི་ཚེ་མཆོག་གླིང་དགོན་པའི་རྙོག་དྲ་དེ་ནི་གནས་ཚུལ་གསར་པ་ཞིག་མིན་པར། སྔོན་མ་གྲྭ་ཚང་གི་རྩིས་ཁྲའི་རྙོག་གླེང་འོག་དགོན་པའི་དབུ་མཛད་བཀྲ་ཤིས་དབང་འདུས་དགོན་པ་ནས་ཕྱིར་ཕུད་བཏང་རྗེས། ༢༠༠༩ ལོར་སྐབས་དེའི་དགེ་བསྐོས་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་དང་བསོད་ནམས་སྙན་གྲགས་གཉིས་ཀྱིས་འདས་པའི་ལོ་ ༢༠ རིང་གི་རྩིས་ཁྲ་གྲྭ་མང་ལ་གཙང་སེལ་བཟོ་དགོས་ཚུལ་བརྗོད་ཡོད་སྐོར་དང་། ༢༠༡༠ ལོར་ཆོས་དཔོན་བློ་བཟང་བཟོད་པ་ལགས་ཀྱིས་ཀྱང་མ་འོངས་པར་ཚེ་མཆོག་གླིང་དགོན་པ་བཙན་བྱོལ་བོད་མིའི་དགོན་སྡེ་སྤྱི་མཚུངས་ལྟར་དངུལ་རྩིས་གཙང་ཉར་དགོས་ཚུལ་བརྗོད་ཡོད་པ། དེ་བཞིན། དགེ་བསྐོས་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་གྲྭ་ཚང་གིས་འཛིན་སྐྱོང་ལྷན་ཚོགས་དང་འགན་འཛིན་ལྷན་ཚོགས་གསར་འཛུགས་བྱས་ཏེ། དེ་ལ་རྩིས་ཁྲ་གཙང་བཟོ་བྱ་དགོས་མིན་ཐད་གྲྭ་མང་ལ་མཚན་རྟགས་བསྡུས་སྐབས་གྲྭ་བ་ཚང་མས་རྒྱབ་སྐྱོར་མཚན་རྟགས་བཀོད་ཡོད་སྟབས། འདི་ལོའི་ཕྱི་ཟླ་ ༥ བའི་ཚེས་ ༢ ཉིན་ཚོགས་འདུ་ཞིག་ཚོགས་ཏེ། ཕྱག་མཛོད་རྣམ་པ་དབུ་བཞུགས་ཐོག་འཛིན་སྐྱོང་ལྷན་ཚོགས་ཀྱི་འཐུས་མི་གསར་འཛུགས་གནང་ཡོད་ཚུལ་སོགས་ངོ་སྤྲོད་གནང་བྱུང་།  

མཁན་པོ་མཆོག་གིས་མུ་མཐུད་དུ་རྩིས་ཁྲའི་སྐོར་ངོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ ཉིན་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ལགས་དང་ཁོང་གི་ལས་རོགས་བསོད་ནམས་སྙན་གྲགས། རྩིས་པ་རྡོ་རྗེ་བཅས་ཀྱིས་དངུལ་རྐྱང་འབུམ་ ༡༨ ལྷག་དང་། དུས་བཀག་བསྐྱལ་བཅོལ་འབུམ་ ༣༠ ལྷག རྒན་ཕོགས་དང་མི་ཚེ་སྲུང་སྐྱོབ་སྒོར་འབུམ་ ༡༣ ལྷག དེ་བཞིན་སྐྱེད་ཀ་བཅས་ཁྱོན་བསྡོམས་ཧིན་སྒོར་འབུམ་བདུན་ཅུ་དོན་གསུམ་ ༧༣༦༠༧༠༥ ཙམ་གསར་འདེམས་བྱས་པའི་འཛིན་སྐྱོང་ལྷན་ཚོགས་ལ་རྩིས་སྤྲོད་བྱས་ཡོད་ཀྱང་། གྲྭ་ཚང་གི་དམ་ཕྲུག་དང་ལས་ཤོག ས་ཁང་གི་ཡིག་ཆ། ཚོགས་པ་དེབ་སྐྱེལ་གྱི་ཡིག་ཆ་སོགས་ད་དུང་རྩིས་སྤྲོད་བྱས་མེད་ཚུལ་བརྗོད་བྱུང་ལ། ལྷག་པར་དུ་ ༢༠༠༦ ལོའི་བར་ཐུབ་བསྟན་སྙན་གྲགས་ཁོས་སྐྱེས་དམན་ངྷ་ནཱེ་ཡཱ་གཉིས་དགོན་པར་བསྡད་ཡོད་པ་མ་ཟད། དགོན་པའི་ནང་ཆང་འཐུང་བ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་སྟབས། བྱེད་སྟངས་དེར་གྲྭ་མང་ཚོས་འདོད་མོས་རྩ་བ་ནས་གནང་གི་མེད་པ་མ་ཟད། འདུལ་ཁྲིམས་གཙང་མ་མེད་པའི་མི་ཞིག་དགོན་པའི་ཕྱག་མཛོད་དུ་འོས་འཚམ་མིན་པའི་བསམ་ཚུལ་ཡང་ཤུགས་ཆེན་པོ་འདོན་གྱི་ཡོད་སྐོར་བརྗོད་བྱུང་།  

རྙོག་གླེང་འདིའི་ཐད་མཁན་པོ་མཆོག་གི་རེ་བ་ཆེ་ཤོས་ནི། གནས་སྐབས་རིང་ཕྱོགས་གཉིས་ནས་བཟོད་སྲན་བྱས་ཏེ། ད་ཆར་སྒང་ཏོག་ཏུ་བཞུགས་བཞིན་པའི་ཚེ་མཆོག་གླིང་གི་བླ་མ་བསྟན་འཛིན་དགེ་ལེགས་མཆོག་གདན་ཞུ་གནང་སྟེ་ཐད་བསྐོས་སམ། ཡང་ན་གྲྭ་མང་གིས་འོས་བསྡུའི་ལམ་ནས་དགོན་པའི་འཛིན་སྐྱོང་གི་མགོ་ཁྲིད་ཅིག་བསྐོ་བཞག་གནང་རྒྱུ་དེ་རེད། 

