ཟླ་བ་ཚེ་རིང་།
ད་ལོའི་ཕྱི་ཟླ་གསུམ་པའི་ནང་། སྐུ་མདུན་ནས་ཁོང་གི་བགྲེས་ཡོལ་ཆ་ཚང་སྐོར་གྱི་གསུང་འཕྲིན་ཕེབས་སྐབས། ང་ལ་བོད་དོན་འདི་ཁོང་གི་སྐུ་ཚེ་རིང་སེལ་མི་ཐུབ་པའམ། རྒྱལ་སྤྱི་ལ་རྒྱ་ནག་གི་དགོས་མཁོ་ཇེ་ཆེ་ཡིན་པའི་བར་སྐབས་འདིར། བོད་དོན་རྒྱལ་སྤྱིའི་སྒང་ནས་བོར་བརླག་ཏུ་མི་འགྲོ་བའམ། གང་ལྟར་ད་ལྟའི་བོད་དོན་འཐབ་རྩོད་ཀྱི་ངར་ཤུགས་དེ་མི་རབས་རྗེས་མ་ཚོའི་བར་དུ་རྒྱུན་སྲིང་ཐུབ་ཆེད་ཡིན་པའི་སེམས་ཚོར་དྲག་པོ་བྱུང་།
ཉིན་འགའི་སྔོན་ཏེ། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན། སྐུ་མདུན་ནས་ཡང་བསྐྱར་ཁོང་གི་ཡང་སྲིད་སྐོར་ལ་གསལ་ཁ་གཏོད་པའི་གསུང་འཕྲིན་བསྩལ་བྱུང་། གསུང་འཕྲིན་འདིས། ཡང་བསྐྱར་ང་ལ་བོད་དོན་བདེན་མཐའ་སེལ་རྒྱུ་དེ་ངའི་བུ་དང་ཚ་བོའི་རིང་ངམ། ཡང་ན་དེ་ལས་ཀྱང་ཕ་རོལ་ཏུ་འགྱངས་འགྲོ་བའི་སེམས་ཚོར་ཞིག་བསླངས།
སྐྱེ་བ་སྔ་ཕྱི་དང་སྐྱེ་བ་ལེན་ཚུལ། སྤྲུལ་སྐུའི་མཚན་དོན། ཡང་སྲིད་ངོས་འཛིན། དེའི་ལམ་སྲོལ། ཐབས་ལམ། གང་ལྟར། གསུང་འཕྲིན་འདིའི་ནང་གསལ་བའི་དོན་ཚན་ཚང་མ་མདོར་དྲིལ་ན་གཅིག་སྟེ། ༼ ཆོས་ཕྱོགས་ཀྱི་ཏྰ་ལའི་བླ་མ་ ༽ཞེས་པ་འདི་ཡིན། དེ་ཡང་སྐད་ཆ་གཞན་སྐོར་ནས་བཤད་ན། ནང་པའི་ལྟ་སྤྱོད་རྣམ་བཞག་གི་ངོས་དང་། བོད་མིའི་ལས་བསོད་དད་སྟོབས་ཀྱི་ངོས། རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་ངོས། སྔོན་སྲོལ་ཡང་སྲིད་ངོས་འཛིན་གྱི་ངོས། ཕྱོགས་གང་ནས་གནས་ལུགས་བསྡུར་ཡང་། ཏྰ་ལའི་བླ་མ་ནི། ཆོས་ལུགས་ཀྱི་ཏྰ་ལའི་བླ་མ་ལས་༼ ཆབ་སྲིད་ཀྱི་ཏྰ་ལའི་བླ་མ་༽མིན་ཞེས་པ་འདི་ཡིན། གསུང་འཕྲིན་འདི་ཕེབས་རྗེས། ངྷ་རམ་ས་ལས་ད་ནི་ཧ་ཅང་གི་སེམས་བདེ་སོང་ཟེར། གསུང་འཕྲིན་ནང་གནས་ལུགས་རྒྱུ་མཚན་དང་བྱུང་རབས་ལོ་རྒྱུས་དེ་དག་བགྲངས་རྗེས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པ་ཚོའི་མིང་གིས་བཟུང་སྟེ། ཆབ་སྲིད་ཀྱི་ཆེད་དུ་ཡང་སྤྲུལ་འདེམས་སྒྲུག་བྱས་ཚེ་སུས་ཀྱང་དད་མོས་བྱེད་མི་དགོས་ཞེས་དང་། སྐུ་ཕྲེང་བཅོ་ལྔ་བ་དགོས་གལ་བྱུང་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་དགའ་ལྡན་ཕོ་བྲང་གི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་ཅེས་བཀོད་ཡོད། ངྷ་རམ་ས་ལ་སེམས་བདེ་ས་དེ་འདི་ཡིན།
ལྔ་བ་ཆེན་པོ་དང་བཅུ་གསུམ་པ་ཆེན་པོ། རྒྱལ་བ་སྐུ་ཕྲེང་ན་རིམ་ནང་འདི་གཉིས་ལ་ང་ཚོས་དམིགས་བསལ་གྱིས་༼ ཆེན་པོ་ ༽ཞེས་པའི་ཆེ་བསྟོད་ཕུལ་ཡོད། གཅིག་གིས་བོད་ས་ཡོངས་ལ་དབང་བསྒྱུར་ནས་གཞུང་ས་དགའ་ལྡན་ཕོ་བྲང་གཙུགས་པ་དང་། གཅིག་ཤོས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་འདྲ་མིན་ནང་བོད་ལ་སླེབས་པའི་གནོན་ཤུགས་ཏེ། རྒྱ་ནག་མན་ཇུ་དང་རྒྱ་གར་དབྱིན་གཞུང་གི་ཤུགས་རྐྱེན་ཕྱིར་འཕུད་བཏང་ནས། བོད་འདི་རང་དབང་རང་བཙན་མའི་༼ རྒྱལ་ཁབ་ ༽ཅིག་ཡིན་པའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་པས་ཡིན། ལོ་རྒྱུས་ཐོག་གི་རླབས་ཆེན་ཕྱག་རྗེས་འདི་གཉིས་གང་ཡིན་ཡང་ཆབ་སྲིད་ཆགས་ཡོད་ལ། ལོ་རྒྱུས་ཐོག་གི་རླབས་ཆེན་མི་སྣ་འདི་གཉིས་གང་ཡིན་ཡང་ཆབ་སྲིད་ཀྱི་དབུ་ཁྲིད་ཆགས་ཡོད། དེ་རིང་། བོད་དོན་རྒྱལ་སྤྱིའི་གནད་དོན་ནམ། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཡོངས་ཁྱབ་རང་བཞིན་གྱི་སེམས་ཁྲལ་ཞིག་ཆགས་ཡོད། འདིའི་འབྱུང་ཁུངས་སམ་སྟོབས་ཤུགས་ངོ་མ་སྐུ་མདུན་ལ་བརྟེན་ནས་བྱུང་བ་ཡིན། རྒྱལ་སྤྱིའི་ཐོག སྐུ་མདུན་བོད་ཀྱི་ནང་བའི་བླ་ཆེན་སྤྱིར་བཏང་བ་ཞིག་ལས། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གི་དབང་བསྒྱུར་བསླེབས་སྐབས་རང་གི་སྲིད་གཞུང་ཁྲིད་ནས་བཙན་བྱོལ་དུ་ཕེབས་མཁན་གྱི་བོད་ཀྱི་དབུ་ཁྲིད་དང་། བཙན་བྱོལ་ནང་བོད་ཀྱི་ཆབ་སྲིད་རྒྱུན་སྲོལ་ལམ་ལུགས་དམངས་གཙོར་བཅོས་བསྒྱུར་གནང་མཁན་གྱི་དབུ་ཁྲིད། དབུ་མའི་ལམ་གྱི་གཞུང་ལུགས་བཏོད་ནས་བོད་ཀྱི་རྩ་དོན་རྩོད་མཁན་གྱི་དབུ་ཁྲིད། ད་ལྟའི་ཆར་ལོ་རྒྱུས་ཐོག་གི་ཆབ་སྲིད་འགན་དབང་མི་དམངས་ལ་རྩིས་སྤྲོད་གནང་མཁན་གྱི་བོད་ཀྱི་དབུ་ཁྲིད་ཟུར་བ་ཞིག་ཏུ་མཐོང་ཞིང་ལྟ་གི་ཡོད། རྒྱལ་སྤྱིའི་མིག་ལམ་གྱི་ཏྰ་ལའི་བླ་མ་ཡང་གཙོ་བོ་ཆབ་སྲིད་ཀྱི་དབུ་ཁྲིད་ཅིག་ཡིན།
