ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟུང་དྲུང་ཀུན་དགའ་བཀྲ་ཤིས།
༄༅། ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༢༧ ཉིན་རྒྱ་ནག་པེ་ཅིང་དུ་གཞུང་འབྲེལ་མ་ཡིན་པའི་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད། ཚོགས་འདུ་དེར་རྒྱ་ནག་གི་ཆབ་སྲིད་དང༌དཔལ་འབྱོར། ཁྲིམས་དོན་བཅས་ཀྱི་ཐོག་ལ་མཁས་པའི་མི་གྲངས་ ༡༠༠ ཙམ་མཉམ་ཞུགས་བྱས་ཡོད་པ་དང༌། མི་གྲངས་ ༤༠ ཙམ་གྱིས་གཏམ་བཤད་བྱེད་སྐབས་རྒྱ་ནག་གུང་བྲན་གཞུང་ལ་སྔར་མཐོང་དཀོན་པའི་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག འདི་ལོ་ནི་ལྕགས་ཕག་ལོའི་གསར་བརྗེ་ལངས་ནས་ལོ་ ༡༠༠ འཁོར་བ་དང༌། གུང་བྲན་ཏང་དམར་ཤོག་ཚོགས་པ། བཙུགས་ནས་ལོ་ ༩༠ འཁོར་བ། སུའུ་ལེན་གུང་བྲན་ཏང་མེད་པར་གྱུར་ནས་ལོ་ ༢༠ འཁོར་བ། དཀྱིལ་ཤར་ཡུལ་གྲུར་གཅིག་རྗེས་གཉིས་མཐུད་ཀྱིས་མང་གཙོའི་གསར་བརྗེ་བྱུང་བ་བཅས་ཀྱི་དམིགས་བསལ་གྱི་ལོ་ཞིག་ཡིན།
ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཆེན་པོ་འདིའི་འོག རྒྱ་ནག་གུང་བྲན་གཞུང་ལ་སྐྱོན་བརྗོད་ཀྱི་སྒྲ་ཡིས་ཁེངས་པའི་བཞུགས་མོལ་ཚོགས་འདུ་སྐོང་ཐུབ་པ་འདི་ནི་ཆེས་མཐོང་དཀོན་པ་ཞིག་ཡིན། རྒྱ་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་ཆེན་པོ་བྱས་ཏེ་ཚོགས་འདུའི་སྐོར་ཚགས་ཤོག་དང༌། དྲྭ་རྒྱ། དེ་བཞིན་དུས་དེབ་ཐོག་གནས་ཚུལ་སྤེལ་ཡོད་ན་ཡང༌། བོད་དབྱིན་སྐད་ཡིག་ཐོག་ཚོགས་འདུའི་སྐོར་ཧ་ལམ་ཐོན་མེད་པའམ་ཡང་ན་ཕྲན་བུ་ཙམ་ལས་ཐོན་མེད། དེར་བརྟེན་ཚོགས་འདུའི་རྒྱབ་ལྗོངས་དང༌། ཚོགས་འདུར་གནད་དོན་གང་ཞིག་གླེང་ཡོད་མེད་སྙིང་བསྡུས་ཤིག་ཕྱོགས་སྒྲིག་གིས་བོད་ཡིག་ཀློག་པ་པོ་ཚོར་ངོ་སྤྲོད་ཞུ་ཁུལ་ལ་གནས་ཚུལ་ཤེས་རྒྱུར་ཕན་ཐོགས་ཕྲན་བུ་ཡོང་བའི་རེ་བ་ཡོད།
བཞུགས་མོལ་ཚོགས་འདུ་དེ་ཕྱི་ཟླ་ ༨ ཚེས་ ༢༧ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཚོགས་ཡོད་པ་དང༌། ཚོགས་འདུའི་མིང་ལ་༼རྒྱལ་ཁབ་བཙུགས་ཚུན་གྱི་ཏང་གི་ལོ་རྒྱུས་གནད་དོན་འགའི་སྐོར་གྱི་རྒྱ་ནག་དབུས་གཞུང་དམར་ཤོག་ཚོགས་པའི་ཆོད་ཡིག་འགྲེམས་སྤེལ་བྱས་ནས་ལོ་ ༣༠ འཁོར་བར་དྲན་གསོ་བྱེད་པའི་བཞུགས་མོལ་ཚོགས་འདུ།༽ཞེས་བཏགས་ཡོད། ཆོད་ཡིག་དེ་ནི་ ༡༩༨༡ ལོར་བཏོན་པའི་རྒྱ་ནག་གཞུང་གི་ཡིག་ཆ་ཞིག་ཡིན་པ་དང༌། ཡིག་ཆ་དེའི་ནང་ལོ་བཅུའི་གོད་ཆགས་ཞེས་རིག་གནས་གསར་བརྗེ་ནི་ནོར་འཁྲུལ་ཡིན་ཚུལ་གླེང་པ་ཙམ་ལས། མའོ་ཙེ་ཏུང་ལ་ཤུགས་ཆེན་པོས་སྐྱོན་བརྗོད་བྱས་མེད། དེ་ནི་བཞུགས་མོལ་ཚོགས་འདུའི་མིང་ལས་འཕྲོས་ཏེ་ཞོར་འཕྲོས་ཙམ་ཡིན།