ཡང་། གསར་འགོད་པས་ཕྱག་མཛོད་ཐུབ་བསྟན་སྙན་གྲགས་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས་བརྗོད་ན། ཚེ་མཆོག་གླིང་དགོན་པ་དེ་ཁོང་གི་རྒན་དམ་པ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱི་ལམ་སྟོན་འོག བོད་གཞུང་དཔལ་འབྱོར་ལས་ཁུངས་དང་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེའི་བླ་བྲང་། ༸སྐྱབས་རྗེ་གླིང་རིན་པོ་ཆེའི་བླ་བྲང་བཅས་ཀྱི་གམ་ནས་བུ་ལོན་བླངས་ཏེ་ས་ཆ་ཉོས་བ་དང་འཛུགས་བསྐྲུན་བྱས་པ་ཞིག་ཡིན་ཚུལ་དང་། ཉེ་ཆར་མཁན་པོ་བསྟན་འཛིན་ཐོན་བཟང་དང་ཁོང་གི་གྲོགས་པོ་ཁག་ཅིག་གིས་ནང་ཁུལ་ནས་ཚོགས་གཙོ་ཚོགས་གཞོན་ཐད་བསྐོས་བྱས་ཏེ་ཁོང་ལ་རྩིས་སྤྲོད་རྩིས་ལེན་བྱ་དགོས་ཚུལ་བརྗོད་པ་དང་། དགེ་ལུགས་པའི་དགོན་སྡེའི་ནང་མི་སྐྱ་སྡོད་མི་ཆོག་ཚུལ་ངྷ་ས་ཁུལ་དུ་སྦྱར་ཡིག་བཀྲམས་པ་མ་ཟད། ཉེ་ཆར་ཁོང་གི་བཞུགས་ཤག་ལ་རྡོ་གཡུགས་པ་དང་མོ་ཊའི་ཐོག་འདམ་བྱུགས་པ་སོགས་བྱས་ཏེ། ཁོང་རང་གི་བདེ་འཇགས་ལ་ཉེན་ཁ་འཕྲད་དེ་རྒྱ་གར་ཉེན་རྟོག་པར་སྐད་བཏང་ཚུལ་དང་། ཉེན་རྟོག་པས་ཞིབ་འཇུག་ཁྲོད་ཁྲིམས་ཐོག་ནས་དགོན་པའི་བདག་དབང་ཆ་ཚང་ཕྱག་མཛོད་ཁོང་ལ་ཡོད་སྟབས། གྲྭ་མང་གི་བྱ་སྤྱོད་དེ་ཁྲིམས་འགལ་གྱི་ངོས་འཛིན་ཐོག་གྲྭ་བ་ ༦ འཛིན་བཟུང་བྱས་པ་རེད་ཅེས་བརྗོད་བྱུང་།

འདིའི་སྐོར་ལ་ངྷ་ས་ས་གནས་མགོ་འཛིན་ལས་ཚབ་རྡོ་རྗེ་སྒྲོལ་མ་ལགས་ཀྱིས་བརྗོད་ན། ཁོང་མོ་ཉེན་རྟོག་ལས་ཁུངས་སུ་ཕྱིན་སྟེ་ཁོང་ཚོར་གནས་སྐབས་ཀྱི་བར་འདུམ་བྱས་ཡོད་ཀྱང་། ད་ལྟའི་ཆར་རྙོག་དྲ་དེ་འགྲོ་བཞིན་པ་ཡིན་སྟབས་ང་ལ་གསལ་བོ་བཤད་རྒྱུ་གང་ཡང་མེད་ཟེར།  གཞན། སྐུ་སྒེར་ཡིག་ཚང་དང་ཆོས་རིག་ལས་ཁུངས། བདེ་སྲུང་ལས་ཁུངས་བཅས་ནས་ཀྱང་། དགོན་བདག་བླ་མ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ་མ་ཕེབས་བར་དགོན་པའི་ནང་གནས་ཚུལ་ཆེན་པོ་མི་འབྱུང་བར་ཞི་འཇགས་ཡོང་ཐབས་བྱ་དགོས་པའི་ལམ་སྟོན་གནང་ཡོད་འདུག 

བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ལགས་སུ་བཅར་འདྲི་ཞུས་པར། རི་བོ་དགེ་ལུགས་པའི་དགོན་པའི་ནང་མི་སྐྱ་ཞིག་ཕྱག་མཛོད་འོས་མིན་དང་། ཕྱག་མཛོད་ཁོང་གིས་དགོན་པའི་ནང་ཚུལ་མིན་བྱ་སྤྱོད་སྤེལ་བའི་རིགས་དེ་མི་འགྲིག་པ་ཞིག་ཡིན་ཡང་། ཕྱག་མཛོད་ཁོང་དགོན་པའི་ནང་མུ་མཐུད་སྡོད་བཅུག་པ་དེ་དགོན་བདག་རིན་པོ་ཆེ་མཆོག་གིས་བཀའ་གནང་བ་ཞིག་ཡིན་འདུག་ལ། ཉེ་ཆར་གྲྭ་མང་དང་ཕྱག་མཛོད་ཕན་ཚུན་ཕྱོགས་གཉིས་ནས་དཔུང་ཁག་བསྒྲིགས་ཏེ་གནས་དེ་དག་བྱུང་བའི་ཐད་ལ།  ཆོས་རིག་ལས་ཁུངས་ཀྱིས་དགོན་བདག་རིན་པོ་ཆེ་མ་ཕེབས་བར་དུ་ཕྱོགས་གཉིས་ཀྱིས་བཟོད་སྒོམ་དང་འཚེ་བའི་ལས་ཀ་མི་བྱ་རྒྱུའི་འབོད་སྐུལ་གནང་ཡོད་ཅེས་བརྗོད་བྱུང་།  

དབེན་གནས་ཚེ་མཆོག་གླིང་གྲྭ་ཚང་ནི། ༡༩༧༦ ལོར་ཕྱག་མཛོད་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་ཐོག་མར་བོད་གཞུང་ཟློས་གར་ཚོགས་པའི་ཡང་སྟེང་དུ་ཡོད་པའི་ར་ཤི་བྷང་ཞེས་པར་གསར་འཛུགས་གནང་ཡོད་པ་དང་། ༡༩༨༤ ལོར་ད་ལྟའི་ས་གནས་དེ་རུ་གནས་སྤར་རྗེས་དགོན་པའི་ནང་མཚན་ཉིད་རིག་པའི་གཞུང་དང་སྔགས་ཆོས་ཀྱི་གཞུང་། རྒྱུད་སྨད་ཀྱི་ཆ་ཤས། དགོན་པའི་ཆོ་ག་ཕྱག་ལེན་དང་འབྲེལ་བའི་རིགས།  ཐ་སྙད་རིག་གནས། དབྱིན་ཇི་བཅས་ཀྱི་ཐོག་བསླབ་པ་སློབ་གཉེར་བྱེད་ཀྱིན་ཡོད་འདུག་ལ། ད་ལྟའི་ཆར་བོད་ནས་ཕེབས་མཁན་དང་གཞིས་ཆགས་ཁུལ་ནས་ཕེབས་པའི་དགེ་འདུན་པ་དང་། ཧི་མ་ལ་ཡའི་རི་རྒྱུད་བཅས་ནས་ཕེབས་པའི་གྲྭ་བ་ ༥༠ མ་ཟིན་ཙམ་ཞིག་ཡོད་འདུག  

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

སྐར་མ ༢༢ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༣ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༤ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧

མཆན། 29

  1. གྲོག་མ་གཤོག་ཐག says:
    ལོ་ 14 སྔོན།

    ཕྱག་མཛོད་ལ་ཁག་མི་འདུག་གང་ཡིན་ཟེར་ན་དགོན་པ་ཁོ་བོས་ཕྱག་འདེབས་གནང་པ་ཡིན།

    Reply
  2. vajra says:
    ལོ་ 14 སྔོན།

    མོ་དགའ་ཕྱག་མཛོད་ལགས།
    དགོན་པ་གྲྭ་ཚང་ནི་Cརིམ་པ་ཅན་གྱི་མགྲོན་ཁང་མ་རེད།མོ་ཁྲིད་ནས་དགའ་རྩེད་ལ་རོལ་པ་སོགས་གོ་ཡ་འདུག
    དགོན་པ་གྲྭ་ཚང་ལ་བརྩི་འཇོག་བྱེད་རོགས་བརྩི་འཇོག་བྱེད་རོགས་ཟེར་ཞུ་རྒྱུ་ཡིན།