དེ་སྔའི་དམངས་གཙོའི་བཅའ་ཁྲིམས་ནང་། སྐུ་མདུན་ཁྲིམས་གྱི་རྒྱབ་གཉེར་ཡོད་པའི་བོད་ཀྱི་ཆེས་མཐོའི་ཆབ་སྲིད་དབང་འཛིན་དུ་བཀུར་མྱོང་ཞིང་། ད་ལྟ་ལོ་རྒྱུས་ཐོག་རང་ཆས་སུ་ཡོད་པའི་ཁོང་གི་སྐུ་དབང་ཁག་ཅིག་ལ་མུ་མཐུད་བཅའ་ཁྲིམས་གསར་པས་སྲུང་སྐྱོབ་བྱེད་ཀྱིན་ཡོད། ཏྰ་ལའི་བླ་མ་མི་སྒེར་གྱི་གནད་དོན་ལས་བོད་དོན་མེད་ལ། སྐུ་མདུན་འཛམ་གླིང་རྒྱལ་ཁབ་ཁག་གི་ཆེས་མཐོའི་དབུ་ཁྲིད་གནད་ཡོད་མི་སྣར་མཇལ་འཕྲད། ཐ་ན་ཉེ་ཆར་ཨ་ཧྥུ་རི་ཁ་ལྟ་བུའི་གླིང་ཕྲན་ཞིག་ཏུ་ཆིབས་བསྒྱུར་བསྐྱང་འཆར་ཚུན་ལའང་འགོག་རྒོལ་དང་གནོན་ཤུགས་སྤྲོད་བཞིན་པ། སྐུ་མདུན་དང་ཆབ་སྲིད་ལྟ་བ་ཐ་དད་དུ་ཡོད་པའི་གཞོན་ནུའི་སྒྲིག་འཛུགས་ལའང་༼ ཏྰ་ལའི་རུ་ཚོགས་༽ཞེས་འབོད་བཞིན་པ་འདི་དག་ང་ཚོར་རྒྱང་ཐག་རིང་བོ་གང་ཡང་མིན། ངྷ་རམ་ས་ལ་དང་པེ་ཅིན་སྲིད་གཞུང་སུ་ཡིན་རུང་། ཁ་ཐུག་དང་ཉིན་རེའི་གནས་ཚུལ་བྱུང་རིམ་འདི་དག་གི་ངོས་ནས་ཀྱང་སྐུ་མདུན་ཆོས་ལུགས་ལས་ཆབ་སྲིད་ཀྱི་ངོ་བོར་སྤྱོད་ཤུགས་ཆེ་བ་ཡོད། མདོར་བསྡུས་ན། ལོ་རྒྱུས། རྒྱལ་སྤྱི། བོད། རྒྱ་ནག ཕྱོགས་གང་དང་ངོས་གང་ནས་བལྟས་ཀྱང་ཏྰ་ལའི་བླ་མ་ཆོས་ལུགས་ལས་ཆབ་སྲིད་ཀྱི་ཏྰ་ལའི་བླ་མ་ཡིན། འདི་དོན་དངོས་ཆགས་ཡོད།
ཡང་སྤྲུལ་གསུང་འཕྲིན་འདི་ཕེབས་རྗེས། ཕྱི་ཚེས་ ༢༦ ཉིན་པེ་ཅིན་གྱིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཏྰ་ལའི་བླ་མ་ཞེས་པའི་གོ་མིང་ཀྲུང་དབྱང་སྲིད་གཞུང་གིས་གནང་བ་དང་། སྐུ་མདུན་ཁོང་ཡང་མིན་གོ་ཀྲུང་དབྱང་སྲིད་གཞུང་གིས་བཀའ་ཁྲོལ་གཏན་འཁེལ་བྱས་པ་མ་ཟད། ལོ་རྒྱུས་ཐོག་ཏྰ་ལའི་བླ་མ་གོང་མས་ཏྰ་ལའི་བླ་མ་རྗེས་མ་ངོས་འཛིན་གཏན་འཁེལ་བྱས་མྱོང་མེད་ཟེར། པེ་ཅིན་གྱི་བཤད་སྟངས་འདི་ནང་པའི་ལྟ་སྤྱོད་རྣམ་བཞག་གི་ངོས་དང་། བོད་མིའི་ལས་བསོད་དད་སྟོབས་ཀྱི་ངོས། རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་ངོས། སྔོན་སྲོལ་ཡང་སྲིད་ངོས་འཛིན་གྱི་ངོས་སོགས་གང་ནས་བཤད་ཀྱང་གནས་ལུགས་རྒྱུ་མཚན་གང་ཡང་མེད། ཐ་ན་འདི་ཧམ་བཤད་ཙམ་ལས་གང་ཡང་མིན། འོན་ཀྱང་། ད་ལྟའི་ཆབ་སྲིད་གནས་བབ་ཐོག་ནས་བལྟས་ན། པེ་ཅིན་གཞུང་ངྷ་རམ་ས་ལ་ལས་དངོས་ཡོད་དང་ཐག་ཉེ་བོ་ཡོད། པེ་ཅིན་གྱིས་ཧམ་པ་ཚད་སའང་འདི་ཡིན།
ལོ་རྒྱུས་ནང་། རྒྱལ་དབང་ལྔ་བ་ཆབ་སྲིད་ཀྱི་ཏྰ་ལའི་བླ་མར་ཆགས་པ་ནས། ཁོང་གི་སྐུ་ཕྲེང་ན་རིམ་ཚང་མ་ཆབ་སྲིད་གནས་བབ་བཟང་ངན་འོག་སྐུ་ངལ་འཕྲད་ཅིང་མཛད་འཕྲིན་རྒྱས་ཡོད། ཚངས་དབྱངས་རྒྱ་མཚོ། སྡེ་སྲིད་ཀྱི་ཆབ་སྲིད་བསྟན་པ་དར་དུས་ཡང་སྤྲུལ་ངོས་འཛིན་དང་འབྲེལ་རྒྱལ་ཁྲིར་མངའ་གསོལ་མཛད་ཅིང་། སྡེ་སྲིད་ཕམ་ནས་ལྷ་བཟང་ཁྰན་གྱི་སྲིད་བསྟན་དར་དུས། ཁོང་རྒྱལ་ཁྲི་ནས་ཕབ་སྟེ་ཡུལ་སྤྱུག་གནས་དབྱུང་བཏང་ཡོད། ལྷ་བཟང་ཁྰན་ཕམ་ནས་བོད་ཀྱི་ཆབ་སྲིད་གནས་བབ་ལ་འགྱུར་ལྡོག་བྱུང་མེད་ཚེ། ད་ལྟའི་རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་བྱུང་རབས་ལོ་རྒྱུས་ཀྱང་ཤོག་ངོས་གཞན་ཞིག་ཡིན་ངེས་ལ། རྒྱལ་བ་སྐུ་ཕྲེང་ན་རིམ་ནང་པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ཞེས་པའི་མཚན་གསར་པ་ཞིག་ཀྱང་ཐོན་ཡོད་ངེས། སྐུ་ཕྲེང་དགུ་པ་དང་བཅུ་པ། བཅུ་གཅིག་པ། བཅུ་གཉིས་པ། ཆབ་སྲིད་ཀྱི་ཏྰ་ལའི་བླ་མ་ཡིན་པས་ཆ་ནས་སྐུ་ཚེ་ཡང་མཐའ་འཁྱོལ་མེད། བཅུ་གསུམ་པ་ཆེན་པོ། ཆབ་སྲིད་གནས་བབ་ངན་སྐབས་ཡུལ་བྱོལ་ཐེངས་གཉིས་དང་། མཚན་གནས་ཕྱིར་བསྡུ་ཐེངས་གཉིས་གནང་མྱོང་ཡོད་ལ། ཆབ་སྲིད་ཀྱི་གནས་བབ་བཟང་སྐབས་མཚན་གནས་བསྐྱར་གསོ་གནང་བ་མ་ཟད། མཐར་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གསལ་བསྒྲགས་ཀྱང་བསྐྱངས་ཐུབ་ཡོད། ཆབ་སྲིད་ཀྱི་ཏྰ་ལའི་བླ་མར་ཆགས་པའི་རྒྱལ་བ་སྐུ་ཕྲེང་ན་རིམ་གང་ལ་མཚོན་ནའང་། ཁོང་རྣམ་པའི་ཡང་སྲིད་རྩད་འཚོལ་ནས་རྒྱལ་སྲིད་མངའ་གསོལ། སྐུ་ཚེའི་མཛད་འཕྲིན་རྒྱས་མིན་སོགས་ནང་བའི་ལྟ་སྤྱོད་རྣམ་གཞག་ལས། ཆབ་སྲིད་གནས་བབ་བཟང་ངན་ལ་འབྲེལ་ཤུགས་ཆེ་བ་ཡོད། འདི་ལོ་རྒྱུས་ཡིན།