བཞུགས་མོལ་ཚོགས་འདུ་གོ་སྒྲིག་བྱེད་མཁན་ནི་ཧུའུ་ཡའོ་པང་གི་ལོ་རྒྱུས་གནས་ཚུལ་དྲྭ་རྒྱ་དང༌། རྒྱ་ནག་དཔལ་འབྱོར་ལམ་ལུགས་སྒྱུར་བཅོས་དུས་དེབ་ཁང༌། ལྷོ་ཕྱོགས་གཟའ་མཇུག་ཚགས་པར་( NanfangZhoumo )བཅས་སྡེ་ཚན་གསུམ་གྱི་ཐོག་ནས་གོ་སྒྲིག་བྱས་ཤིང༌། ཧུའུ་ཡའོ་པང་གི་བུ་རྒན་པ་ཧུའུ་ངྷ་ཕིང་གིས་ཚོགས་འདུ་གཙོ་སྐྱོང་བྱས། ཚོགས་འདུར་ཞུགས་མཁན་ཆབ་སྲིད་དང༌དཔལ་འབྱོར། ལྟ་གྲུབ། ཁྲིམས་དོན། གསར་འགྱུར་བཅས་ལས་རིགས་ཀྱི་མཁས་པ་ཚོས་རྒྱ་ནག་གུང་བྲན་གཞུང་ལ་འཛེམས་ཟོན་མེད་པར་སྐྱོན་བརྗོད་ཤུགས་ཆེན་བྱས་པ་དང༌། སྐྱོན་བརྗོད་བྱེད་མཁན་དེ་ཚོ་གུང་བྲན་གཞུང་གི་དཀྱིལ་འཁོར་ནང་དུ་ཡོད་བཞིན་པའམ། ཡང་ན་དེ་སྔ་དཀྱིལ་འཁོར་ནང་བསྡད་མྱོང་མཁན་ཞེ་ཅིག་ཆགས་ཡོད་ལ། སྐྱོན་བརྗོད་དེ་ཚོ་ཡང་ཐད་ཀར་གུང་བྲན་ཏང་ལ་དམིགས་པ། སྐྱོན་བརྗོད་བྱས་པའི་གནད་དོན་འཇིགས་སྣང་མེད་པར་བརྒྱུད་ལམ་ཁག་ཏུ་འགོད་སྤེལ་ཐུབ་པ་བཅས་ནི་ཚོགས་འདུའི་ཁྱད་ཆོས་ལྟ་བུར་མི་ཚོས་ངོས་འཛིན་བྱེད་ཀྱི་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཧུའུ་ཡའོ་པང་གི་བུ་རྒན་པ་ཧུ་ངྷ་ཕིང་( Hu Deping )གིས་གསུང་དོན། “ ལོ་གསུམ་བཅུའི་སྔོན་གྱི་ཆོད་ཡིག་ནང་རང་སྐྱོན་རང་བརྗོད་འདང་ངེས་ཤིག་བྱས་མེད་པ་དང༌། མི་ཁ་ཤས་ཀྱིས་དུས་ད་ལྟ་ཡིན་ན་ཡང་རིག་གནས་གསར་བརྗེ་སྐབས་ཀྱི་བྱེད་སྟངས་ཁ་ཤས་ལ་རྗེས་དྲན་བྱེད་པ་ནི་ཉམས་རྒུད་ཀྱི་རྣམ་པ་ཡིན་ཞིང༌། གསར་བརྗེ་བྱེད་མཁན་གྱི་ཏང་དམར་ཤོག་ཚོགས་པ་ནི་གཞུང་འཛིན་གྱི་ཏང་ལ་སྒྱུར་ཐུབ་པ་བྱ་དགོས། དེ་ནི་ལོ་རྒྱུས་ཀྱི་འདམས་ཁ་དང༌ལོ་རྒྱུས་ཀྱི་གོ་སྐབས་རེད ”
རྒྱ་ནག་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་མཁས་དབང་ཅང་ཕིང་( Jangping )གིས་གསུང་པར། “ དེང་སང་རྒྱ་ནག་ལ་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པ་ཟེར་བ་དང༌། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་ཟེར་བའི་མི་རྣམས་འཁྲུལ་དུ་འཇུག་པའི་རིག་པའི་གཞུང་ལུགས་དེ་གཉིས་ནན་བརྗོད་བྱེད་ཀྱི་ཡོད། ཀྲུང་གོའི་ཁྱད་ཆོས་ནན་བཤད་བྱ་རྒྱུ་མང་དྲགས་པ་འདིས་འགྲོ་བ་མིའི་རིགས་ཐུན་མོང་གི་བསམ་ཚུལ་ལ་སྣང་ཆུང་གཏོང་གི་ཡོད་ཅིང༌། ཐུན་མོང་གི་རྩ་ཁྲིམས་དང༌། ཁྲིམས་ལུགས། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་གོ་དོན་གཙོ་ཆེར་འཛིན་རྒྱུ་ནི་གལ་ཆེ་ཤོས་དེ་ཆགས་ཡོད ”