    Reply
  3. ཇ་མ་ says:
    ལོ་ 14 སྔོན།

    ཧ་ཅང་གཡོ་སྒྱུ་མང་དྲག་ན།།
    རེ་ཞིག་གྲུབ་ཀྱང་མཐའ་མར་རླག།
    གཟིག་པགས་གྱོན་པའི་བང་བུ་དེ།།
    ལོ་ཏོག་ཟས་མཐར་གཞན་གྱིས་བསད།།
    ཕྱག་མཛོད་ལགས་དགོངས་པ་མ་འཚོམས་ལགས།

    Reply
  4. adeng says:
    ལོ་ 14 སྔོན།

    ཁྱེད་གི་ད་ལྟ་གནས་སྟངས་དེ་འདྲའི་ཁྱེད་ཀྱི་རྒན་དམ་པ་དང་༧སྐྱབས་རྗེ་ཡོངས་འཛིན་རྣམ་པ་གཉིས་སྐུ་འཚོ་བཞུགས་ཡོད་ན་གཟིགས་འདོད་ཡོ་རྒྱུ་མ་རེད།ཁྱེད་རང་ནི་སྔར་མ་ནས་སྐྱ་སར་བབས་ཚར་བ་རེད།་དགོན་སྡེ་གྲྭ་ཚང་ལ་དགོས་མཁོ་མེད་ན་ཨུ་ཚུགས་བྱེད་ནས་མ་ཞུགས།ལས་ངན་མ་བསགས།དེ་ལས་མང་ཇ་ཞིག་ཕུལ་ནས་དགོན་པ་ལ་དགོངས་དག་ཞུ་ན་བཟང།
    དེ་རིང་གནས་ཚུལ་འདི་འཕྲད་དུས་བོད་གཞུང་འབྲེལ་ཡོད་ཚན་པ་ལ་འབྲེལ་བ་བྱེད་ཡོད་དམ།་ཡང་ན་ཁོང་ཚོས་ཡ་མ་གནང་པ་རེད་དམ།ལམ་སང་རྒྱ་གར་ཉེན་རྟོག་ལས་ཁུངས་ལ་འབྲེལ་བ་བྱས་སྟངས་དེ་ལ་ང་ཚོས་ཡག་པོ་མཐོང་གི་མི་འདུག

    Reply
  5. མྱུལ་ཞིབ་པ་ says:
    ལོ་ 14 སྔོན།

    མཛོད་གཉེར་ལགས་་་་་་་་མཛོད་གཉེར་ལགས་་་་་ད་ཞལ་རག་མ་ཆོད་གཟིམ་གོ་་་་་་གཟིམ་ཆས་བཟོས་ཚར།

    Reply
  6. དྲང་གཏམ་སྨྲ་བ་པ། says:
    ལོ་ 14 སྔོན།

    དགེ་འདུན་གྱི་དཀོར་རམ། གསུང་པ་མ་ཡིན་ནམ། ད་དུང་བཙོན་བྱོལ་དུ་ཕྱག་མཛོད་ཁག་ཅིག་གིས་སོ་སོའི་སྤུན་གཉེན་ལ་དགོན་པའི་ས་ཆ་སྤྲད་པ་དང་། སོ་སོའི་སྤུན་གཉེན་ཕྱི་རྒྱལ་དུ་བསྐྱོད་ན་དེ་ལ་དངུལ་འགྲོ་སོང་སྤྲད་པ་དང་། དངུལ་ཁང་དུ་དགོན་པའི་དངུལ་བཞག་བཅུག་པ། སོ་སོའི་བླ་མར་ཡེ་ནས་ཕུག་བསམ་མ་བཏང་བར་མ་འོང་པ་དང་། ད་ལྟའི་བསྟན་པ་གང་ཡང་མེད་པར་སོ་སོས་བདེ་སྐྱིད་ཁོ་ནར་་རོལ་ཏེ་གང་སར་སྤྲོ་འཁྱམས་ལ་ཕྱིན་པ་སོགས་སྤྱོད་ངན་སྤོངས་བར་འོས། ཕྱོགས་ག་ས་ནས་ཕྲུ་གུ་བསྡུ་རུབ་བྱས་ཏེ་དེ་དག་མི་ཚེའི་འདུན་ལམ་མེད་པར་ཞལ་འདེབས་ཆེད་དུ་གསོ་སྐྱོང་བྱས་པ་རྣམས་ལ་གཟབ་རོགས་མ་འོང་པར་བོད་རིགས་ཀྱི་ཞབས་འདྲེན་མ་ཆགས་པའི་ངེས་པ་མི་འདུག

    Reply
  7. འཇམ་ཚུལ། says:
    ལོ་ 14 སྔོན།

    ཕྱག་མཛོད་ཐུབ་སྙན་པ། རང་གིས་ལས་ངན་ཅི་ཞིག་བསགས་ཡོད་པ་ཤེས་ཡོད་དམ། མདོར་སྡོས་ན་ཚད་མེད་ཀྱི་ལས་ལས་ཀྱང་བཤག་དཀའ་བ་ཞིག་བསག་བཞིན་པ་ཤེས་སོང་ངམ། དགེ་འདུན་ལ་རྟེན་པའི་ལས་རེད། སྤྱིར་བཏང་གནས་ལུགས་ཀྱི་སྐད་ཆ་ཞིག་བཤད་ནའང་། ཁྱོད་ཀྱིས་དགེ་འདུན་པའི་འདོད་པ་ལྟར་རྩིས་སྤྲོད་བྱེད་མི་དགོས་པའི་རྒྱུ་མཚན་མི་འདུག གང་ཡིན་ཟེར་ན། ཡིག་ཆ་ཁག་ཁྱོད་ཀྱི་མིང་ཐོག་ན་ཡོད་པ་འདི་གཅིག་པོ་ཙམ་མ་གཏོགས་ཁྱོད་ལ་ཡང་དག་པའི་རྒྱུ་མཚན་གཞན་མི་འདུག ཕར་དེད་ན་ཡིག་ཆ་ཁག་ཀྱང་ཁྱོད་ཀྱི་མིང་ཐོག་བྱུང་བ་རང་གི་དགེ་རྒན་ལ་བརྟེན་ནས་བྱུང་འདུག མ་ཟད་གཙོ་བོ་སྐབས་དེ་དུས་༧ཡོངས་འཛིན་རྣམ་གཉིས་དང་ཉིད་ཀྱི་དགེ་རྒན་དག་གི་བཀའ་དྲིན་ལས་གཞན་ཁྱོད་ལ་སྔར་གྱི་གོ་སྐབས་དག་གང་ན་ཡོད། ཁོང་རྣམ་པས་བཀའ་དྲིན་བསྐྱངས་པ་དེ་དག་ཚེ་མཆོག་གླིང་དགོན་པའི་ཆེད་དུ་རེད་མ་གཏོགས་ཁྱོད་ཀྱི་ཚེད་དུ་ཡིན་སྲིད་དམ། དེས་ན་རང་གིས་གོ་ཤེས་དང་ཉན་ཤེས་བྱས་ཏེ་དགེ་འདུན་པར་རྩིས་སྤྲད་ན་ལས་གཞན་རྗེས་ནས་འགྱོད་པ་སྐྱེ་མཁན་ཁྱེད་རང་ལས་གཞན་མེད་པ་ཐག་གིས་ཆོད་དོ།།