པཎ་ཆེན་སྐུ་ཕྲེང་བཅུ་པ་དང་བཅུ་གཅིག་པ། འདི་གཉིས་ངྷ་རམ་ས་ལས་པེ་ཅིན་གཞུང་དང་མཉམ་དུ་ཡང་སྤྲུལ་རྩོད་རྙོག་གླེང་བའི་སྒྲུང་རིང་གཉིས་ཡིན། སྒྲུང་རིང་འདི་གཉིས་ཀྱི་བྱུང་རིམ་ནང་གནས་ལུགས་རྒྱུ་མཚན་གྱིས་ངྷ་རམ་ས་ལ་འཕོངས་མེད་ནའང་། ཆབ་སྲིད་གནས་བབ་ཀྱི་དབང་གིས་པེ་ཅིན་ལ་རྒྱལ་ཁ་ཐོབ་ཡོད། འདི་ཁ་སང་དང་དེ་རིང་གི་གཏམ་རྒྱུད་རེད།
ཕྱི་ལོ་ ༢༠༠༧ ལོར། པེ་ཅིན་གྱིས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྩ་བསྒྲགས་སྐབས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས། པེ་ཅིན་གྱི་ཁ་གཏད་དུ་རྒྱལ་བའི་ཡང་སྲིད་ཐད་ཀྱི་ལས་རིམ་རྣམ་བཞག་ཆ་ཚང་ཞིབ་སྒྲིག་ཟིན་པ་དང་། དགོས་གལ་དང་དུས་ལ་བབ་ཚེ་ལས་རིམ་རྣམ་བཞག་ཡོངས་བསྒྲགས་བྱ་འཆར་ཡོད་ཚུལ་གསུངས་ཡོད། ཐེངས་འདིའི་ཡང་སྤྲུལ་གསུང་འཕྲིན་འདི་བཀའ་ཁྲིས་གསུངས་པ་ལྟར། ངྷ་རམ་ས་ལས་སྔ་ས་ནས་པེ་ཅིན་ལ་ཁ་གཏད་དུ་གྲ་སྒྲིག་བྱས་པའི་ལས་རིམ་རྣམ་བཞག་ཞིབ་ཚགས་དེ་ཡིན་ནམ། སྐུ་མདུན་དགུང་གྲངས་ ༩༠ ནང་ཕེབས་སྐབས་གཞི་ནས་སྐུ་ཕྲེང་བཅོ་ལྔ་བ་དགོས་མིན་གོ་བསྡུར་ཐག་གཅོད་དང་། སྐུ་མདུན་ནས་ལམ་སྟོན་ཡིག་འཇོག་གནང་རྒྱུ་ཞེས་པ་ལས། གསུང་འཕྲིན་འདིའི་ནང་ཆེད་དུ་པེ་ཅིན་ལ་གྲ་སྒྲིག་བྱས་པའི་ལས་རིམ་གྱི་རྣམ་པ་གང་ཡང་མཐོང་མི་ཐུབ། ཡང་སྲིད་ངོས་འཛིན་བྱ་དགོས་གྱི་དུས་སྐབས་ཤར་ཚེ་དེའི་འགན་དབང་ཏྰ་ལའི་བླ་མའི་བླ་བྲང་གི་འཁུར་དགོས་པ་དང་། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་མ་བཞིན་འགྲོག་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་དང་ངོས་འཛིན་བྱ་རྒྱུ། འདི་རྒྱལ་བ་སྐུ་ཕྲེང་ན་རིམ་ཚང་མ་ངོས་འཛིན་བྱེད་སྟངས་ཀྱི་སྔོན་སྲོལ་ཆོ་ག་ཙམ་ཡིན། རྒྱལ་བ་སྐུ་ཕྲེང་ན་རིམ་ཚང་མ་ཆོ་ག་འདི་བརྒྱུད་ནས་ཕེབས་ཡོད།
ཡང་སྤྲུལ་གསུང་འཕྲིན་འདིའི་ནང་གི་གནས་ལུགས་རྒྱུ་མཚན་དང་བྱུང་རབས་ལོ་རྒྱུས། རྒྱ་ནག་གི་ཆབ་སྲིད་དབང་འཛིན་པའི་མིང་གི་བཟུང་པའི་ཉེན་བརྡ་དང་བཀའ་ལུང་སོགས་གང་ཡིན་ཡང་། བོད་པ་གཙོས་པའི་འབྲེལ་ཡོད་ཚོར་ཧ་ཅང་གི་ཐག་ཉེ་བོའམ། ཁོ་ཚོར་གོ་སླ་བོ་དང་བློ་ངོར་འབྱོར་ཤོས་དེ་ཡིན་ནའང་། ད་ལྟའི་བོད་རྒྱའི་ཆབ་སྲིད་ཀྱི་གནས་བབ་ནང་ངྷ་རམ་ས་ལར་བཟང་ཕྱོགས་ཀྱི་འགྱུར་བ་མ་ཐོན་པའམ། འབྱུང་འགྱུར་ད་དུང་བོད་རྒྱ་གཉིས་ཀས་ད་ལྟའམ། ཡང་ན་འདི་ལས་སྡུག་པའི་ཆབ་སྲིད་ཀྱི་གནས་བབ་ཅིག་ལ་ཁ་ཕྱོགས་དགོས་ཚེ། ཡང་སྲིད་གནད་དོན་འདི་འདྲའི་ལས་སླ་བོ་ཞིག་མིན་ལ། ཏྰ་ལའི་བླ་མ་ཆབ་སྲིད་ཀྱི་ཡིན་པ་དེས། ཡང་སྤྲུལ་གནད་དོན་ཐད་ཆབ་སྲིད་གནས་བབ་ཀྱི་ཐབས་བྱུས་ཀྱང་གནས་ལུགས་དང་བྱུང་རབས་བཞིན་གལ་མི་ཆེ་ནའང་མི་ཆུང་བར་འདོད། འདི་ངྷ་རམ་ས་ལའི་ལམ་རིམ་རྣམ་བཞག་ནང་ལྷག་པའི་གལ་ཆེའི་བར་སྟོང་དེ་ཡིན་ལ། ངའི་བོད་དོན་བུ་རབས་ཚ་བརྒྱུད་རིང་ལ་ཕར་འགྱངས་འགྲོ་བའི་སེམས་ཚོར་ཀྱང་འདི་ནས་བྱུང་བ་ཡིན།
རྡོ་རྗེ་ཚེ་རིང་ལགས་ཀྱིས་དགོངས་ཚོར་ཞིབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུ། སྤྱིར་བཏང་སྐུ་ཉིད་ལ་བསམ་ཚུལ་བརྗེ་རེ་བྱ་གལ་ཆེ་ནའང་། ཁ་སང་དེ་རིང་ལས་ཀ་བྲེལ་བ་སྒང་ཆེ་ཡིན་སྟབས་འདི་མུར་མི་འཇོག་ཐབས་མེད་བྱུང་། དགོངས་འགལ་མེད་པར་ཞུ། ཞོར་ལ་གངས་ཕྲུག་ལགས་ཀྱིས་བཀའ་བཀྱོན་འདྲེས་མའི་དགོངས་ཚུལ་བསྟུན་མར་གནང་བ་ལའང་ཐུགས་རྗེ་ཆེ་ཞུ་འདུན་བྱུང་།