རྒྱ་ནག་ཁྲལ་དོན་དུས་དེབ་ཁང་གི་འགན་འཛིན་ཀྲང་མུ་ཧྲེང་( Zhang Musheng )གིས་གསུངས་དོན་ལ། “ ལོ་ངོ་ ༣༠ རིང་གི་དཔལ་འབྱོར་འཛུགས་སྐྲུན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། དཀའ་ངལ་ཡང་ཆེན་པོ་ཞིག་མཉམ་དུ་བྱུང་ཡོད། དཀའ་ངལ་མང་པོ་ཞིག་ཏང་ནང་དུ་ཡོད་པས་བསྐྱར་ཞིབ་དང་ཕྱོགས་སྡོམ་ཡག་པོ་བྱེད་དགོས། བསྒྱུར་བཅོས་སྒོ་དབྱེའི་ལས་དོན་གྱི་ནོར་འཁྲུལ་ཆེ་ཤོས་ནི་ང་ཚོས་མ་རྩ་རིང་ལུགས་ཀྱི་ལམ་དུ་མངོན་གསལ་དོད་པོས་འགྲོ་བཞིན་ཡོད་ཀྱང༌། མང་ཚོགས་ལ་མ་རྩ་རིང་ལུགས་སུ་འགྲོ་བཞིན་ཡོད་ཅེས་བཤད་མི་ཕོད་པ་དེ་ཡིན། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་གི་མགོ་ཁྲིད་ཡར་རྒྱས་ཀྱང་གཏོང་དགོས ”
རྒྱ་ནག་སྤྱི་ཚོཌ་ཚན་རིག་ཁང་གི་མཁས་དབང་ཡུལ་ཅན་རུང་( Yu Jianrong )གིས་གསུངས་པར། “ གཞུང་འཛིན་བྱེད་མཁན་གྱིས་གཞུང་འཛིན་བྱེད་པའི་བརྒྱུད་རིམ་ནང་ནོར་འཁྲུལ་ག་རེ་བྱུང་པ་དང༌། རྒྱལ་ཁབ་དང་མི་མང་ལ་གནོད་འཚེ་ག་རེ་བཟོས་ཡོད་པ། ནོར་འཁྲུལ་ཤོར་དགོས་པའི་རྒྱུ་རྐྱེན་རྣམས་གང་འདྲ་བྱས་ནས་མེད་པ་བཟོ་དགོས་པ་བཅས་ཀྱི་གནད་དོན་དེ་ཚོ་ལོ་གསུམ་བཅུའི་སྔོན་གྱི་ཆོད་ཡིག་ནང་གསལ་པོ་བཤད་ཡོད་པ་མ་རེད ”
པེ་ཅིང་སློབ་ཆེན་གྱི་གྲན་སྤོའོ་( Chenbo ) ཡིས་གསུང་དོན་ལ། “ ཆོད་ཡིག་དེ་བཟོ་སྐབས་ཏིང་ཞའོ་ཕིང་གིས་སྟངས་འཛིན་གཙོ་བོ་བྱས་ཡོད་པ་དང༌། ཏང་ནང་གི་བསམ་འཆར་ཡག་པོ་དེ་ཚོ་ཏིང་གིས་ཉན་འཇོག་བྱས་མེད། རིག་གནས་གསར་བརྗེར་བསྐྱར་ཞིབ་བྱེད་རྒྱུ་འདང་མེད། མའོ་ཙེ་ཏུང་གིས་ཆུང་དུས་ནས་རྒན་ཁོག་མ་ཆགས་པར་གྲལ་རིམ་འཐབ་རྩོད་བྱས་ནས་དུས་ཚོད་བསྐྱལ་བ་རེད ”
པེ་ཅིང་སློབ་གྲྭ་ཆེན་མོའི་བཟོ་ཚོང་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ཀྲང་ཝེ་ཡིང་( Zhang Weiying )གིས་གསུངས་པར། “ ང་ཚོས་དེང་སང་མཐོང་བའི་ལོ་རྒྱུས་ཚང་མ་ལོ་རྒྱུས་རྫུན་མ་རེད། རིག་གནས་གསར་བརྗེ་ནོར་འཁྲུལ་ཡིན་པའི་དགག་པ་ཤུགས་ཆེན་མ་བརྒྱབ་ན། རྒྱ་ནག་པ་རྣམས་ཀྱི་རྣམ་ཤེས་གཙང་མ་ཆགས་མི་སྲིད། རྩ་ཁྲིམས་དོན་འཁྱོལ་ཡོང་བ་བྱ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེང་སང་རྩ་ཁྲིམས་ཀྱི་དོན་ཚན་གཅིག་རང་དོན་འཁྱོལ་བྱེད་ཀྱི་ཡོད་པ་ནི་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། དེ་མིན་པའི་རྩ་ཁྲིམས་ཀྱི་དོན་ཚན་ཡོངས་རྫོགས་སྟོང་པ་རེད། མིག་སྔའི་ལས་འགན་གལ་ཆེ་ཤོས་ནི་རྩ་ཁྲིམས་དོན་འཁྱོལ་བྱ་རྒྱུ་དེ་རེད། ཆོད་ཡིག་བཞག་ནས་ལོ་ ༣༠ འཁོར་བའི་དྲན་གསོ་བྱེད་ཀྱི་ཡོད་པའི་སྐབས་འདིར་ང་རང་སེམས་པ་སྐྱིད་པོ་ཞེ་དྲག་མི་འདུག ”
རྒྱ་ནག་སྲིད་ཁྲིམས་སློབ་གྲྭ་ཆེན་མོའི་ཁྲིམས་ལུཌ་སྡེ་ཚན་གྱི་སློབ་སྤྱི་གཞོན་པ་ཧོ་པིང་( Hebing ) གིས་གསུང་དོན། “ དེང་སང་གི་དཀའ་ངལ་རྣམས་ཏང་ནང་དུ་ཡོད་པ་རེད། གཙོ་གནད་ནི་གུང་བྲན་ཏང་སྒྱུར་བཅོས་བྱེད་དགོས། ཏང་གི་ཐོག་ལ་བཀས་བཀོད་རྒྱུད་འཛིན་གྱི་གནས་ཚུལ་མང་པོ་ཡོད་པ་རེད། ཏང་མང་གཙོ་ཅན་དང༌། ཚན་རིག་ཅན། དེང་རབས་ཅན་དུ་བསྒྱུར་དགོས། ཏང་གི་གསུང་སྟངས་སྙན་པོ་དེ་ཚོ་དོན་འཁྱོལ་ཡོང་བ་བྱ་དགོས། དབང་ཆ་བཟུང་ནས་ལོ་ ༦༠ འགྲོ་ཡི་ཡོད་པས་ནན་ཏན་གྱིས་ཆབ་སྲིད་ལ་ཞིབ་འཇུག་བྱེད་དགོས་པའི་དུས་ལ་བབ་ཡོད། ཆབ་སྲིད་མང་ཚོགས་ལ་བཤད་དུ་འཇུག་དགོས་པ་ལས། མི་མང་ལ་ཆབ་སྲིད་ཤོད་དགོས་དོན་མེད། ཙི་ཙི་འཛིན་ཤེས་མཁན་གྱི་ཞི་མི་དེ་ཞི་མི་ཡག་པོ་རེད། དེང་སང་ཙི་ཙི་འཛིན་ཐུབ་ཡོད་ཀྱང༌། ཞི་མི་ནང་ཁུལ་འཁྲུག་པ་རྒྱག་གི་ཡོད། ཆབ་སྲིད་ཚོགས་པས་དཔལ་འབྱོར་འཛུགས་སྐྲུན་གྱིས་གཙོ་བོ་བྱེད་དགོས་ཀྱི་རེད་དམ། ཡང་ན་ཆབ་སྲིད་འཛུགས་སྐྲུན་གྱི་གཙོ་བྱེད་དགོས་ཀྱི་རེད་དམ། གནད་དོན་དེ་ནི་གླེང་རིན་ཡོད་པ་ཞིག་རེད ”
ཧོང་ཀོང་སློབ་གྲྭ་ཆེན་མོའི་མཁས་དབང་ཏིང་ཞོལ་ལེང་( Ding Xueliang )གིས་དྲན་སྐུལ་བྱས་དོན། “ རིག་གསར་གྱི་བསླབ་བྱ་མ་བརྗེད་པ་བྱེད་པ་དང་དུས་མཚུངས་ལི་བྷེ་ཡ་ནས་ནས་བྱུང་བའི་བསླབ་བྱར་དབྱེ་ཞིབ་ནན་ཏན་བྱེད་དགོས། རྒྱ་ནག་ལ་འགྲོ་ལམ་གཅིག་ལས་མེད། དེ་ནི་དམངས་གཙོ་དང༌། ཁྲིམས་ལུགས་དབང་འཛིན་ཡིན་ཞིང༌། ལམ་དེ་ལས་གཡོལ་ཐབས་མེད། ཇི་ཙམ་འགྱངས་པ་དེ་ཙམ་གྱིས་དཀའ་ངལ་ཆེ་རུ་འགྲོ་རྒྱུ་ལས་མེད ” ཅེས་དང༌། ཏིང་ཞོལ་ལེང་གིས་མུ་མཐུད་གསུངས་པར། ཚོགས་འདུ་ཧ་ཅང་གི་ལྷུག་པོ་བྱུང་ཡོད། མི་མང་པོས་གླེང་པའི་དོན་དག་གཙོ་བོ་ནི་གང་འདྲ་བྱས་ནས་མའོ་ཙེ་ཏུང་ལ་བལྟ་དགོས་པ་དང༌། གང་འདྲ་བྱས་ཏེ་རིག་གསར་གྱི་བསླབ་བྱ་བླངས་ཏེ་རྒྱ་ནག་གི་བསྒྱུར་བཅོས་སྒོ་དབྱེའི་ལས་དོན་སྤེལ་དགོས་པའི་སྐོར་རེད། རྒྱ་ནག་གུང་བྲན་གཞུང་གི་སྲིད་ངན་ལ་སྐྱོན་བརྗོད་བྱེད་རྒྱུ་ནི་ཐེངས་འདིའི་བཞུགས་མོལ་ཚོགས་འདུའི་ཆ་ཤས་ཤིག་ཡིན་ཞིང༌། གྲོས་བསྡུར་མང་ཆེ་ཤོས་ནི་བསྒྱུར་བཅོས་ལས་དོན་ལ་གལ་ཆེའི་བསམ་འཆར་འདོན་རྒྱུ་དང༌། བཟང་ཕྱོགས་དང༌། གསར་གཏོད་རང་བཞིན། ཕྱོགས་གཅིག་རྐྱང་པར་མ་ལྷུང་པའི་ཆབ་སྲིད་ཀྱི་བསམ་ཚུལ་འདོན་རྒྱུ་དེ་ཡིན་སྟབས། ཚོགས་འདུས་རྒྱ་ནག་གི་ཆབ་སྲིད་བསྒྱུར་བཅོས་བྱེད་རྒྱུ་དེ་ལས་སླ་པོར་རྩིས་མེད་ལ། རྒྱ་ནག་གི་ཆབ་སྲིད་བསྒྱུར་བཅོས་ཀྱི་ལས་དོན་དེ་རེ་བ་མེད་པར་ཡང་ངོས་འཛིན་བྱས་ཡོད་པ་མ་རེད།
ཞིབ་འཇུག་པ་ཁ་ཤས་ཀྱིས། རྒྱ་ནག་ནང་ཐེངས་འདིའི་བཞུགས་མོལ་ཚོགས་འདུ་འདི་འདྲ་བ་དེ་སྔ་ཚོགས་མྱོང་མེད། ཚོགས་འདུར་ཞུགས་མཁན་གྱི་མི་སྣ་ཡིན་ནའང་འདྲ། གྲོས་བསྡུར་བྱེད་པའི་དོན་དག་ཡིན་ནའང་འདྲ། ག་ནས་བལྟས་ཀྱང་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོ་ཡོད་ཅིང༌། ལྷག་པར་དུ་དཀྱིལ་ཤར་ཡུལ་གྲུའི་ནང་དམངས་གཙོའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་པའི་ད་ལྟའི་དུས་སྐབས་འདིར་དེ་ལྟའི་ཚོགས་འདུ་ནི་ཚོར་བ་ཧ་ཅང་སྐྱེན་པོ་ཡིན་པར་ངོས་འཛིན་བྱས་འདུག
ཁྲིམས་ལུགས་མཁས་དབང་ཀོ་ཏའོ་ཧུའི་( GuoDaohui )ཡིས་གསུངས་པར། ལོ་གསུམ་བཅུའི་སྔོན་ལ་གླེང་སློང་བྱུང་བའི་གནད་དོན་རྣམས་གླེད་དགོས། མའོ་ཙེ་ཏུང་གང་འདྲ་ཡིན་མིན་གྲོས་བསྡུར་བྱ་རྒྱུར་དགག་ཆ་བྱེད་རྒྱུ་མེད། ཏང་གི་སྲིད་སྐྱོང་ལ་ཉེན་ཁ་ཧ་ཅང་ཆེན་པོ་བསླེབས་ཡོད་པར་བརྟེན་སླར་ཡང་བསམ་བློར་བཅིངས་འགྲོལ་བཏང་ནས་གྲོས་བསྡུར་རྒྱ་ཆེན་པོ་བྱ་དགོས།
ཆབ་སྲིད་ཉམས་ཞིབ་པ་མ་ལི་ཁྲེང་གིས་( Ma Licheng )གིས་གསུངས་དོན་ལ། མང་གཙོ་དང་རང་དབང་ནི་འགོག་ཐབས་མེད་པ་གཉིས་ཡིན་པས་དེ་གཉིས་བཀག་འགོག་བྱེད་རྒྱུ་མེད། དཔལ་འབྱོར་གོང་འཕེལ་གྱིས་གཞུང་འཛིན་བྱེད་རྒྱུ་ཁྲིམས་མཐུན་ཡིན་པ་བཟོ་ཐབས་མེད། རང་མགོ་རང་གིས་སྐོར་རྒྱུ་མེད། ཏང་ནང་ལོག་གི་དམངས་གཙོ་ཆེ་རུ་གཏོང་རྒྱུ་དེ་ནི་བྱེད་ཐུབ་པའི་ལས་ཀ་ཞིག་རེད། དེ་ནི་ཏང་གིས་མགོ་ཁྲིད་འོག་གི་ཁྲིམས་ལུགས་དབང་འཛིན་གྱི་ལམ་བུ་ཅིག་རེད་ཅེས་སོགས་གསུངས་ཡོད་པ་རེད།