    Reply
  8. དཀོན་མཆོག་དོན་འགྲུབ། says:
    ལོ་ 14 སྔོན།

    ཕྱག་མཛོད་ཁོང་བྱ་བྱེད་མང་དྲག་ན་དེ་ལས་ཡོང་རྒྱུ་གང་ཡོད། ཡང་ཧ་སང་དགོས་པ་ཞིག་ལ་དགོན་པའི་དབུ་ཆོས་རྣམ་གསུམ་གཙོས་ལས་སྣེ་ཚང་མ་བཙན་ཁང་དུ་སྐྱེལ་བ་དེ་ཧ་ཅང་གི་ཐབས་སྡུག་ཞིག་མ་རེད་དམ། རྒྱ་གུང་ཁྲན་ལས་སྐྱོ་བ།

    Reply
  9. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    ཕྱག་མཛོད་བྱ་བྱེད་མང་ན་སྔོ་ལོ་ནང་ནས་ཕྱར་ཡོང།
    གཟབ་གཟབ་གནང་ན་མ་ཏོག་རྡ་སར་ཕེབས་མཚམས་ཞག་དགོས་ཁེལ་ཡོང།

    Reply
  10. དགའ་བ། says:
    ལོ་ 14 སྔོན།

    མི་འདི་འདྲ་བོད་པའི་སྤྱི་ཚོགས་སུ་ཧ་ཅང་མང་པོ་ཡོད་ཚོད་འདུག ཐོག་མ་ཉིད་མིང་རེ་རེ་ནས་སྨྲོས་མ་དགོས་པར་སྤྱིར་སངས་རྒྱས་བསྟན་པ་དང་། ཡང་སྒོས་སུ་བོད་མི་རིགས་ལ་ཐུགས་བསམ་བཞེས་ཏེ་ཕྱག་མཛོད་ཀྱི་ལས་གནས་དང་། དགོན་པའི་རྒྱུ་དངོས་རྣམས་ཕར་དགོན་བདག་ལ་ཕུལ་ཐུབ་ན་ཡག་པོ་འདུག སྔ་ཕྱི་མ་གཏོགས་གནས་ཚུལ་འདི་རྣམས་ཕྱིར་ཐོན་རྒྱུ་ཉག་གཅིག་རེད། ལྷག་པར་རྙིང་མ་པ་དང་། བཀའ་བརྒྱུད་པ་རྣམས་སུ་འདི་འདྲ་སྒེར་གྱིས་དབང་སྒྱུར་བྱེད་དེ་སངས་རྒྱས་བསྟན་པ་ཅུང་ཟད་ཙམ་ཡང་དར་མི་བཅུག་མཁན་མང་པོ་ཡོད་ཚོད་འདུག

    Reply
  11. གཡག་རྒོད says:
    ལོ་ 14 སྔོན།

    ཕྲན་དགོན་པ་འདིའི་ནང་དུ་ལོ་གཅིག་མ་ཟིན་ཙམ་ལ་འདུག་མྱོང་། དེ་དུས་ཕྲན་ལ་ཡང་སྦྱིན་བདག་ཅིག་ཡོད་རབས་བཤད་སོང་བ་དང་། ཡོ་རོབ་གྱི་ཕོ་སར་སྐྲ་རིང་བོ་ཞིག་གི་པར་ཡང་ཕྱག་མཛོད་ཀྱིས་སྤྲད་སོང་། ཡིན་ན་ཡང་ལག་ལ་གང་ཡང་རེག་མ་མྱོང་། ཕྱག་མཛོད་ལ་ངའི་སྦྱིན་བདག་གིས་བསྐུར་བའི་སྒོར་མོ་ཕལ་ཆེར་ད་ལྟ་ཡང་རེག་གི་མེད་མི་སྲིད་པ་མ་རེད།

    Reply
  12. སྒྲོལ་མ་མཚོ། says:
    ལོ་ 14 སྔོན།

    ད་ལྟ་ང་ཚོ་ཚང་མ་བཙན་བྱོལ་བའི་ཉམས་སྐྱོ་བོ་འདིའི་ནང་ཡོད་བཞིན་པའི་གོ་སྐབས་འདི་བཟུང་ནས་གྲྭ་རྐྱང་ཉམ་ཐག་མང་པོའི་བད་སྤྱད་དེ་ཕྱག་མཛོད་འབྱོན་མདོག་ཁ་བོ་བསྟན་མཁན་ཁ་ཤས་ཀྱིས་རང་ཉིད་ཀྱི་གཉེན་ཉེ་ཚོ་ཕྱུག་པོ་བཟོས་ཚར་བ་མ་ཟད་ཨ་རི་གཙོ་བོར་གྱུར་བའི་སྟོབས་ཆེན་རྒྱལ་ཁབ་ཏུ་རང་ཉིད་ཀྱི་ཚ་བོ་ཚ་མོ་སོགས་བཏང་ནས་བསྡད་ཡོད།
    ད་ཡིན་ན་སྤྱིར་སངས་རྒྱས་བསྟན་པའི་ཞབས་འདྲེན་དང་ཡང་སྒོས་བོད་པའི་ཞབས་འདྲེན་མཁན་གྱི་ཕྱག་མཛོད་དེ་ཚོ་རེ་རེ་བཞིན་ངོ་སྤྲོད་གསལ་པོོ་ཞིག་བཟོ་རན་སོང་།