ཟླ་སྐང་ལགས། སྐུ་ཉིད་ཀྱི་སེམས་ཚོར་འདི་ཀློག་རྗེས་གནས་སྟངས་རེ་ཟུང་ཐད་ནས་དྲན་པ་སླར་སོང་བྱུང་བས་ཐུགས་རྗེ་ཆེ་ཞུ།དེ་ཡང་ཉེ་སྔོན་ནས་བཟུང་རང་ཅག་ཁ་བ་གངས་ཅན་པའི་བྱུང་རིམ་ནང་འགྱུར་བ་མི་ཆུང་བ་ཞིག་བཏང་ཟིན་པ་ལྟར། མཚམས་ལ་རེ་དངངས་འཚུབ་དང་ལན་རེ་མང་མང་གི་ཡིད་ཆེས་བྱེད་ཕྱོགས་ཤིག་ལ་འདང་བརྒྱབ་ནས་ཧད་འགྲོ་བའི་བློའི་འཆར་ཚུལ་རང་སྟེང་ལ་བབས་ནས་གླེང་ན། རྡ་ས་ནས་མགོ་བརྩམས་ཏེ་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབས་སོང་བའི་བློ་བདེ་བདེ་དང་བག་ལྷོད་པའི་སྣང་རིང་གི་ངང་རྒྱུད་དེ་ནི། མང་གཙོའི་མཚན་ཉིད་ཡོངས་སུ་ཚང་བའི་གསོལ་རས་འདི་གཅེས་ཉར་དང་། རོ་བཅུད་ལྡན་པའི་བུ་རམ་ཇི་བཞིན་དུས་ནས་དུས་སུ་ཁ་ནང་ལ་མུར་ཀྱིན་སྒལ་ཚིགས་སྲིང་ཐུབ་སོང་ན།པེ་ཅིན་གཞུང་གི་སྒྲིག་འཛུགས་ལ་གས་སྲུབ་ཤོར་ཡོད་སྟབས་ཡུན་དང་རིམ་གྱིས་པེ་ཅིན་གཞུང་གིས་འུད་མི་བརྟན་བསམ་པའམ།༿དོན་ཆེན་བསྒྲུབས་པར་ངང་རྒྱུད་རིང་དགོས༾་ཟེར་སྲོལ་ལྟར་བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་ལྟ་སྤྱོད་ཞིག་ཡོད་པའི་དབང་གིས་ཀྱང་ཡིན་སྲིད་མོད། འོན་ཀྱང་། རང་བཙན་བློས་བཏང་གི་རང་སྐྱོངས་ཚད་ལྡན་ཞིག་ཐོབ་འདོད་ཀྱིས་མྱུར་སྐྱོབས་ཇུས་འགོད་ཀྱི་བྱུང་རིམ་ནང་གནས་ལུགས་བཤད་སྟངས་ཤིག་ནི། བོད་སྤྱི་བའི་ལས་དོན་འདི་ཆེས་ཉག་ཕྲ་བའི་སྒང་ན་ལྷག་ཡོད་སྟབས། སང་ཉིན་ལས་དེ་རིང་སེལ་དགོས་བའི་ཛ་དྲགས་རང་ཆགས་ཡོད་ཚུལ་གླེང་གིན་གླེང་གིན་ཕྱིར་འགྱངས་ཐེབས་ཀྱིན་པ་བསམ་ཚེ། སྐུ་ཉིད་ཀྱི་སེམས་ཚོར་འདི་གནད་ལ་འཁེལ་མི་འདུག་ལབ་བདེ་བོ་རང་བྱུང་མ་སོང་མོད། གནས་སྟངས་ལ་རེ་ཡི་སྟེང་ནས་ཨུ་ཚུགས་བྱས་ན་དགེ་ཕན་ཆེ་བ་འདུག་བསམ་ཐོག ཕྲན་ལ་བདེན་ཁ་མེད་བཞིན་དུ་ཁས་ལེན་སྟེར་མ་ཐུབ་ཀྱང་། བསམ་ཞིང་བསམ་ན་མྱུར་སྐྱོབས་ཀྱི་དུས་ཡུན་ནང་གོམ་ཁ་ཇེ་དལ་དང་ཡུན་གྱིས་མི་རབས་རྗེས་མའི་སྒང་ལ་ལྷུང་ཀྱིན་པའི་གནས་བབས་འདིས། ག་ལེར་ཚ་བོ་ཚ་མོ་དག་གིས་མུར་བསྐྱངས་དགོས་བའི་ཉིན་མོ་ཞིག་ཀྱང་བོད་པའི་འཐབ་རྩོད་ཀྱི་བང་རིམ་ནང་བཅུག་ཡོད་པས་མ་ཟད།གསལ་གསལ་ལྷང་ལྷང་གིས་མིག་མདུན་ན་འབུར་ནས་ཐོན་ཀྱིན་ཡོད་བཞིན་དུ་ཁས་ལེན་མི་སྡེར་བའི་ཨུ་ཚུགས་འདི་སྙིང་རྗེ་མོ་ཞིག་མིན་རྐྱེན་རྒྱུ་མཚན་རེ་ལབ་དགོས་ཐུག་སོང་ན།རང་ཉིད་ཀྱི་བསམ་པའི་དཔུང་རོགས་ལ་༧གོང་ས་མཆོག་སྐུ་གཟུགས་བདེ་ཐང་དང་མཛད་པ་འཕྲིན་ལས་སྔར་ལྟར་རྒྱས་བཞིན་པར་བརྟེན་སེམས་བཀན་མོ་བྱས་ནས་འུར་རྒྱགས་སྟངས་འདྲ་བོ་འདུག་སྟེ། བོད་སྤྱི་བའི་རྩ་དོན་འདི་༧གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་སྐབས་འདིར་སེལ་དགོས་བསམ་པའི་མོས་བ་ཞིག དམ་བཅའ་ཞིག ལངས་ཕྱོགས་ཤིག་བཟུང་དགོས་བར་འདོད་པ་འདི་ཡིན། དེ་ཡང་སྐུ་ཉིད་ཀྱི་བསམ་པ་བཞིན་པེ་ཅིན་གཞུང་གིས་ཉི་མ་ནམ་ཤར་ལ་དབང་ཤེད་ཚད་ནས་༧གོང་ས་མཆོག་གི་མཚན་བྱང་དེ་སྲིད་སྟེགས་ལ་དྲུད་ནས་ཡོང་ཡོང་པ་རེད། ང་ཚོས་ཅི་ལྟར་གངས་ཅན་བོད་ཀྱི་ལྷ་སྐལ་༧གོང་ས་མཆོག་བསྟན་པའི་བདག་པོ་རང་ལ་བཀུར་ནས་སྲིད་དོན་དང་སྐྱ་བཀར་རུང་། པེ་ཅིན་གཞུང་གིས་མདུད་ལོག་རྒྱག་ཁོ་ཐག་རེད། དེའི་ཕྱིར་བོད་སྤྱི་བའི་རྩ་དོན་འདི་མི་རབས་རྗེས་མ་ནས་ཚ་བོ་ཚ་མོ་དག་གི་དུས་ལ་ལྷག་སོང་སྐྱུར་སོང་རུང་། ད་ལྟའི་དུས་ལས་འགྲུབ་བདེ་རུ་འགྲོ་བའི་ལས་དོན་ཞིག་ནི་མ་རེད།པེ་ཅིན་གཞུང་གིས་བྱེད་ལས་ཆ་ནས་ང་ཚོ་ལ་རྒྱུས་ཆེ་ཤོས་ཡང་བསམ་བཞིན་དུ་བོད་ཀྱི་ལམ་སྲོལ་དག་ལ་བསྙེགས་ནས་གོ་སྐབས་འཛིན་ཀྱིན་པ་འདི་བཞིན།འཛམ་གླིང་མི་མང་གི་མིག་མདུན་ནས་པན་ཆེན་ཡང་སྲིད་བོར་ནས་མི་ལོ་བཅུ་ལྷག་ཕྱིན་སོང་མོད། ད་ལྟ་སྐུ་འཚོ་བཞུགས་ཡོད་མེད་ཀྱི་སྐད་ཆ་ཞིག་ཀྱང་གོ་ཐོས་མ་བྱུང་བ་འདིས།ང་ཚོའི་འཇོན་ཐང་ནས་དད་སྟོབས་ཆ་གང་ཐད་ནས་འུ་ཅག་ལ་ནུས་བ་ཅི་ཙམ་ཡོད་མེད་གསལ་བོ་ཆགས་སོང་བ་རེད།
ཁྱོད་ལ་དེ་འདྲའི་ལ་རྒྱ་དང་བསམ་བློ་ཡོད་ན་དངོས་སུ་སྤྱི་ཚོགས་ཐོག་ལས་ཀ་བྱས་དང་། དེ་ནི་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡ་ཁྲི་ལ་བདག་པོ་མེད་ཟེར་བ་བཞིན། ད་ནི་ཁྱོད་ཚོས་སྐུ་དྲག་རིང་ལུགས་སོགས་ལ་ཁ་གཡོག་མི་དགོས་བར་ཁྱོད་ཚོས་མཇོན་ཐང་བཏོན་ཆོག་པའི་དུས་ལ་སླེབ་ཡོད། འོན་ཁྱོད་ལ་དེས་ནུས་བ་མེད་པ་ཡང་ཀུན་གྱིས་ཁྱོད་ལ་མཇོན་ཐང་ཞིག་ཡོད་པ་དེ་ནི་གཞན་གྱི་གཡོག་བྱེད་ཞོར་དུ་༧གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ཁུངས་ལུང་མེད་པའི་བསྐྱོན་འཛུགས་བྱེད་རྒྱུ་དེ་ཡིན་པ་འདྲ།
འོ་ཡ།་ཨ་རིས་རྒྱ་ནག་ལ་མགོ་སྒུར་ཚར་བའི་ཕྱོགས་ནས་ང་ལ་ཁུངས་སྐྱེལ་བཙན་པོ་འགའ་རེ་ཡོད། བོད་དོན་ཐད་ནས་ཨ་རིར་རེ་བ་མ་བྱེད་ཅེས་སྟག་རིན་པོ་ཆེ་མཆོག་གིས་ཁ་ཆེམས་བཞག་པ་དང་། རྒྱ་ལོ་དོན་གྲུབ་ལགས་ཀྱིས་ང་ལ་ཨ་རིས་མགོ་སྐོར་བཏང་སོང་ཞེས་པ་དེ་དག་གི་ཁུངས་སྐྱེལ་གང་ལ་གང་་འཚམ་རག་སོང་། ད་སྐབས་ངར ལངས་དོན་ཡང་དེ་ཡིན། ང་ཚོ་ད་དུང ཡང་མགོ་སྐོར་འོག་ལ་ཚུད་བསྡད་ཡོད་པ་རེད། ཀློག་མཁན་ཚང་མ་མགོ་ཇེ་དྭངས་ལ་འགྲོ་བ་དང་། མ་མཐར་ཡང་དོགས་ཟོན་ངང་གནས་རྒྱུ་ནི་ངའི་རེ་བ་ཡིན།
མྱི་ནག་ཚང་།
སེམས་ཤུགས་ཆགས་ས་ནས་བཤད་ན་ཚང་མས་མགོ་སྒུར་ཚར་བ་རེད། ཨ་རི། རྒྱ་གར། ཡུ་རོབ། ཨ་ཧྥུ་རི་ཀ ཚང་མས་མགོ་སྒུར་ཚར་བ་རེད། སེམས་ཤུགས་འཕར་ས་ནས་བཤད་ན་མགོ་མ་སྒུར་མཁན་གཅིག་བུ་དེ་སྐུ་མདུན་རེད། བོད་པ་ཚོ་རེད། ངེད་གཉིས་དོན་གྱི་འབབ་ས་གཅིག་དང་གཅིག
དེ་རིང་ལས་ཀའི་བར་གསེང་ནས་རྩོམ་ཡིག་བྲིས་ནས་མཆན་བུ་འདེབས་ཀི་འདུག་ག ཁྱོའི་ལས་ག་ལྷོད་ལྷོད་རེད་ལ། ངས་ཀྱང་དེ་རིང་ལས་མགོ་མ་བཙུགས་པའི་སྔོན་ལ་མཆན་བུ་གང་ཡོང་ལ་བདག་པོ་རྒྱག་བསམ་ནས་བསྡད་ཡོད། ཆུ་ཚོད་གཅིག་གི་རྗེས་ནས་མི་གཡོག་ལ་རྒྱུག་གི་འགྲོ་དགོས་ཡོད།
ང་ཚོ་ངུས་ནས་མིག་ནང་ནས་ཁྲག་ཐོན་ཀྱང་། རྒྱ་ནག་གིས་ཡ་བྱེད་གི་མ་རེད། རྒྱ་ནག་ལ་ཨ་རིས་མགོ་སྒུར་ཚར་བ་རེད། རྒྱ་གར་གྱིས་མོག་སྒུར་ཚར་བ་རེད། ཡུ་རོབ་སོགས་དང་། ཨ་ཧྥི་རི་ཁ་སོགས་རྒྱ་ནག་གི་འོག་ན་ཡོད་པ་རེད། གུང་ཁྲན་ཏང་གི་བྲན་གཡོག་འདྲ་བོ་རེད།
རྒྱ་ནག་ལ་མགོ་མ་སྒུར་མཁན་གཅིག་རང་གཅིག་ཡོད་པ་རེད། དེ་རྒྱལ་བ་རིན་པོ་ཆེ་མཆོག་རེད། ཁོང་གི་རྗེས་སུ་འབྲངས་པའི་གདོང་དམར་བོད་པ་ཚོ་རེད། འདི་ལྟར་ལབ་ན། ངེད་གཉིས་ཀྱི་མདོ་རྩ་གཅིག་ལ་འབབ་ཐུབ་ས་རེད་དམ།
གངས་ཕྲུག་ལགས་ལ།
ཆབ་སྲིད་ཀྱི་གནས་བབ་ཟེར་བ་དེ་རྒྱལ་ཁབ་དང་སྲིད་གཞུང་གི་ངོས་ནས་བསྐྲུན་རྒྱུའི་ནུས་པ་དང་སྟོབས་ཤུགས་ཤིག་ལས། མི་སྒེར་རེ་ཟུང་གི་ངོས་ནས་ཡོང་རྒྱུའི་སྐད་ཆ་དེ་འདྲ་མ་རེད། དེ་འདྲའི་སླ་བ་བོ་ཞིག་ཡིན་ན། ད་ལྟའི་ཆབ་སྲིད་ཀྱི་གནས་བབ་འདི་འདྲ་ཞིག་ལ་ལྷུང་དགོས་ཡོད་པ་མ་རེད་ལ། ལྷུང་སྟངས་ཀྱང་ཡོད་པ་མ་རེད། འདི་གཅིག་ཡིན། རྩོམ་ཐུང་འདིའི་ནང་ངས་སྨྲ་བརྗོད་རང་ལ་དབང་ཚད་མེད་པའམ། དེ་ལོགས་པར་བེད་སྤྱོད་བཏང་བཞག་པ་གང་ཡང་མེད། ཡོད་ན་འདི་དང་གན་ཞེས་ཕྱག་མཛུབ་བརྐྱངས་རོགས། གཞན་རྩོམ་ཡིན་བཀླགས་པ་མ་ཟད། མཆན་བུ་དེ་དག་ཡང་ཆད་ལྷགས་མེད་པར་ཀློག་བཞིན་པར་དགའ་བ་སྒོམ་བཞིན་ཡོད། དེ་ཙམ་ཡིན།
ཁྱོད་ལ་དེ་འདྲའི་ཆབ་སྲིད་ཀྱི་གནས་བབས་ཡག་པོ་ཡོད་ན་ཁྱོད་ཀྱིས་ལས་ཀ་བྱས་དང་བལྟ་ཆོག་གི་རེད། ཡིན་ཡང་ཆབ་སྲིད་ཟེར་བ་དེ་ཁྱོད་ཀྱིས་ཁ་ནས་བཤད་པ་ནང་བཞིན་མིན་པ་ཤེས་དགོས་དངོས་སུ་ལག་ལེན་བསྟར་དུས། ཁྱོད་ཀྱིས་བསམ་ཚུལ་སྤེལ་ཆོག་མོད་འོན་ཀྱང་སྨྲ་བརྗོད་རང་དབང་ལམ་ལོག་དུ་འཁྱེར་བཞིན་འདུག དེ་ལ་ཡང་ཚད་ཞིག་ཡོད་པ་རེད།
༡༽ ཆབ་སྲིད་ཀྱི་གནས་བབ། རྒྱལ་ཁབ་དང་སྲིད་གཞུང་། མི་རིགས་དང་འབྲེལ་བའི་བྱེད་སྒོ་གང་ཞིང་སྤེལ་སྐབས། དེ་ལ་ཁག་ཐག་རང་བཞིན་དང་། སྲུང་སྐྱོབ་རང་བཞིན། འགྲུབ་ཐབས་རང་བཞིན་སོགས་ཀྱིས་མཚོན་པའི་སྲིད་དོན་གྱི་ཁྱབ་ཚད་ནུས་ཤུགས་ཤིག ངས་འདི་འདྲ་ཞིག་ལ་གོ་གི་ཡོད།
༢༽ སྐུ་མདུན་ནས་གསུང་འཕྲིན་ཕེབས་པ་རེད། འདི་འབྱུང་འགྱུར་བོད་ཀྱིས་སྤེལ་དགོས་པའི་གལ་ཆེའི་བྱེད་སྒོ་ཞིག་ཆགས་ཡོད། གསུང་འཕྲིན་ནང་ཞལ་གསལ་བོས་གསུངས་པ་རེད། ང་ཚོའི་ཆེད་དུ་སྐུ་མདུན་ནས་གནང་དགོས་པ་འདི་ཡིན་ལ། ཁོང་གིས་ཡང་སྲིད་སྐོར་ལ་གནང་ཐུབ་པ་གཅིག་བུ་ཡང་འདི་ཙམ་ཡིན། འབྱུང་འགྱུར་གནས་སྟངས་ཤར་སྐབས། ང་ཚོའི་ལས་འགན་ད་ལྟ་ནང་བཞིན་ཡིག་ཆ་དང་ཤོག་བུ་སྟེང་གི་དམག་འཁྲུག་མ་རེད། ད་ལྟའི་ཡིག་ཆ་དང་ཤོག་བུའི་སྟེང་གི་དམག་འཁྲུག་འདིའི་གྲུབ་འབྲས་མངོན་འགྱུར་ཡོང་ཐབས་དེ་རེད། འདི་ལ་ང་ཚོས་གྲ་སྒྲིག་ག་རེ་ཡོད། རྒྱ་ནག་ལ་སྔ་ས་ནས་གྲ་སྒྲིག་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཤིག་འདུག་འདོད་ཡོད།
༣༽རྩོམ་ཐུང་འདིའི་གོ་རིམ་འཁྲུག་བསྡད་པ་ཡིན་ནམ། ཡང་ན། འདིའི་ཚིག་བརྗོད་སོགས་ཏག་ཏག་ཅིག་མེད་པའི་སྐྱོན་དང་འཁྲུལ་ཤོར་བསྡད་པ་ཡིན། གང་ལྟར་ཀློག་མཁན་གང་མང་ཞིག་ལ་གོ་བ་ལྡོག་ཕྱོགས་ནས་སྟེར་གི་ཡོད་ས་རེད།
རྒན་ལྷ་མོ་ལགས་ཀྱི་དགོངས་ཚུལ་གནང་བར་དགའ་ནས་ཡོད། རྒན་ལགས་ལ་ཐུགས་རྗེ་ཆེ།
གཙོ་བོ་དམར་གཞུང་གིས་ད་བར་ལ་ཕྱི་ནང་ཚང་མར་བསླུ་བྲིད་ཀྱིས་ཁེ་བཟང་མང་པོ་ཞིག་བླངས་ཡོད་ལ་དེའི་མཚུངས་ང་ཚོ་རྨོངས་འཐོམས་ཀྱི་དབང་གིས་གྱོང་མང་པོ་ཞིག་ཟོས་ཡོད། ཆབ་སྲིད་ཀྱི་གནས་བབ་ཟེར་བ་དེ་ངས་གཅིག་ནས་གནད་དོན་དེ་དང་གཉིས་ནས་དྲག་པོའི་དབང་ཤུགས་ལ་ངོས་འཛིན་གྱིན་ཡོད། ད་ནས་བཟུང་དྲག་ཤུགས་ཀྱིས་ཁ ལོ་མུ་མཐུད་བསྒྱུར་ན་དེ་ང་ཚོར་ཐབས་མེད་པ་ཞིག་རེད་མོད། རྨོངས་འཐོམ་དང་བསླུ་བྲིད་ཀྱི་དབང་གིས་རང་ཕམ་གཞན་རྒྱལ་དེ་འགོག་ཐུབ་ན་དེ་ནི་དམག་ཇུས་ཡག་ཤོས་དང་རྒྱལ་ཁའི་རྩ་བར་ངོས་འཛིན་གྱིན་ཡོད། ད་བར་ལ་ང་ཚོ་རང་ངོས་ནས་བོང་བདག་ལ་རྒོལ་རྒྱུ་ཕར་ཞོག་གཟིག་ལྤགས་གོན་མཁན་དེ་བོང་བུ་རང་ཡིན་པ་ཡང་མ་ཤེས་པར་ལུས་པའི་གནད་དོན་ཧ་ཅང་ཚབས་ཆེ་བར་འདོད། དེ་བས་ཡིད་བཞིན་ནོར་བུའི་ཁྱབ་བསྒྲགས་འདིར་དམག་ཇུས་ཀྱི་ཐབས་རྩལ་ཡོད་པར་ངོས་བཟུང་བ་ཡིན།
རྒན་ལྷ་མོ་ལགས།
ང་ཚོའི་བོང་བདག་འདི་སྐྱག་ལངས་ཤོར་དྲགས་པས་འདི་ཙམ་གྱིས་ཕམ་པར་རྒྱག་ཐུབ་པའི་གདེང་ཚོད་མི་འདུག དམིསག་བསལ་ཆབ་སྲིད་གནས་བབ་ཀྱི་ངོས་ནས་གདེང་ཚོད་མི་འདུག
ད་ནང་རྭ་ལོ་ལགས་སུ་ཕུལ་བའི་བསམ་ཚུལ་གྱི་མཇུག་སྐྱོང་གི་ཡིན།
༣༽ ང་ལའང་སྐུ་ཉིད་ནང་བཞིན་རྨི་ལམ་འདྲེས་མའི་འཆར་སྣང་གང་མང་ཡོད་མྱོང་། འཆར་སྣང་དེ་དབང་གིས་སེམས་ལ་མནར་གཅོད་ཐེབས་པ་ཡང་ཉུང་ཉུང་མིན། ཀྲུང་དབྱང་གི་དཔོན་རིགས་ཚོས་སྐོར་ཏེ། ལྷོ་ཨབ་རི་ཁ་དང་ལྷོ་ཀོ་རི་ཡ། ར་ཤི་ཡ་དང་སོགས་ལ་ཆིབས་བསྒྱུར་བསྐྱངས་བཞིན་པ་མ་ཟད། ཀྲུང་དབྱང་གི་དཔོན་རིགས་ཧུའུ་ཅིན་ཐའོ་དང་ཝུན་ཅ་པའོ་སོགས་ཀྱིས་གསོལ་འདེབས་སྐུལ་ངོ་བཞིན། པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་མདུན་ཐང་ནས་དུས་འཁོར་དབང་ཆེན་གནང་བཞིན་པ་སོགས། རྨི་ལམ་དང་འཆར་སྣང་ག་ཚོད་ག་ཚོད་ཡོད་མྱོང་མེད་དམ། གཞི་རྩའི་ཆའམ། ལས་འབྲས་ཀྱི་ཆ་ནས། ང་ཚོའི་འཆར་སྣང་འདི་རིགས་དངོས་ཡོད་ཡིན་ཆོག་ཆོག་ཏུ་ཡོད། དེ་ལྟར་ཀྱང་། དངོས་ཡོད་འཆར་སྣང་གི་ལྡོག་ཕྱོགས་སུ་འགྲོ་སྐབས་སེམས་ནང་ཐེ་ཚོམ་དང་། ཡིད་ཆད། འགལ་ཟླ། གནར་གཅོད་ཐེབས་པ་ཉུང་ཉུང་མིན། ད་ལྟ་གཞི་ནས་གྲུ་ཁ་ཞིག་ཏུ་འཛུལ་ནས། ང་དང་ངའི་ཁོར་ཡུག་གི་ལས་ངན་ཚོའི་འཆར་སྣང་དངོས་ཡོད་ལ་འདི་འདྲའི་བར་ཐག་རིང་དོན་ལ་བསམ་གཞིགས་བྱེད་ཀྱིན་ཡོད་ལ། རང་ཚོད་ཀྱིས་བསམ་གཞིགས་ཀྱི་ལན་བུའི་སྐྱ་བཀར་ནས་སྐྲ་ཉག་རེ་རེ་བཞིན་འཛིན་ཐུབ་མིན་ལ་ཚོད་ལྟ་བྱེད་ཀྱིན་ཡོད། གོང་གི་རྩོམ་ཐུང་འདི་ཡང་ཚོད་བལྟ་དེ་ནང་གི་གཅིག་ཡིན།
༤༽པཎ་ཆེན་རིན་པོ་ཆེའི་ཡང་སྲིད་སྐོར་ནས་ང་ལ་སྣ་སུབ་ཕོག་བྱུང་། ཡང་སྲིད་བོར་བརླག་ཏུ་འགྲོ་སྐབས་ངས་ང་ཚོའི་གནས་ལུགས་དེ་དག་གིས་རྒྱལ་སྤྱི་སྒུལ་ཐུབ་པ་མ་ཟད། རྒྱ་ནག་ཡང་འགུག་ཐུབ་པའི་གདེང་ཚོད་བཟུང་བ་ཡིན། གནས་ལུགས་རྒྱུ་མཚན་བཤད་ནས་འབོད་སྐུལ་ཞུས། རྒྱུ་མཚན་གནས་ལུགས་བགྲངས་ནས་ངོ་རྒོལ་བྱས། ཡང་སྲིད་ད་དུང་མ་རྙེད། སྐུ་འཚོ་བཞུགས་ཡིན་མིན་ཡང་མ་ཤེས། དེ་ཤེས་ཐབས་ལའང་ལམ་ཁ་འགག འདིས་ང་ལ་ངེས་ཤེས་ཤིག་སྤྲད་བྱུང་། ཡང་སྤྲུལ་ངོས་འཛིན་སྐབས་ང་ཚོར་གནས་ལུགས་ཀྱིས་འདེང་ཡོད་ནའང་། ཡང་སྲིད་བོར་བརླག་ཏུ་འགྲོ་སྐབས་སྲུང་སྐྱོབ་ལ་ཆབ་སྲིད་གནས་བབ་ཀྱིས་མ་འདེང་། ད་ལྟ་གང་ན་བཞུགས་མིན་དང་སྐུ་འཚོ་བཞུགས་ཡིན་མིན་བརྩད་འཚོལ་བྱེད་པར་ཡང་ཆབ་སྲིད་གནས་བབ་ཀྱིས་མ་འགྲིག སྣ་སུབ་ཕོག་སྟངས་འདིས་ང་ཡོངས་སུ་ཕམ་པར་བརྒྱབས་སོང་། ངས་རྒྱལ་བའི་ཡང་སྲིད་ལའང་འདི་འདྲའི་སྣ་སུབ་ཕོག་མི་ཡོང་བར་བསམ་ནས་དངངས་སྐྲག་ལངས། སོང་ཙང་ངས་རྩོམ་ཐུང་འདིའི་ནང་༼ ཆབ་སྲིད་གནས་བབ ༽ ལ་མཛུབ་མོ་འཛུགས་དགོས་འཁེལ་སོང་།
གཟུག་ལྤགས་གཡོག་པའི་བསླུ་ཐབས་ཕན་མེད་བཏང།
ཐེངས་འདིར་སྐྱེ་འགྲོ་ཡོངས་ལ་དམིགས་བསལ་གྱི་བཀའ་ཡིག་ཅིག་སྩལ་བ་འདི་ནི། གཙོ་བོ་རྒྱ་གཞུང་གིས་འབྱུང་འགྱུར་ཏཱ་ལའི་བླ་མའི་མཚན་གནས་ཆབ་སྲིད་ཀྱི་ལག་ཆར་སྤྱོད་པའི་ནུས་པ་མེད་པ་བཟོས་པ་དེ་རེད། དཔེར་ན་པཎ་ཆེན་རིན་པོ་ཆེའི་ཡང་སྲིད་བཞིན། རྒྱལ་མཚན་ནོར་བུ་ནི་ང་ཚོར་མཚོན་ན་གཟིག་ལྤགས་གཡོགས་པའི་བོང་བུ་ལས་མ་འདས། གཙོ་བོ་གཟིག་ལྤགས་གཡོག་མཁན་དེ་སུ་ཡིན་དང་དེའི་ཆོ་འཕྲུལ་མེད་པར་བཟོ་བ་འདི་ལས་ལྷག་པའི་སྲིད་དོན་གྱི་དམག་འཁྲུག་ཅིག་ཅི་ལ་ཡོད། ད་ནས་བཟུང་ང་ཚོས་གཟིག་ལྤགས་གྱོན་པའི་བོང་བུ་འདེད་རྡུང་བྱེད་རྒྱུ་མིན་པར་བོང་བདག་ངོས་འཛིན་དང་བོང་བདག་ཕམ་ཉེས་སུ་གཏོང་རྒྱུའི་གནས་དོན་འདི་ཚང་མས་ཚོར་དགོས།
དེ་བས་བདག་གིས་ཡོངས་ཁྱབ་བཀའ་ཡིག་འདི་ནི་བོང་བདག་ཀྲུང་དབྱང་ལ་མཚོན་ན་དམག་མ་བརྒྱབ་གོང་ནས་ཕམ་ཉེས་སུ་སོང་བའི་དམག་དོན་སྲིད་བྱུས་ཤིག་ཆགས་ཡོད་པར་འདོད།
རྭ་ལོ་ལགས་སུ།
ངའི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་གནང་བ་དང་། ལྷག་པར་དུ་སྐུ་ཉིད་ཀྱི་བླ་ན་མེད་པའི་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ་ཞུ།
༡༽ཡང་སྤྲུལ་གསུང་འཕྲིན་དང་འབྲེལ་བའི་བསམ་ཚུལ་འདི་སྐབས་ཐོག་གི་བསམ་ཚུལ་ཙམ་ཡིན། གསུང་འཕྲིན་ཕེབས་རྗེས་དེ་ལ་དགོས་ངེས་ཀྱི་བགྲོ་གླེང་ལྷུག་པོ་ཞིག་འགྲོ་དགོས་ནའང་། ཚང་མས་གསུང་འཕྲིན་ལ་གུས་བརྩིའི་རྣམ་པ་ཤུགས་ཆེན་པོ་བསྟན་པ་ལས། འབྱུང་འགྱུར་གནས་སྟངས་འདི་འདྲ་ཞིག་ཤར་ཚེ། དགོས་ངོས་ཀྱི་ཆ་ཤས་གང་མང་ཞིག་ཚོར་མེད་སྣང་མེད་ངང་ལུས་པ་ལྟ་བུ་འདུག ལྷག་པར་དུ་བོད་རྒྱའི་ཆབ་སྲིད་གནས་བབ་ཀྱི་ངོས་ནས་ཡང་སྤྲུལ་ཐད་བལྟ་ཞིབ་གནང་མཁན་ཉུང་ཉུང་རེད། སོང་ཙང་བསམ་ཚུལ་འདི་ཕུལ་བ་ཡིན།
༢༽ལོ་༡༤ རྗེས་ནས་ཡང་སྲིད་དགོས་མིན་གོ་བསྡུར་ཐག་གཅོད་གནང་གི་ཡིན་གསུང་བ་དེར། སྐུ་ཉིད་ནས་ལོ་དེ་དག་གི་རྗེས་ནས་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་ནག་ནང་འགྱུར་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་མཁྱེན་པ་རེད་གསུངས་འདུག མ་རེད་ཞུ་ཐུབ་ཡ་ཡང་མི་འདུག སྐུ་མདུན་དང་སྐུ་མདུན་གྱི་མཁྱེན་ཡོན་སྔུན་ལ་དྲུད་ནས་རྒྱུ་མཚན་གསུངས་ན་མ་རེད་ཞུ་མཁན་ཚད་གང་འདྲ་ཞིག་ལ་ལྷུང་གི་རེད། གནས་སྟངས་ཚང་མས་མཁྱེན་གི་རེད། འོན་ཀྱང་། རྒྱལ་སྤྱི་དང་རྒྱ་ནག་གི་འགྱུར་བ་ལ་ང་ཚོས་ཐེངས་མང་པོ་སྒུག་པ་རེད། འདིའི་ཐད་དུས་སྐབས་སོ་སོར་འགྱུར་བ་ཡོང་བ་གཏན་འཁེལ་ཡིན་པའི་བཀའ་སློབ་དང་གསུང་འཕྲིན་གང་མང་ཕེབས་པ་རེད། འདི་བོད་པ་གཅིག་བུ་མ་རེད། འཛམ་གླིང་གི་སྲིད་དོན་དབྱེ་ཞིབ་པ་མང་པོས་ཀྱང་གསུངས་བ་རེད། ཏིན་ཤི་རྗེས། རྒྱ་ནག་གི་དཔོན་རིགས་འཕོ་འགྱུར་གྱི་གནས་སྟངས། རྒྱ་ནག་དམངས་གཙོར་འགྱུར་བ། དྲུག་བཞིའི་དོན་རྐྱེན། གང་ལྟར་རེ་བ་ཡོད་སའི་གནས་སྟངས་ཤིག་ཤར་སྐབས་ང་ཚོས་འདི་ལྟར་འགྱུར་བ་ལ་སྒུག་པ་རེད། ཕྱོགས་གཞན་ནས། རྒྱལ་སྤྱི་དང་རྒྱ་ནག་ལ་འགྱུར་བ་སོང་དང་འགྲོ་བཞིན་པ་རེད། ད་དུང་འགྲོ་གི་རེད། འོན་ཀྱང་འགྱུར་བ་དེ་དག་བོད་ཀྱི་རྩ་དོན་ལ་ཕན་པའམ། ང་ཚོའི་གཟས་ཕྱོགས་ཀྱི་ངོ་བོར་འཕེལ་བའི་གདེང་ཚོད་ག་རེ་ཡོད།
ད་ལྟ་འདི་ཙམ་ཡིན། བསམ་ཚུལ་ལྷག་མ་རྣམས་དགོང་དྲོ་འབུལ་ཐུབ་ཐབས་བྱེད་ཀི་ཡིན། ད་ལྟ་ལས་ཀ་ལ་འགྲོ་རན་སོང་། ཐུགས་རྗེ་ཆེ།
བཙན་བྱོལ་བ་དང་གངས་ཕྲུག་གཉིས་ཀྱིས་རྩོམ་ཐུང་འདི་ལྗགས་ཀློག་གནང་བར་ཐུགས་རྗེ་ཆེ་ཞུ། ང་ལ་མཚན་ན་དེ་ནི་རིན་པོ་ཆེ་ཞིག་ཆགས་ཡོད།
ཁྱེད་ཀྱི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་ཡོད། ང་རང་ཉིད་ལ་དྲན་ཚུལ་འདི་འདྲ་རེ་བྱུང་།
༡། རྒྱལ་བ་རིན་པོ་ཆེ་མཆོག་གིས་བར་སྐབས་ཤིག་ནས་བཟུང་རྒྱ་ནག་དམར་ཤོག་གཞུང་འདི་རྒན་ཡོལ་ཞུ་རན་རེད་ཅེས་ལན་དུ་མར་གསུངས་སོང་། ཁོང་གི་དགོངས་པར། ལོ་ ༦༠ལྷག་རིང་གི་དམར་པོའི་གཞུང་དེ་མ་ཟད། ལོ་ ༤༠༠ ལྷག་རིང་གི་དགའ་ལྡན་ཕོ་བྲང་གི་གཞུང་འདི་ཡང་དུས་ལས་ཡོལ་བསྡད་པ་དང་། ཏཱ་ལའི་བླ་མ་ཡང་རྒན་ཡོལ་ཞུ་དགོས་པ་འདི་ཤར་ཡོད་ཀྱི་རེད། ཁོང་ནི་ཚད་མའི་སྐྱེ་བུ་ཡིན་སྟབས། ཕ་རོལ་པོ་གཅིག་པོར་གཟིགས་ནས་གསུང་གི་མ་རེད།
༢། རྒྱ་གཞུང་གིས། ཏཱ་ལའི་བླ་མའི་གནད་དོན་མ་གཏོགས། བོད་ཀྱི་གནད་དོན་ཅེས་པ་ཞིག་མེད་པར་བཤད་ལ། སྐུ་མདུན་གྱིས། འདི་གཉིས་མཉམ་དུ་སྦྱོར་སྟངས་ཡོད་པ་བཞིན་དུ། ཁ་ཁར་ཕྱེ་སྟངས་ཀྱང་ཡོད་པ་གསལ་སྟོན་གནང་བ་རེད།
༣། རྒྱ་གཞུང་གིས་རྒྱལ་བ་རིན་པོ་ཆེ་མ་བཞུགས་པའི་སྐབས་ལ་ཚང་མ་མཇུག་སྒྲིལ་བ་རེད་ཟེར་གི་ཡོད་ཀྱང་། སྐུ་མདུན་གྱིས། ཁོང་མི་བཞུགས་དུས་བོད་དོན་སྔར་བཞིན་ཡོད་པ་ཙམ་དུ་མ་ཟད། ཏཱ་ལའི་བླ་མའི་གནད་དོན་ཅེས་པ་དེ་གཞི་ནས་ཡོང་རྒྱུ་ཡིན་པ་བསྟན་པ་རེད།
༤། རྒྱལ་བ་རིན་པོ་ཆེ་མཆོག་གིས། མ་འོངས་པའི་ལོ་ ༡༤ རྗེས་ནས་ཡང་སྲིད་དགོས་མིན་ཐག་གཅོད་གནང་རྒྱུ་ཡིན་པར་གསུངས་པ་དེས། རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཚོར་ཁོང་གི་སྐུ་ཚེའི་ཐད་ནས་ཁོང་ཚོས་ད་སྐབས་སང་ཉིན་གནངས་ཉིན་བྱས་ནས་སྒུག་བསྡད་པ་དེ་རེ་སྟོང་ཡིན་པ་བསྟན་པ་ཙམ་དུ་མ་ཟད། ཁོང་ཉིད་གཟིགས་རྒྱང་རིང་པོ་ཡོད་སྟབས། འབྱུང་འགྱུར་གྱི་ལོ་ ༡༤ རིང་དེར་འཛམ་གླིང་སྤྱི་དང་། ལྷག་པར་དུ་རྒྱ་ནག་ནང་འགྱུར་བ་ཆེན་པོ་ཞིག་ཡོང་རྒྱུ་ཡིན་པ་མཁྱེན་ཡོད་སྟབས། ཁོང་གིས་དེ་ལྟར་གསུངས་ཡོད་པ་རེད་འདོད།
༥། རྒྱལ་བ་རིན་པོ་ཆེ་མཆོག་གིས། ཡང་སྲིད་ཀྱི་ཐད་ནས། ཁོང་གི་ཐུགས་སྨོན་དང་བོད་ཀྱི་བླ་ཆེན་ཁག་གི་དགོངས་གཞི། བོད་མི་དམངས་ཀྱི་མངོན་འདོང བཅས་ཕྱོགས་གང་ཐད་ནས་གསུངས་པ་མ་གཏོགས། ངོས་རང་གཅིག་པུའི་ཐོབ་ཐང་ཡིན་ཅེས་གསུངས་མི་འདུག་སྟབས། པེ་ཅིན་གྱི་ཁ་ཉིན་གྱི་གཏམ་ལན་དེ་ཡ་མཚར།
༦། དྲང་པོར་བཤད་ན། རྒྱ་ནག་ལ་ཏཱ་ལའི་བླ་མ་དགོས་མཁོ་ཧ་ཅང་ཆེ་བ་དེ་གནའ་སྔ་མོ་ནས་བཟུང་རེད་ལ། ལྷག་པར་དུ་ཏིན་ཞའོ་ཕིན་གྱི་སྐབས་ནས་བཟུང་གསལ་བོ་ཆགས་ཡོད་པ་རེད། སྤྱིར་ནས། རྒྱ་ནག་ལ་ཏཱ་ལའི་བླ་མ་མཁོ་དོན་ནི་བོད་ཀྱི་གནད དོན་གཅིག་པུའི་སྒང་ནས་མ་རེད། རྒྱལ་སྤྱི་དང་རྒྱལ་ནང་གཉིས་ཀའི་ངོས་ནས་རེད། ངས་ནམ་རྒྱུན་མིག་བཙུམ་ན་པར་རིས་འདི་འདྲ་ཞིག་མཐོང་གི། གལ་སྲིད་ཁོང་ཁ་སང་དེ་རིང་པེ་ཅིན་དུ་བཞུགས་ཡོད་རྒྱུ་ན། ཀྲུང་དབྱང་གི་དཔོན་རིགས་ཚོས་སྐོར་ཏེ། ལྷོ་ཨབ་རི་ཁ་དང་། ལྷོ་ཨ་མི་རི་ཁ། ལྷོ་ཀོ་རི་ཡ། ར་ཤི་ཡ་སོགས་དེང་སྐབས་ཆིབས་སྒྱུར་སྟབས་བདེ་བོ་མེད་ས་དག་ཏུ་ཕེབས་ཀྱིན་ཡོད་པ་རེད་འདོད།
འདི་དང་འདི་ལྟ་བུའི་བསམ་བློ་འདྲ་མིན་སྣ་ཚོགས་ཤིག་འཁོར་ཡོང་གི་འདུག དྲ་གྲོགས་ཚོར་བསམ་ཚུལ་བརྗེ་རེས་ཀྱི་ཚུལ་དུ་ཕུལ་བ་ཡིན།
ཕལ་ཆེར་ཧྥ་རིན་སིར་དེ་སྔོན་རྩོམ་ཞིག་བྲིས་བའི་ནང་༧གོང་ས་མཆོག་རྩོམ་པ་པོ་མ་རེད་ཟེར་མཁན་ཞིག་ཡོད་པ་དེ་རེད། ཁོས་ཁོ་རང་འདྲ་བོ་ཚོ་ལ་རྩོ་པ་པོ་ཟེར་གྱི་ཡོད་པ་འདྲ། མི་ངན་ཁྱི་འདྲ་བ་ཞིག་ཡིན་པ་ཁོ་ཐག་རེད།
ཟླ་བ་ཚེ་རིང་གི་རྩོམ་དེ་ཡག་པོ་འདུག དེའི་ནང་དུ་དམིགས་བསལ་གང་ཡང་མིན་འདུག ཤེས་འདོད་པ་ནི་རྩོམ་པ་པོ་ཟླ་བ་ཚེ་རིང་ཟེར་བ་དེ་སྤྱི་མཐུས་ཟླ་བ་ཚེ་རིང་རེད་དམ། ཡང་ན་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་རེད་དམ། ཡང་ན་ཉེ་ཆར་འདས་པོ་སྤྱི་མཐུས་ཟླ་བ་ཚེ་རིང་རེད། ཟླ་བ་ཚེ་རིང་མང་དྲག་ནས་སུ་ཡིན་ཆ་མ་འཚལ།