ཤེས་རྟོགས་བྱུར་བར་གཞིགས་ན། ཐེངས་འདིའི་ཚོགས་བཅར་བ་མང་ཆེ་བ་གལ་ཆེའི་སྲིད་བྱུས་ཉམས་ཞིབ་ཁང་དང༌། སྲིད་བྱུས་ལག་བསྟར་བྱེད་མཁན་གྱི་སྡེ་ཚན་ཁག་ནང་ལས་ཀ་བྱེད་ཀྱི་ཡོད་སྟབས། ཚོགས་འདུའི་ཐོག་གི་བསམ་ཚུལ་དེ་ཚོས་སྲིད་བྱུས་གཏན་འབེབས་བྱེད་མཁན་དང༌། རྒྱ་ནག་གི་མདུན་ལམ་ལ་ཤུགས་རྐྱེན་ངེས་ཅན་ཡོང་ངེས་ཀྱང༌། ཤུགས་རྐྱེན་ཆེ་ལུགས་ཇི་ཙམ་ཡོང་མིན་ནི་དུས་ཚོད་ལ་བརྟེན་ནས་གསལ་པོ་ཆགས་དགོས་པ་ཞིག་ཡིན།
ཉམས་ཞིབ་པ་ཁ་ཤས་ཀྱིས། ཏང་གི་ཚོཌ་ཆེན་ཐེངས་ ༡༨ པ་མགྱོཌ་པོར་ཚོགས་འཆར་ཡོད་པ་དང༌། བརྒྱད་པའི་ཉེར་བདུན་གྱི་བཞུགས་མོལ་ཚོགས་འདུར་གྲོས་བསྡུར་བྱས་པའི་གནད་དོན་དེ་ཚོ་ཚོགས་ཆེན་ ༡༨ པའི་གོང་ལ་ཕྱོགས་ཚང་མས་གླེང་སློང་བྱ་སྲིད་ཅིང༌། བཞུགས་མོལ་ཚོགས་འདུའི་ཐོག་བཏོན་པའི་བསམ་ཚུལ་དེ་ཚོ་ནི་རྒྱ་ནག་གུང་བྲན་གཞུང་གི་འགན་འཁུར་ཡོད་མཁན་དཔོན་རིགས་རྣམས་ཀྱིས་ཏན་ཏན་དོ་སྣང་བྱེད་པའི་གནད་དོན་ཡིན་པར་ངོས་འཛིན་བྱས་འདུག
རྒྱ་ནག་གུང་བྲན་གཞུང་ལ་སྐྱོན་བརྗོད་ཀྱི་ཚོགས་འདུ་དེ་འདྲ་ཞིག་པེ་ཅིང་དུ་སྐོང་ཚོགས་བྱེད་ཐུབ་པ་ནི་རྒྱུན་ལྡན་ཅན་ཞིག་མིན་པར་ཚང་མས་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་དེང་སྐབས་རྒྱ་ནག་ནང་ཆབ་སྲིད་ཀྱི་གནམ་གཤིས་འཚུབ་ཆ་ཆེ་བའི་དུས་སྐབས་ལ་ཚོགས་འདུ་དེ་འདྲ་ཞིག་ཚོགས་ཐུབ་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། ཧུའུ་ཡའོ་པང་གི་བུ་ཧུ་ངྷ་ཕིང་དང་འབྲེལ་དྲིས་ཆེ་བ་ཞིག་གིས་བརྗོད་པ་ལྟར་ན། དྲུག་བཞིའི་དོན་རྐྱེན་སྐབས་ཧུའུ་ངྷ་ཕིང་ལ་སྐྱོན་གང་ཡང་བྱུང་མེད། སྐབས་དེར་ང་ཚོས་དྲུག་བཞིའི་སྐབས་རྡུང་རྡེག་ཕོགས་མཁན། ཧུའུ་ངྷ་ཕིང་གིས་རྡུང་རྡེག་ཕོགས་མཁན་ཚོའི་ཆེད་དུ་ཕན་པའི་སྐད་ཆ་ཚིག་རེ་ཟུང་བཤད་ན་བསམ་ཡང་བཤད་མེད་པར་བརྟེན། ང་ཚོའི་གྲས་ཁག་ཅིག་གིས་ཧུའུ་ངྷ་ཕིང་ལ་མཐོང་ཚུལ་བྱུང་སྟེ། ཁོང་དེ་ཙམ་བློ་ཁོག་མེད་པའི་མི་ཞིག་ཡིན་པར་རྒྱུ་མཚན་ལྡན་པའི་ངོས་འཛིན་བྱས་པ་རེད།
དེར་བརྟེན་ཐེངས་འདིར་ཧུའུ་ངྷ་ཕིང་གིས་གཙོ་བོ་བྱས་ནས་ཚོགས་འདུ་དེ་འདྲ་ཞིག་སྐོང་ཐུབ་པ་ནི་ཧུའུ་ལ་རྒྱབ་རྟགས་ཤུགས་ཆེན་པོ་ཞིག་ཡོད་པ་གསལ་པོ་ཡིན། རྒྱབ་རྟགས་དེ་སུ་རེད་དམ་ཞེ་ན། ཁག་ཅིག་གི་ངོས་འཛིན་ལ་སྲིད་བློན་ཝུན་ཅ་པའོ་འམ་ཡང་ན་ཞི་ཅིན་ཕིང་གཉིས་ནས་གཅིག་ཡིན་སྲིད། ཞིབ་པར་དཔྱད་ན་ཝུན་ཅ་པའོ་ལས་ཞི་ཅིན་ཕིང་ཡིན་སྲིད་པའི་རང་བཞིན་ཆེ་སྙམ། གང་ཡིན་ཟེར་ན། ཚོགས་འདུར་སྐད་ཆ་ཤུགས་ཆེ་ཤོས་ཤོད་མཁན་ཀྲང་མུ་ཧྲེང་ནི་ཞི་ཡི་བློ་ཉེ་ས་ཡིན་པ་དང༌། ཚོགས་ཞུགས་མི་སྣ་དམག་དཔོན་ལས་ཐོག་ལིའུ་ཧྲའོ་ཆི་ཡི་བུ་ལིའུ་ཡོན་( Liuyuan ) ཡང་ཞི་ཡི་དམག་ཁོངས་ཀྱི་དགའ་ཉེ་བློ་དཀར་ཡིན་པས་ཕྱིར།
ཡིན་ན་ཡང་ཞི་ཅིན་ཕིང་རྒྱབ་རྟགས་སུ་ཡོད་པའི་རྒྱུ་མཚན་གྱིས་ཏང་གི་ཚོགས་ཆེན་ ༡༨ རྗེས་ཞི་ཅིན་ཕིང་གིས་ལམ་སེང་སྙིང་སྟོབས་ཆེན་པོས་ཆབ་སྲིད་བསྒྱུར་བཅོས་བྱ་མི་སྲིད། འོ་ན་ཅིའི་ཕྱིར་ཚོགས་འདུ་དེ་ཚོགས་བཅུག་པ་རེད་དམ་ཟེར་ན། དེང་སང་གང་སར་དམར་པོའི་གཞས་གཏོང་རྒྱུར་སྐུལ་འདེད་བྱས་ནས་མའོ་ཙེ་ཏུང་གི་ལམ་ལ་བསྐྱོད་རྒྱུར་ཤུགས་རྒྱག་མཁན་དྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་སྦོ་ཤི་ལའེ་( Bo Xilai )ཡི་བསམ་བློར་ས་གནས་མི་སེར་གྱི་དགའ་པོ་བྱེད་ཀྱི་ཡོད་པ་དེའི་ཤུགས་རྐྱེན་ཆེ་རུ་མི་འགྲོ་བའི་ཆེད་ལོ་ ༣༠ གོང་གི་གུང་བྲན་ཏང་གི་ཆོད་ཡིག་ལ་དྲན་གསོའི་ལམ་ནས་ཐད་ཀར་རིག་གནས་གསར་བརྗེ་དང༌། བརྒྱུད་ནས་མའོ་ཙེ་ཏུང་ལ་དགག་རྒྱག་གི་སྒྲ་ཞིག་ཐོན་པ་བྱ་རྒྱུའི་ཆེད་དུ་ཡིན་ཞིང༌། སྙིང་པོར་བསྡུས་ན་ཞི་ཅིན་ཕིང་གིས་ ༢༠༡༢ ལོར་སྲིད་དབང་བཟུང་རྗེས་མའོ་ཙེ་ཏུང་གི་དུས་སྐབས་ལ་ལྟག་སློག་རྒྱག་རྒྱུའི་འདོད་པ་མེད་པ་བསྟན་ཡོད།
ཚོགས་འདུ་འདིས་རྒྱ་ནག་གི་སྲིད་བྱུས་ཐག་གཅོད་བྱེད་མཁན་རྣམས་དང༌། རྒྱ་ནག་གི་མདུན་ལམ་ལ་ཤུགས་རྐྱེན་གང་འདྲ་ཐེབས་མིན་ཐད་བསམ་ཚུལ་མི་འདྲ་བ་ཡོད་ཀྱང༌། མང་ཆེ་བས་དེ་རིང་གི་ཚོགས་འདུར་ཤེས་ཡོན་ཅན་གྱིས་ཆབ་སྲིད་གླེང་པ་ཞིག་ཡིན་སྟབས། མི་མང་པོའི་སྐད་སྒྲ་དེ་གཅིག་བྱས་ན་སྟོབས་ཤུགས་ཤིག་ལ་གྱུར་སྲིད་པར་ངོས་འཛིན་བྱེད་ཀྱི་ཡོད།། །།
ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༡༤ ལ།
ཟུང་དྲུང་ལགས་ལ་ཐུགས་རྗེ་ཆེ། ང་ཚོས་དོ་སྣང་བྱེད་ཡུལ་ཞིག་རེད་ལ་གང་ཡང་ཤེས་ཐབས་བྲལ་བའི་ང་འདྲ་བ་དག་ལ་ཧ་ཅང་ཕན་ཐོགས་འདུག
ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལ་ཐུགས་རྗེ་ཆེ་ཞུ།
མ་འོངས་པར་རྒྱ་ནག་གི་གྱུར་འགྲོས་ཐོག་ཡང་ནས་ཡང་དུ་བཀོད་ཐུབ་པ་ཡིན་ན། ང་རང་བོད་མི་ཚོར་རྒྱ་ནག་གི་གནས་སྟངས་ཤེས་དགོས་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན། དུས་ནས་དུས་ཡོད་པའི་རེ་བ་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཡག་པོ་འདུག་ཀྱང་རྒྱུན་རིང་རྗེས་སུ་ཐོན་པའི་ཚོད་ནས་བསྡུས་ཆེ་འདུག. རབ་བྱུང་ན་་་མི་རེས་སྐར་ལྔའི་ཡུན་དུ་བཤད་པ་ཆ་ཚང་. ཇི་བཞིན་བསྒྱུར་ཡོང་བར་རེ་བ་སྙིང་ནས་ཞུ་གསོལ་འདེབས.