    Reply
  13. རིག་པའི་རལ་གྲི says:
    ལོ་ 14 སྔོན།

    རྡ་སའི་ཕྱག་མཛོད་དང་བླ་མ་ཁག་གཅིག་གིས་ཀྱང་དགོན་རྒྱུ་སྒེར་འཛིན་བྱས་ཡོད་ཟེར་བ་དང་། བཙན་བྱོལ་ནང་གི་བླ་མ་དགེ་བཤེས་མང་པ་ཞིག་གཙང་མ་མེད་ཚུལ་དང་། གནས་ཚུལ་འདི་འདྲ་ནི་བོད་ཀྱི་དགོན་པ་མང་པོའི་ནང་དུ་ཡོད་རེད་ཟེར་བ་དང་། ད་ཡིན། ད་ནང་པའི་དགེ་སྦྱོང་འདི་ཚོ་གཅིག་གཅིག་མིན་མིན་ཟེར་ནས་སྐྱོན་འཚང་རྐྱང་རྐྱང་འདོན་ནས་ཆབ་སྲིད་དུ་ཞུགས་ནས་འཐེན་ཁྱེར་གྱིས་མི་མང་དཀྲུགས་ཟེར་བ་དང་། སྦྱིན་བདག་ནང་ནས་རྐུ་བྱས་ཟེར་། ཚོད་དཔག་དང་བསམ་ཚུལ་ཙམ་ཞིག་དྲྭ་ཐོག་ཏུ་བྲིས་ཐུབ་ཙམ་བྱས་ན། རང་གཞན་སུ་གང་ལ་མི་ཕན་ལ། རང་རིགས་དང་ལྷག་པར་བོད་ཀྱི་ཆོས་ཀྱི་རིན་ཐང་དེ། ཆོས་དང་གང་ཟག་གཅིག་ཏུ་བསྲེ་བའི་དེང་དུས་ཀྱི་གསར་ཚར་བའི་ངོར་བརླགས་པའི་རྒྱུ་རྐྱེན་དུ་འགྲོ། དེར་བརྟེན། བསམ་ཚུལ་དང་གསར་འགྱུར་འདི་དག་བོད་པ་ཡིན་མིན། ནང་པ་ཡིན་མིན་ཀུན་གྱིས་ཀློག་གིན་རེད་བསམ་པ་དེ་མ་བརྗེད་པ་བྱེད་ནས། བསམ་ཚུལ་འདོད་ན་ཤེས་ལྡན་གྱིས་ལུགས་ཡིན་ལ། རང་མ་དགའ་སའི་གང་ཟག་རེ་ཟུང་ལ། གཞན་གྱིས་བལྟ་སྟངས་ངན་ཙམ་ཞིག་ཐོན་པའི་དུས་སུ་བབ་འདུག་བསམ་གང་བྱུང་བྲིས་ན། རང་སྣ་རང་གིས་བྲེག་གིན་འདུག་པས། ཀུན་གྱིས་ཐུགས་ལ་ངེས་པར་བཞག་རོགས་གྱིས་ཟེར་རེ་བསྐུལ་ཞིག་ཞུ་སྙིང་འདོད། གལ་སྲིད་ཁྱེད་ཀྱིས་མིག་མཐོང་ལག་ཟིན་དང་དཔང་རྟགས་གསལ་རྗེན་ཡོད་ན། གང་ཟག་སུས་དགེ་འདུན་སྤྱི་རྒྱུ་ལྐོག་ཟ་བྱེད་ཀྱི་ཡོད་མེད་གསལ་པོར་དྲྭ་ཐོག་ཏུ་བཀོད་ན། བོད་རིགས་སྤྱི་ལ་ཞི་དྲག་གནོད་མི་ཐུབ་ལ། དགོན་པའི་གནས་ཚུལ་དང་། བོད་ཀྱི་སྤྱི་ཚོགས་ལ་ངེས་པར་ཅན་དུ་ཕན་ལ། དེ་ལྟར་དགོས་ངེས་ཤིག་རེད། གཞན་དགེ་འདུན་པ་འདི་ཚོ་༷ཟེར་བ་དང་། བོད་པ་འདི་ཚོ་། བོད་པ་གཞིས་ཆགས་འདི་ཚོ། བོད་ཀྱི་གསར་འབྱོར་འདི་ཚོ། དབུས་གཙང་འདི་ཚོ་། ཁམས་པ་འདི་ཚོ། ཨམ་མདོ་བ་འདི་ཚོ་སོགས་སྤྱི་ཚིགས་བེད་སྤྱོད་བྱས་ནས་སྒེར་ལ་འཁོན་འཛིན་གྱིས་རྨ་འབེབས་བྱས་མཁན་གྱི་རིགས་འདི་དག་གིས་གང་ཞིག་མཚོན་གྱིན་ཡོད་ཟེར་ན། རང་ལ་རྒྱ་ཆེར་མཐོང་པའི་བློ་གྲོས་མེད་པ་དང་། གཞན་ལ་ཕྲགས་དོགས་ཀྱི་དུག་གིས་ཚོས་པ་དང་། རང་ལ་ཐད་དཀར་ཞུ་ནུས་ཀྱི་བློ་སྤོབས་མེད་པ་དང་། རང་རེའི་བོད་ལ་ཤ་ཞེན་མེད་པ་དང་། ལྐུགས་པ་ཨུ་ཚུགས་ཀྱི་ཞེན་རྒོག་འཐེན་ཁྱེར་ཀྱི་གོམས་བཤིས་ཀྱིས་ཁོག་སྦོས་པ་དང་། མ་འོང་བོད་ཀྱི་རྩ་དོན་དེ་གཞིས་བྱེས་བོད་མི་ལྷག་ལུས་རྡོག་རྩ་གཅིག་སྒྲིལ་ལ་རག་ལས་ཀྱི་ཡོད་མེད་ཤེས་ཀྱི་མེད་པ་བཅས་མཚོན་ནས་དོན་དུ་རང་གིས་རང་ད་དུང་ལྐུག་པ་བྱས་ནས་སྡད་ཡོད་ཟེར་གྱིན་ཡོད་པས། གནོ་བསམ་སྔོན་ལ་ཐོང། བརྩམས་བྲིས་རྗེས་སུ་བྱོས་ནས་དྲྭ་ཐོག་ཏུ་བཀོད་རོགས་

    Reply
  14. ཅང་མེད། says:
    ལོ་ 14 སྔོན།

    ཚེས་མཆོག་གླིང་གྲྭ་བཙུན་ཚོའི་རྒྱུ་མཚན་གནས་ལུགས་གསུང་པ་ལ་ཡིད་ཆེས་ཡོད།
    མུ་མཐུད་དུ་དྲང་བདེན་གྱི་རྒྱུ་མཚན་དང་གནས་ལུགས་ཀི་རྒྱབ་རྟེན་བྱེད་པ་རེ་བ་ཡིན།
    ཚེ་མཆོག་གླིང་དགོན་པའི་ཕྱག་མཛོད་ཀྱིས་གཞུང་རྒྱུ་སྒེར་བདག་བྱས་པ་དང་། དགོན་པའི་ནང་བུད་མེད་ཁྲིད་དེ་ཞག་སྡོད་བྱས་མཁན་ཁོང་འདྲ་བོ་སྤྱི་སངས་རྒྱས་བསྟན་པའི་བསྟན་དགྲ་ནང་དགོས་དགེ་ལུགས་བསྟན་པའི་ཞབས་འདྲེན་རེད།

    Reply
  15. གསར་འབྱོར། says:
    ལོ་ 14 སྔོན།

    དགོན་སྡེ་ཁག་ནི་བཙན་བྱོལ་བོད་གཞུང་གི་ཚོགས་སྡེ་ཆེ་ཤོས་ཁག་ཆགས་ཡོད་ནའང་། ཚོགས་སྡེ་དེ་དག་གི་དཔལ་འབྱོར་དང་འཇིན་སྐྱོང་བཅས་དབང་ཐང་ཆེ་བའི་བླ་གྲྭ་ཁག་གཅིག་དང་སྐུ་དྲག་གི་མི་ཚང་ཁ་ཤས་ཀྱིས་དབང་སྒྱུར་བྱས་ནས། འབྱོར་མེད་གྲྭ་རྐྱང་མང་པོ་ཞིག་བེད་སྤྱོད་བྱས་ཏེ་རང་ཉིད་ཀྱི་གཏམ་སྙན་གྲགས་དང་ཐོབ་གོ་ས་སོགས་གོང་མཐོར་གཏོང་བཞིན་ཡོད་པའི་གནས་ཚུལ་ཡིད་སྐྱོ་དགོས་པ་འདི་དག་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་འོག་ཏུ་ཚུད་ཐུབ་ཀྱི་ཡོད་པ་མ་རེད་ལ་གནས་ཡུལ་རྒྱ་གར་གཞུང་གི་ཁྲིམས་དང་ཡང་མཐུན་གྱི་མེད་པ་ཞིག་རེད། ངས་གོ་ཐོས་ལྟར་ན་ཚེ་མཆོག་གླིང་གཅིག་པ་ོམ་ཡིན་པར་རྡ་རམ་ས་ལར་ཕྱག་མཇོད་དང་བླ་མ་ཁག་གཅིག་གིས་སྒེར་དབང་བེད་སྤྱོད་བྱས་ནས་གྲྭ་མང་གི་རྒྱུ་ནོར་རྩིས་སྤྲོད་མི་བྱེད་མཁན་མང་ཚོད་འདུག་པས་འདི་དག་ལ་བོད་གཞུང་གིས་ཁྲིམས་དང་མཐུན་པའི་སྒོ་ནས་ལམ་སྟོན་བཀའ་སློབ་གནང་རྒྱུ་དང་ཉམས་ཆུང་གྲྭ་རྐྱང་ཚོའི་བདག་དབང་ལ་འགན་ལེན་བྱེད་གལ་ཆེ་སྙམ། སྐྱབས་བཅོལ་གྱི་གནས་བབས་འདི་བེད་སྤྱོད་བྱས་ནས་ཉམས་ཆུང་ནུས་མེད་ཀྱི་གྲྭ་རྐྱང་ཚོ་བླ་གྲྭ་ཁག་གཅིག་གི་ཚོང་རྫས་ཆགས་འདུག་པ་འདི་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་སྟངས་ཤིག་རེད་ལ་འདི་དྲང་བདེན་གྱི་ལམ་ནས་རྒྱུ་ནོར་འཚོལ་སྒྲུབ་བྱེད་པའི་ཐབས་ལམ་ཞིག་མ་རེད། ངའི་གནས་སྟངས་ཉམས་ཆུང་བའི་རྐྱེན་གྱིས་ཁྲིམས་ཀྱི་དབང་སྒྱུར་ཆ་ཚང་མེད་པའི་བཙན་བྱོོལ་བའི་སྤྱི་ཚོགས་འདིའི་ཁྲོད་དུ་ངས་ཁོང་ཚོས་མིང་འདིར་འབྲི་ནུས་མ་སོང་པས་དགོངས་དག་ཞུ། ཡིན་ཡང་དགོས་གལ་བྱུང་ཚེ་རེ་རེ་བཞིན་བྲིས་ཆོག

    Reply
  16. ཤེས་རབ says:
    ལོ་ 14 སྔོན།

    འོ་ད་ཡ་མཚན། ག་རེ་བྱས་ནས་མི་སྐྱ་དེ་ཚོ་གྲྭ་བའི་སྤྱི་ཚོགས་ནང་དུ་འཚང་གི་ཡོད་རེད། ཚེ་མཆོག་གླིང་དགོན་པའི་རང་མགོ་མ་ཐོན་ན་སྒོ་རྒྱབ་ན་ཡག་གི་རེད། སྤྱིར་བཏང་དགོན་པ་དང་གྲོང་གཉིས་རྒྱང་གྲགས་གཅིག་གི་བར་དུ་ཆོད་དགོས་ཀྱི་ཡོད་རེད། མི་སྐྱ་ཞིག་དགོན་པའི་ཕྱག་མཛོད་བྱེད་ཡ་དེ་ཕ་རིའི་སྤང་ཁ་རེད་བ། དགོན་པ་དེ་སངས་རྒྱས་བསྟན་པ་ལ་ཕན་ཐོགས་མཁན་ཞིག་རེད་དམ་མ་རེད་མིན་ན་སྒོ་རྒྱབ།

    Reply
  17. གངས་མྱུག says:
    ལོ་ 14 སྔོན།

    ད་དུང་ས་ཁུལ་འདིའི་དགོན་པ་ཆུང་ཆུང་རེ་ཟུང་མི་སྒར་ཁྱིམ་ཚང་གཅིག་གིས་དཔལ་འབྱོར་འཚོལ་ཐབས་ལ་བེད་སྤྱོད་ཀྱིས། ཧི་མ་ལ་ཡའི་བུ་ཕྲུག་འགའ་བསྐོང་འགུགས་ཀྱིས་སྤོས་བཟོ་རུ་བཅུག་ནས། རང་ཁྱིམ་ཕྱུག་པོར་སྒྱུར་བཞིན་པར་ཆོས་རིག་ལྟ་རྟོག་པ་ཞིག་ཡོད་ན་དེ་དག་ལའང་ཞིབ་འཇུག་ཅིག་བྱེད་དགོས་རན་ཞིང་། རྗེས་མར་འདི་དག་ཀྱང་བོད་པའི་དཀའ་ངལ་ཞིག་ཏུ་འགྱུར་ངེས།

    Reply
  18. བློ་བཟང་རྒྱལ་མཚན། says:
    ལོ་ 14 སྔོན།

    བོད་པའི་ཁ་དཔེ་ལ་ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཞེར་བ་བཞིན།་
    ཕྱག་མཛོད་ཁོང་ལ་འཇོན་ཡོད་ན་དེ་འདྲ་བྱེད་ན་ཡང་སྐྱོན་གང་ཡང་མེད་
    གང་ཡིན་ཟེར་ན་བཙན་བྱོལ་ནང་གི་གྲྭ་བ་དང་བླ་མ་དགེ་ཤེས་མང་པོ་ཞིག་སར་ལེས་རྒྱལ་ཀྱང་ཀྱང་ལས་གཙང་མ་གཙང་ཀྱང་ཉུང་ཉུང་རེད།
    མ་ཟེད་ཕྱག་མཛོད་ཁོང་