སྐད་གཉིས་པ་ཚོས་གསར་འགྱུར་དགོས་མཁོ་ཅན་དག་ལམ་སེང་བོད་བསྒྱུར་གང་མགྱོགས་གནང་བ་ལས་གཡས་སྒུག་གཡོན་སྒུག་མི་བྱེད་བར་རེ་འབོད་ཆེན་པོ་ཞུ་ཞུ་་ཞུའོ.
ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལགས་ལ་ཐུགས་རྗེ་ཆེ་ཞུ། གང་ཡིན་ཟེར་ན། འདིའི་གནད་དོན་ཞིག་BBCརྒྱ་ཡིག་དྲ་གནས་སྟེང་ཐོན་སོང། ད་བར་དུ་བོད་ཡིག་ཐོག་ཐོན་གྱི་ཡོད་ན་བསམ་ནས་རྒྱུན་རིང་པོ་དོ་སྣང་བྱས་པ་ཡིན་ཏེ། དྲ་རྒྱ་ཚང་མར་གསར་འགྱུར་ཙམ་ཡང་ཐོན་མ་སོང། དེ་རིང་འདིར་ཞིབ་ཚགས་པོ་སྟེང་གསེད་བཀྲོལ་བྱས་འདུག་པས། ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་བ་ཡིན། ད་དུང་ཉེ་ཆར་རྒྱ་ནག་གི་ཏ་ལེན་གྲོང་ཁྱེར་དུ་ཚོང་དོན་ཚོགས་འདུ་ཞིག་གི་སྟེང་རྒྱ་ནག་གི་སྲིད་བློན་ཝིན་ཅ་པའོ་ཡི་ཆབ་སྲིད་བཅོས་བསྒྱུར་སྐོར་གྱི་གསུང་བཤད་ཅིག་གནང་ཡོད་ཚོད་འདུག དེའི་སྐོར་ཞིབ་ཚགས་ཤིག་འགྲེལ་བརྗོད་གནང་ཐུབ་པའི་རེ་སྐུལ་ཞུ་རྒྱུ་ཡིན།
ཟུང་དྲུང་ཀུན་དགའ་བཀྲ་ཤིས་ལ་ཐུགས་རྗེ་ཆེ་ཞུ། དེང་སང་རང་རེའི་སྨྱུག་འཛྀན་པར་རློམ་པ་འགས་སྨྱུ་གུའི་མདུང་རྩེ་རང་གི་དཔྲལ་བ་ལ་གཏོད་པ་ལས་རྒྱ་གུང་བྲན་ལ་གཏོད་མི་ཤེས་པར་འདུག་པས། མདུང་རྩེ་གུང་བྲན་ལ་གཏོད་པ་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཕྱི་དགྲ་བོའི་སྟེང་དུ་བལ་ལས་འཇམ། །ནང་ཕུ་ནུའི་སྟེང་དུ་ཕྲུག་ལས་རྩུབ། །ཁོག་སྟོང་པར་གཟི་བརྗིད་པགས་པས་གཡོགས། །མི་དེ་འདྲ་མཐོང་ཚེ་སྙིང་རེ་རྗེ། །
བཀླགས་ཟིན། དཔེ་མི་ཟད་པའི་ཕན་པོ་བྱུང་། གཞུག་ཕྱོགས་ནས་མཛད་བྲེལ་ཆེ་མིན་ལ་མ་ལྟོས་པར་རྩོམ་ཡིག་འདི་འདྲའི་རིགས་མང་ཙམ་བསྒྱུར་འགོད་གནང་རོགས་གནང་།