    Reply
  19. གངས་ཅན། says:
    ལོ་ 14 སྔོན།

    བོད་ནང་དུ་དགོན་པའི་གྲྭ་བ་རྣམས་ཉེན་རྟོག་པའི་འཛིན་བཟུང་བྱེད་པ་གཞུང་གིས་བཀོད་ཁྱབ་དང་ཉམ་ཆུང་ལ་མཐུ་ཚོད་བཏང་བ་ཡིན་ཡང། ཚེ་མཆོག་གླིང་གི་ཕྱག་མཛོད་ཀྱིས་ཉེན་རྟོག་པ་ཞུ་གཏུག་གིས་དགོན་པའི་མཁན་པོ་དང་དབུ་མཛད། དགེ་བསྐོས་སོགས་འཛིན་དུ་བཅུག་པ་ཐབས་སྡུག་མ་རེད་དམ། ད་དགོན་པ་དེ་ཁོའི་མི་ཚང་གི་གཞིས་ཁྱིམ་བཟོ་འདོད་པ་ཡིན་ནམ། ལོ་བཅོ་ལྔ་ཉི་ཤུ་ལ་དགོན་གཞུང་གི་རྩིས་ཁྲ་ཕྱི་གསལ་ནང་གསལ་དང་མི་རབས་རྗེས་མར་རྩིས་སྤྲོད་པའི་ལས་རིམ་གཅིག་ཀྱང་མ་སྒྲིག་པ་འདི་ནི་ང་ཚོས་བཤད་པའི་སྒེར་གཅོད་པའི་བྱ་སྤྱོད་ཅིག་མ་ཡིན་ནམ། ༸གོང་ས་མཆོག་གིས་མི་ལོ་བཞི་བརྒྱ་ཙམ་གྱི་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ཀྱི་སྐུ་དབང་དེ་བཙན་བྱོལ་དུ་མི་ལོ་ལྔ་བཅུ་རིང་བང་བསྒྲིགས་ཏེ་ད་ལྟ་ཁྱོན་ཡོངས་ཀྱི་སྐུ་དབང་དེ་མི་རབས་རྗེས་མ་དང་བོད་མི་དམངས་ལ་རྩིས་སྤྲད་པ་རེད། ཚེ་མཆོག་གླིང་གི་ཕྱག་མཛོད་ཀྱི་མི་ལོ་ལྔ་བཅུ་ཡི་རིང་གི་བྱེས་ཀྱི་ཚེ་མཆོག་གླིང་སྒེར་བདག་ལྟ་བུ་བྱེད་པ་འདི་ཅི་ཉེས་སམ། གནས་ཚུལ་འདི་གཞིས་ཀྱི་གྲིབ་ཚེ་མཆོག་གླིང་དང་བོད་མི་དེ་དག་གི་གོ་ན་ཞབས་འདྲེན་མ་ཡིན་ནམ། ཨ་ཁ་་་་་
    ཚེ་མཆོག་གླིང་གྲྭ་ཚང་དེ་ནི། ༡༧༨༧ལོར་གཉའ་ནང་དང༌། རོང་ཤར། སྐྱིད་གྲོངས་བཅས་རྫོང་ཁག་གསུམ་ནས་གློ་བུར་གོར་དམག་བཙན་འཛུལ་བྱུང༌། གོར་མག་རྐྱེན་པས་སྐྱིད་གྲོང་བསམ་གཏན་གླིང་གི་དགེ་འདུན་ཕལ་ཆེར་ཡུལ་གྱར་ལྷ་སའི་ཕྱོགས་སུ་ཕེབས་ཡོད་པར། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་དགོངས་བཞེད་ལྟར་གཞུང་ལ་ཞུ་བསྐུལ་གནང་བ་ལ་བརྟེན་ནས་ ༡༧༩༠ལོར་ལྷ་སའི་སྐྱིད་ཆུའི་ལྷོ་ཕྱོགས་གྲིབ་ཚེ་མཆོག་གླིང་གི་འདུས་སྡེ་དེ་ཕྱག་བཏབ་པ་ཞིག་རེད་འདུག

    Reply
  20. སྟོང་བཙན་མགར་བུ། says:
    ལོ་ 14 སྔོན།

    མཐོང་ཚད་དམའ་འབེབས་དང། ཡོད་ཚད་ལ་རྒྱབ་བཤད་རྒྱག་པར་དགའ་བོ་མེད་མོད། འདིའི་རིགས་ནི་ངོ་མ་གསལ་བོ་བཟོ་རན་རེད། སྤྱིར་བཤད་ན། ཚེ་མཆོག་གླིང་འདི་དབེན་ས་ཞིག་ན་ཆགས་པ་མ་གཏོགས། ཞི་བདེ་ཡི་གླིང་ཞིག་མིན་པ་སྔ་ས་ནས་ཤེས་ཡོད། བོད་པའི་དགོན་པ་ཞིག་གི་མིང་འཁྱེར་བ་མ་གཏོགས། ཕྱོགས་རིས་ཀྱི་གྲྭ་རྒྱུད་འཛིན་ས་ཞིག་ཡིན་པའང་སྔ་ས་ཤེས་ཡོད། རྒྱུ་མཚན་འདི་རུ་སློབ་གཉེར་བྱེད་པའི་གྲྭ་བ་དག་ལ་མཚོན་ན། མང་ཆེ་བ་ཧི་མ་ལ་ཡའི་རི་རྒྱུད་ནས་ཕེབས་པའི་གྲ་བཙུན་དག་ཡིན་པ་མ་ཟད། བོད་ནས་གསར་དུ་འབྱོར་བའི་བའི་གྲྭ་བཙུན་དག་དགོན་ཆུང་འདི་ལ་ཞུགས་པའི་གོ་སྐབས་ཧ་ཅང་ཉག་ཕྲ། གལ་སྲིད་དགོན་པ་འདིར་འཛུལ་ཞུགས་ཐུབ་པའི་དབང་དུ་བཏང་ནའང། ཡུན་རིང་ལ་གནས་ཐུབ་མེད། གལ་དེར་གནས་ཡོད་པའི་གསར་འབྱོར་གྲ་བཙུན་ཞིག་ཡིན་ཚེ། ཧ་ཅང་ཉམས་ཆུང་བ། ཡོད་ཚད་མ་མཐོང་བར་བྱེད་མཁན་ཞིག་ཡིན་དགོས། རྒྱུ་མཚན། དེར་ཡོད་པའི་གསར་འབྱོར་ཁ་གསང་བོ་ཡོད་པ། དྲང་བདེན་བྱེད་མཁན་དེ་ཚོ་སྔ་ས་ནས་ཕུད་ཚར་ཡོད་ལ། ད་སྔ་ཚུན་ལ་གྲ་བ་ཧ་ཅང་ཉམས་ཆུང་ཆུང་དང། ཕྱག་མཛོད་ཁོང་གི་རྐུབ་སྲུང་མཁན་ཞིག་མིན་ན་དགོན་པ་དེར་ཚུད་གི་ཡོད་པ་མ་རེད། དེར་གནས་རྒྱུའི་གོ་སྐབས་ཡང་དབེན་པ་རེད། དེའི་ཕྱིར་བོད་པའི་དགོན་པ་ཞིག་གི་མིང་ཁྱེར་ཏེ་དཔལ་འབྱོར་བཙལ་སའི་ཁྲོམ་ར་ལྟ་བུ་དང་། ཁྱིམ་ཚང་སྐྱོང་གི་ཕ་རྒན་ཞིག་དགོན་པ་ཞིག་གི་ཕྱག་མཛོད་དུ་སོང་ན། ངོ་མ་དགོད་སྐྱིད་མ་རེད་དམ།

    Reply
  21. བདེ་ཆེན། says:
    ལོ་ 14 སྔོན།

    ཚེ་མཆོག་གླིང་དགོན་དུ་མཁན་རིན་པོ་ཆེ་གདན་དྲངས་པ་དེ་ དམག་དཔོན་གདན་དྲངས་པ་ནང་བཞིན་བྱུང་འདུག། ངས་བལྟས་ན་དགོན་བདག་མ་ཕེབས་གོང་གང་ཡང་བཤད་ཚོད་ཐེབས་ས་མ་རེད། གནས་དོན་ལ་དངོས་ནས་ཡིད་སྐྱོ་དགོས་པ་ཞིག་རེད་འདུག

    Reply
  22. ཨ་མའི་བུ། says:
    ལོ་ 14 སྔོན།

    རྗེ་ཙོང་ཁ་ཆེན་པོས། དེང་དུས་རྣལ་འབྱོར་བརྩོན་རྣམས་ཐོས་པ་ཉུང་། མང་ཐོས་ཉམས་ལེན་གནད་ལ་མི་མཁས་ཤིང་། ཕལ་ཆེར་གསུང་རབ་ལྟ་ལ་ཕྱོགས་རེའི་མིག ལུང་དོན་རིག་རིགས་པས་འབྱེད་པའི་མཐུ་མེད་པས། ཞེས་གསུངས་པ་ཅི་མི་བདེན་ཕྱག་མཛོད་སྐྱ་བོ་དགོན་པའི་ནང་དུ་བསྡད་པ་དང་རྩིས་ཁྲ་སོགས་གཙང་མ་མེད་པའི་རིགས་རི་བོ་དགེ་ལུགས་པའི་སྲོལ་དང་མི་འགྲིག་པ་བདེན་ཡང་མཁན་པོ་དགེ་བཀོད་དབུ་མཛད་སོགས་ཀྱིས་བདེན་དོན་བརྡར་ཤ་མ་དཔྱད་པར་རྡོ་གཡུགས་པ་སོགས་ནི་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་འགལ་བ་ཡིན་པས་ཚེ་མཆོག་གླེང་དགོན་དུ་རི་བོ་དགེ་ལུགས་པའི་བསྟན་པ་འཛིན་མཁན་གྱི་མི་གཅིག་ཡང་མེད་པ་ཚིག་ཐག་བཅད་ནས་བཤད་ཐུབ། དེ་ལས་དགོན་པ་འདི་སྒོ་བརྒྱབ་ན་ཡག་གི་རེད།

    Reply
  23. ཁྲག་འཐུང་། says:
    ལོ་ 14 སྔོན།

    ཚེ་མཆོག་གླིང་གི་གྲྭ་རྐྱང་ཚོ་ཁྱེད་ཚོ་ནམ་ཡང་ཁེར་རྐྱང་མིན་ང་ཚོ་ཚང་མས་དོན་རྐྱེན་འདིའི་དངོས་ཡོད་གནད་དོན་འཚོལ་བཞིན་པའི་སྒང་ཡིན།
    དེ་དང་མཉམ་དུ་བཙན་བྱོལ་ནང་གི་ཕྱག་མཛོད་རེ་ཟུང་གིས་ད་དུང་དཔལ་འབྱོར་སྒེར་གྱིས་བཙན་བཟུང་བྱས་པའི་གནད་དོན་ལའང་དོ་སྣང་བྱ་བཞིན་ཡོད།

    Reply
  24. སོ་མྱུལ་པ། says:
    ལོ་ 14 སྔོན།

    ད་རེབ་ཕྱག་མཛོད་ཚོའི་བསྟན་པ་ཉམས་པའི་དུས་ལ་འཁེལ་འདུག་པས་ཕྱག་མཛོད་ཡོངས་ཀྱི་དཔལ་འབྱོར་སྒེར་བཟུང་བྱས་པ་གླེང་རེན་རེད་འདུག

    Reply
  25. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    འདི་ནི་བོད་པའི་དགོན་པ་ཆེ་ཆུང་མང་པོའི་ནང་དུ་ཡོད་བཞིན་པ་རེད་།
    ལྷག་པར་དུ་གྲགས་ཆེ་བའི་གདན་ས་ཁག་གི་ནང་ལ་ཤུགས་ཆེན་པོ་རེད་དེ་ད་དུང་མེད་མདོག་བྱས་ནས་སྡད་ཡོད་།
    སྤྱིར་མི་གང་ཞིག་གིས་སྐད་ཆ་ལ་ངོས་ལྐོག་དང་ཕྱོགས་ལྷུང་གི་ལས་ཀ་ཤུགས་ཆེར་བྱེད་མཁན་དག་ནི་དགོང་སྡེའི་ནང་དུ་མི་ཡག་ག་དང་འགོ་འཁྲིད་མི་དུ་འཇོག་རྒྱུ་ནི་དགོང་པ་དག་གི་གོམ་གཤིས་རེད་།།

    Reply
  26. མངའ་རིས་བུ། says:
    ལོ་ 14 སྔོན།

    ད་ཡིན་དཱ་ནང་པའི་དགེ་སྤྱོད་པ་འདི་ཚོ།
    གཅིག་གཅིག་མིག་མིག་ཟེར་ནས་སྐྱོན་མཚངས་འདོན་རེས་ཀྱང་བྱེད་ཀྱི་འདུག
    ད་ཡིན། གྲྭ་བ་ཆབ་སྲིད་ནང་དུ་བཞུགས་ཏེ་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་གྱིས་མི་དམངས་ནང་དུ་དཀྲུགས།
    དགོན་པའི་ནང་དུ་བསྡད་ནས་དགོན་བདག་དང་འཁྲུགས།
    སྦྱིན་བདག་གི་ནང་དུ་ཞབས་བརྟན་ལ་ཕྱིན་ནས་སྦྱིན་བདག་གི་རྒྱུ་ནོར་རྐུས།
    ཨ་ཁ་ནང་པའི་ཆོས་སྤྱོད་པ་འདི་ཚོ་ད་ཡིན་ན་འཚེ་བ་སྤངས་ཞེས་མ་ཎི་འདོན་པ་བཞིན་དུ་སྒྲོགས། ་དོན་ཉམས་ལེན་དུ་གང་ཡང་མེད་པ་འདི་སྐྱོ་བྱུང།

    Reply
  27. ཀོ་རི་ཡའི་བུ། says:
    ལོ་ 14 སྔོན།

    ཧ་ཧ་ཧ་ཧ་ཧ་་་་་་བསམ་ཡིད་ལས་འདས་པའི་གནས་ཚུལ་འདི་ངོ་མ་ངོ་ཚ་ཡ་རེད་་་་་དགེ་པ་ཆུང་ཆུང་འདི་ཚོ་རྙོག་དགྲ་མང་པོ་འདུག་
    ཚེ་མཆོག་གླིང་གི་གྲྭ་རྐྱང་ཚོ་སེམས་ཤུག་ནམ་ཡང་མ་ཆགས་དྲང་པོ་ལ་རྒྱལ་ཁ་ཐོབ་པ་ནི་འཇིག་བརྟེན་གྱི་ཆོས་ཉིད་རེད། ཚེ་མཆོག་གླིང་གི་གྲྭ་རྐྱང་ཚོ་རྒྱལ་ལོ།།

    Reply
  28. ཁྲག་འཐུང་། says:
    ལོ་ 14 སྔོན།

    ད་ཡིན་ན་བཙན་བྱོལ་ནང་གི་ཕྱག་མཛོད་ཚོ་གཅིག་གཅིག་གཉིས་གཉིས་བྱས་ཏེ་རྐུབ་འདོར་རན་སོང་།
    ཚེ་མཆོག་གླིང་གི་གྲྭ་རྐྱང་དཀྱིས་མ་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་ཡོད།
    ང་ཚོས་མུ་མཐུད་དེ་ཁོང་ཚོའི་གནས་སྟངས་ལ་རྒྱུས་ལོན་ཟབ་མོ་བྱ་གལ་ཆཻ།

    Reply
  29. གྲགས་བསོད་ says:
    ལོ་ 14 སྔོན།

    སྟབས་ཡག་བྱུང་རྙོག་སྒྲ་འདིའི་རིགས་ག་ཚད་འབྱུང་ན་དགའ་སུ་ཞུ་གི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese