ཤར་ཕྱོགས་ཁུག་རྟ།
༡ སེང་གེའི་བཀའ་ཤག་ངོ་སྤྲོད་སྔོན་མེད་མ།
སྐབས་ ༡༥ པའི་ཚོགས་དུས་གཉིས་པ་མཇུག་སྒྲིལ་བ་དང་། བཀའ་ཤག་གསར་བས་གྲོས་ཚོགས་ལ་འགན་ཁུར་སྟངས་ཐད་སྲིད་དོན་པ་དག་གིས་དཔྱད་བརྗོད་སྤེལ་བཞིན་པའི་སྐབས་འདིར། ཨ་རི་དང་ཡུ་རོབ། ཐའེ་ཝན་ན་ཡོད་པའི་གྲོགས་པོ་སྐོར་ཞིག་གི་མཉམ་དུ་གླེང་མོལ་གྱིས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་རོབ་ཙམ་བལྟས་པ་ཡིན། ངའི་གྲོགས་པོ་ཚོས་སོ་སོའི་གནས་ཡུལ་གྱི་སྲིད་དོན་གནམ་ངོ་དང་འབྲེལ་ནས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་བསམ་ཚུལ་རེ་རེ་གསུང་གི་འདུག ང་ཚོས་སེང་གེའི་བཀའ་ཤག་གི་མདུན་ལམ་ལ་ལྟ་དགོས་ན། གཙོ་བོ་བཀའ་ཁྲི་དང་བཀའ་བློན་གཞན་གྱི་ནུས་པ་དང་རྣམ་དཔྱོད་ལའང་ལྟ་དགོས།
བཀའ་ཁྲི་འདི་ཉིད་རང་གི་བློ་ཡུལ་ལས་འགོངས་པའི་སྲིད་ཁྲིར་བསླེབས་པ་ལ། སྲིད་དོན་པ་མང་པོས་ཁོང་གི་རྨི་ལམ་མངོན་གྱུར་བྱས་པར་གླེང་གི་མེད་ལ། ཁོང་ལ་འདི་འདྲའི་རྨི་ལམ་ཞིག་ཡོད་པར་ཉེ་བོ་དང་འདྲིས་བོ་ཚོས་ངོས་འཛིན་གནང་མེད། དེ་ལས་ལྡོག་སྟེ་འོལ་ཚོད་དོན་དངོས་གྱུར་བ་དང་། རླུང་རྟ་ཡག་རབས་ཀྱི་གཏམ་གྱིས་སྡོམ་ཚིག་བཀོད་ཡོད། ཡིན་ནའང་། ཁོས་འོས་འགྲན་སྐབས་ནས། ” རྩ་དོན་གསུམ་“ཟེར་བའི་དམ་བཅའ་ཁྲི་བརྩེགས་སུ་ཟློས་ཤིང་། བཀའ་བློན་འབྲོང་ཆུང་དངོས་གྲུབ་ཀྱི་ཤུགས་རྐྱེན་ཡོངས་གྲགས་ཀྱིས་ཉོས་ཤིང་། བུད་མེད་དང་ཆོལ་ཁ་རིས་མེད་ཟེར་བའི་བཀའ་བློན་ཡོང་ཁུངས་ཀྱིས་ཁོང་ལ་རོགས་འདེགས་རླབས་ཆེན་ཐུབ་ཡོད། ཡིན་ནའང་། དོན་དངོས་ལག་བསྟར་ཁྲོད། ཁོང་གིས་བཀའ་བློན་འདེམས་ཕྱོགས་ཀྱིས་མི་རྣམས་ཧ་ལས་ཤིང་ཧང་སང་དུ་བཅུག་ཡོད། གསལ་བོར་བཤད་ན། བཀའ་བློན་འབྲོང་ཆུང་དངོས་གྲུབ་དང་ཚེ་རིང་དོན་གྲུབ་རྣམ་གཉིས་ཞལ་རས་ནག་ཅིང་བཞུགས་སྟངས་བརྗིད་པོའི་རྣམ་པ་དེས། སྲིད་དོན་པ་མང་པོར་སེང་གེའི་བཀའ་ཤག་གི་ལྗིད་ཁོག་ཚོད་བགམ་ཐུབ་པ་བྱུང་ཡོད།
བོད་ནས་འབྱོར་བ་སེར་སྐྱ་རྒན་གཞོན་མེད་པར་འབྲོང་ཆུང་དངོས་གྲུབ་ཚང་གི་རྣ་མིག་མ་འགྲིམས་པ་ཞིག་མེད་ལ། བོད་ནང་ནས་རྩ་དོན་ཐད་ལས་ཀ་མ་འདྲ་བ་གནང་མཁན་གཅིག་ཀྱང་མ་ལུས་པར་ཁོང་ལ་ཐུག་འཕྲད་གནང་ཡོད། ཁོང་གིས་དེ་དག་གི་སེམས་ཁམས་དང་ལྟ་ཚུལ་བཅས་ལ་མཐུན་པའི་བཀའ་མོལ་གནང་ཕྱོགས་ནས་ཐག་གཅོད་ཅི་ཞིག་བྱེད་དགོས་མིན་བར་གྱི་ལས་དོན་ཡོངས་རྫོགས་ཀྱིས། ཆོལ་གསུམ་རིས་མེད་སྐྱེས་བོ་ཀུན་ལ་འབྲོང་ཆུང་དངོས་གྲུབ་ཚང་སྤྱི་མི་ཚད་དང་ལྡན་པ་ཞིག་ཆགས་ཡོད། དེ་བཞིན་ཁོང་ཉིད་འཛིན་སྐྱོང་ནང་ལོ་མང་བཞུགས་པས་ལས་བྱེད་རྣམས་ཀྱི་བརྩི་བཀུར་ཀྱང་ད་ལྟའི་ཆ་ལ་བློ་སེང་ལས་བརྒལ་བ་ཡིན་པ་མིག་མཐོང་རང་རེད། དེ་ལས་ཀྱང་འུ་ཚོའི་ཆེ་དྲགས་དབང་ལྡན་རྣམ་པ་ཚོས་ཀྱང་འབྲོང་ཆུང་ཚང་གི་བབ་བརླིང་ལ་ཞེ་འདར་ཤོར་བའི་བརྩི་བཀུར་བྱེད་ཀྱི་ཡོད། རྒྱུ་མཚན་དེས་ན་སེང་གེའི་བཀའ་ཤག་གི་ཕྱི་ནང་གསང་གསུམ་གྱི་ཤུགས་རྐྱེན་ཆེ་ཤོས་དེ་བདེ་སྲུང་བཀའ་བློན་འདི་བ་ཚང་ལས་གཞན་ཞིག་འཇོག་རྒྱུ་མི་འདུག
དེ་བཞིན་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་ཀྱང་བཙན་བྱོལ་བོད་གཞུང་གི་ལས་དོན་ཐམས་ཅད་ལ་གཞན་དྲིང་མི་དགོས་པའི་རྣམ་དཔྱོད་ཡོད་ཅིང་། སྒམ་ཚུགས་ཀྱི་ཆ་ནས་ཞུས་ན་བདེ་དཔལ་བཀའ་བློན་གཉིས་ལ་དམིགས་བསལ་གྱི་མཚུངས་ཆོས་མང་པོ་འདུག མ་ཟད་རྣམ་པ་གཉིས་སྐུ་སྒེར་ནས་ཀྱང་བློས་ཐུབ་ལྟ་བུའི་སྣང་ཚུལ་མངོན་བཞིན་ཡོད། འདི་ནི་ཕལ་ཆེར་སེང་གེའི་བཀའ་ཤག་གི་མ་གདན་དང་ཕྱོགས་དང་མཚམས་གང་དུའང་ཟགས་ནས་དྲུད་མི་འགྲོ་བའི་ཡིད་ཆེས་བྱེད་ས་ཉག་ཅིག་ཏུའང་བཙན་བྱོལ་བོད་མིའི་དཀྱིལ་འཁོར་དུ་ངོས་འཛིན་བྱེད་བཞིན་ཡོད།
གཞན་པད་མ་ཆོས་འབྱོར་གྱི་ན་རྒ་རྫི་ལྡིབ་དང་། རྒྱ་རི་སྒྲོལ་མའི་ལྷག་བསམ་མིག་ཆུ། གསར་བུ་གསར་མོ་གཞན་བཅས་དུས་ཚོད་ལ་ལྟོས་ཏེ་ཅི་ཆགས་ལྟ་རྒྱུ་ལས་དཔྱད་གླེང་བྱེད་རིན་མ་མཐོང་།
༢ སེང་གེའི་ཤག་གི་ལས་ཀ་རབ་རིབ་མར་དཔྱད་པ།
འོ་ན། ད་བཀའ་ཤག་འདི་ཉིད་ལས་དོན་ཐོག་ཅི་ལྟར་མདུན་བསྐྱོད་བྱ་རྒྱུ་ཡིན་ནམ་ཟེར་ན། དེ་ནི། བློ་སེང་གིས་སྔོན་ནས་གཡར་དམ་ཅི་ལྟར་བཅས་པ་བཞིན། བོད་མི་རྒན་གཞོན་ཚོར་སྐྱོར་རྒྱུ་ཡོད་པའི་ ” ཆིག་སྒྲིལ། གསར་གཏོད། རང་མགོ་རང་ཐོན། ” གསུམ་ཡིན་ཞིང་། ཚིག་འདི་དག་ཐོན་མ་ཐག་བློ་སེང་གཞན་གྱི་ཆབ་སྲིད་ལ་དབྱིངས་ཡོད་པ་རྟོགས་ཤིང་། བསམ་ཚུལ་དེས་མི་རབས་གསར་བར་ལས་འཆར་གསར་བ་འདྲ་སྟོན་རྒྱུ་ཨེ་ཡོད་བསམས་ནས། དམ་འབུལ་གཏམ་བཤད་ནས་ཁ་སང་ཚོགས་དུས་གཉིས་པའི་བཀའ་ཤག་གི་གསལ་བཤད་བར་བོད་མི་འགན་ཁུར་ཅན་རྣམས་ཀྱིས་ས་ཆའི་ཁ་ཐག་ལ་མ་ལྟོས་པར། མིག་གོར་གོར་དང་རྣ་ཅོར་ཅོར་བྱས་ཏེ་བསྡད་པ་རེད། ཡིན་ནའང་། བློ་སེང་གིས་ཚོར་སྣང་ཤུགས་ཆེན་གྱི་ཐ་ཀ་ཐད་ཀར་གང་དྲན་རྣམས་ཡིག་ཐོག་ཏུ་ཕབས་བཅུགས་ནས་བཤད་རྐྱང་བྱས། གཏམ་བཤད་གང་དེ་དང་འབྲེལ་བའི་སྔར་གནས་ལ་མིག་བཤེར་ཙམ་ཡང་མི་འཕེན་པར། དམ་འབུལ་གཏམ་བཤད་དང་། མང་གཙོའི་གཏམ་བཤད། གྲོས་ཚོགས་གསལ་བཤད། ཆོས་ཚོགས་གཏམ་བཤད་བཅས་རིམ་པར་སྤེལ་ཡང་། གྲོས་ཚོགས་འཐུས་མི་ཚོའི་འདོད་བློ་ཁེངས་པ་ཞིག་གཏན་ནས་མ་བྱུང་། དཔལ་ལྡན་ཚོགས་གཙོ་མཆོག་གིས་མཇུག་སྡོམ་གསུང་བཤད་དུ་མ་འོངས་པར་བཀའ་ཤག་གི་གཏམ་བཤད་ཡར་རྒྱས་འགྲོ་རྒྱུའི་རེ་སྐུལ་གནང་། གཏམ་གང་བཤད་དང་ལས་གང་བྱེད་ལ་གཟབ་ནན་དང་གཞུང་ལུགས་དགོས་ཚུལ་གྱི་ཚིག་མདའ་ཅིག་ཀྱང་མཉམ་དུ་འཛིན་སྐྱོང་བཀའ་ཤག་ལ་བསྩལ།
ད་ཐེངས་བློ་སེང་གི་མཉམ་སྡེབས། མགོ་སྦྲེལ། ཆིག་ཁྲི་ཆིག་འབུམ། གདན་ཞུ། ཤེས་ཡོན་སྲིད་བྱུས་བཅས་ཀྱི་ཐད་གྲོས་ཚོགས་འཐུས་མི་ཚོར་གསལ་ཁ་དེ་ཙམ་མ་བྱུང་བ་དེ། བཙན་བྱོལ་བོད་མིའི་དཀྱིལ་འཁོར་དུ་རེ་དོགས་གང་ཡོད་མ་ཐོས་མོད། ཁོ་བོས་བསམས་ན་དེ་ནི་ཁོང་གི་ཤེས་བྱའི་ནང་ཁོག་དང་འབྲེལ་བ་ངེས་ཅན་ཞིག་ལོས་ཡོད་དེ། འཆར་གཞི་རེ་རེར་ཚུལ་མཐུན་སྒྲུབ་ལུགས་ཀྱི་གཞུང་ལུགས་གསར་གཏོད་བྱ་རྒྱུ་མ་རྙེད་པ་དེས་ངེད་ལ་ཁོང་གི་འབུམ་རམས་པའི་ཤེས་ཚད་ལ་དོགས་གཞི་ནམ་མཁའ་འདྲ་ཞིག་བྱུང་།
ཁོང་གི་མགོ་སྦྲེལ་ལ་མཚོན་ན། ད་ལྟ་ཁ་ཎ་སྒྲ་དཔེ་མཚོན་ཞིག་ཏུ་གྱུར་ཟིན་པ་ལྟར་ཁོང་གི་རེ་བ་དེ་མ་མཐའ་སློབ་མ་གཅིག་གི་སློབ་ཡུན་གྱི་སྟེང་དུ་བབས། དེ་བཞིན། མཉམ་སྡེབས་ཀྱང་མཐར་གཏུག་ན་སྒོར་འབུམ་ཁ་ཤས་ཀྱི་མཐུན་རྐྱེན་ལ་ཐུག་ཡོད་པ་ཙམ་ལས། ཞིབ་འཇུག་པ་འདེམས་སྒྲུག་བྱེད་སྟངས་ཚིག་ཟུར་ཙམ་ཡང་ཐོན་མེད། དེ་ནི་གཅིག་བྱས་ན་ཚད་ལྡན་ཞིག་གིས་ཁོང་ལ་ཁས་ལེན་མ་གནང་བས་ཀྱང་ཡིན་སྲིད།
ཆིག་ཁྲི་ཆིག་འབུམ་ནི་རི་བོང་གི་རྭར་གྱུར་མིན་ལ་མ་ལྟོས་པར། ༧གོང་ས་མཆོག་ནས་ཀྱང་བསྟོད་བསྔགས་གནང་ཡོད། སྤྱིར་བཏང་༧གོང་ས་མཆོག་གི་བསྟོད་བསྔགས་དེ་བེད་སྤྱོད་ལོག་པར་བཏང་ན་མི་རེ་འགའ་མགོ་འཁོར་ངེས་ཀྱང་། ཅི་ལྟར་སྤྱི་འཐུས་གནས་ཚད་མཐོ་གྲས་བོན་པོ་བ་སྨོན་ལམ་མཐར་ཕྱིན་པས་བཤད་པ་ལྟར། དང་པོ་བཙན་བྱོལ་དུ་བོད་ཡིག་ཐོག་ཁྱད་ལས་པ་ ༥༠༠ ཐོན་ཐུབ་བྱས་ན་ཟེར་བ་དེ་གནད་འགག་དང་དོན་དངོས་ཐག་ཉེ་བོ་འདུག ཅིའི་ཕྱིར་ལོ་ཉི་ཤུའི་དམིགས་ཚད་བཟུང་བ་རེད་དམ། ལོ་ཉི་ཤུར་དེ་འདྲ་ཞིག་ཐོན་ཐུབ་བམ། བོད་ནང་གནས་སྐབས་བཞག་ནས། བཙན་བྱོལ་དུ་ཁྱད་ལས་པ་དེ་དག་ས་ཆ་གང་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་ནམ་ཟེར་ན། བློ་སེང་ལ་འདིའི་དྲིས་ལན་གསལ་བོ་ཞིག་མེད། དེ་བས་ལོ་ཉི་ཤུ་འདི་ནི་ལོ་ལྔ་ཚན་ཕྱི་མ་དེའི་མ་གདན་ནམ་འོས་ཤོག་དངོས་གནས་དེ་རེད།
གདན་ཞུའི་ཐད་ནས་ཉུང་ཙམ་སྤྲོས་ན། དེང་བཙན་བྱོལ་ནང་གི་ལས་བྱེད་པའི་བློ་འགུགས་བྱེད་ཐབས་སུ། བོད་ནང་གི་སྤུན་གཉེན་དག་ལ་ཞི་དྲག་གི་ཐབས་ཤེས་བསྟུད་མར་བྱེད་པ་བདེ་སྲུང་བཀའ་བློན་གྱིས་གསུངས་བ་ལྟར། རྒྱ་ནག་གི་འདོད་པར་མ་བབས་ན་བོད་མི་དཀྱུས་མ་ཞིག་ཀྱང་བོད་དུ་ལོག་རྒྱུ་མེད་པ་རེད། ཕྲན་ལྟ་བུས་ལས་བྱེད་པ་འཐབ་རྩོད་པ་ཐབས་ཆག་ཅིག་ལའང་ཕ་ཡུལ་དུ་ལོག་འདོད་ན་ལས་ཀ་དེ་འདྲ་མ་བྱས་ན་བཟང་བས་འཇིགས་སྐུལ་སླེབས་སོང་། དངོས་ཡོད་དེས་ད་བར་བློ་སེང་གིས་བོད་མིའི་དད་འདུན་སྲིད་དོན་ནང་བེད་སྤྱོད་བྱས་པ་དེ་རྦད་དེ་ནོར་འཁྲུལ་ཆེན་པོ་རེད་ལ། བྱུང་ན། ༧གོང་ས་མཆོག་གདན་ཞུ་ཟེར་བ་འདི་མང་པོ་མ་གསུངས་ན་ཡག་ཅིང་། བོད་ལ་རང་དབང་བྱུང་མཚམས་༧གོང་ས་མཆོག་གི་སྲིད་འགན་མི་བཞེས་རྒྱུ་མ་འོངས་རྩ་ཁྲིམས་སོགས་སུ་བཀོད་ནས་ཁྱབ་བསྒྲགས་གནང་བ་དང་། དེང་སྐབས་ཡོངས་སུ་སྲིད་འགན་རྩིས་སྤྲོད་ཞུས་ཟིན། དེ་དག་རྒྱ་ནག་ལ་༧ཏཱ་ལའི་བླ་མ་མི་གཅིག་གི་ཆེད་དུ་གླེང་རྒྱུ་གང་ཡང་མེད་པ་དང་། ལྷག་ཏུ་༧ཏཱ་ལའི་བླ་མས་ཞིང་བྲན་བསྐྱར་གསོ་བྱེད་ཀྱི་མེད་པས་བརྡ་ལན་མཚོན་ཆེད་ཡིན་པ་གསལ་བོ་ཡིན་སྟབས། དེང་སྐབས་༧གོང་ས་མཆོག་གདན་ཞུ་ཟེར་བའི་ཚིག་འདི་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་སྲིད་དོན་སྡིངས་ཆའི་སྟེང་དེ་ཙམ་འབྲེལ་བ་མེད་ལ། འདི་ནི་༧ཏཱ་ལའི་བླ་མར་བཅངས་བའི་དད་འདུན་བེད་སྤྱོད་བྱས་པ་ཞིག་ཀྱང་རེད་འདུག་པས། ཁོང་དངོས་གནས་གདན་འདྲེན་ཞུ་མཁན་ནི་ཆབ་སྲིད་དང་འབྲེལ་བ་མེད་པའི་དགའ་ལྡན་ཕོ་བྲང་བ་ཡིན་ལ། དེས་འབྲེལ་བ་བྱེད་ས་འང་རྒྱ་ནག་གི་ཆོས་ལུགས་སྡེ་ཚན་ཁག་ཡིན་པས། བཀའ་བློན་ཁྲི་པའི་འོས་འགན་དང་དེ་ཙམ་འབྲེལ་བ་མེད།
ཤེས་ཡོན་ཐད། བཀའ་ཁྲི་གསར་བས་དམིགས་བསལ་གནང་གི་ཡོད་པ་དེས་མི་རྣམས་ལ་བག་ཆགས་ཡག་པོ་བཞག་ཡོད་ལ། བོད་ཀྱི་རིག་གཞུང་བྱུང་རབས་སྐད་ཡིག་ཚུགས་ཐུབ་མེད་མཁན་ཞིག་ཤེས་རིག་བཀའ་བློན་དུ་བསྡད་ཀྱང་བཙན་བྱོལ་ནང་བསམ་ཚུལ་གང་བྱུང་གི་ཡོད་མེད་ངས་མ་ཐོས་མོད། ཤེས་རིག་སློབ་གསོའི་ལས་དོན་འདི་འཛིན་སྐྱོང་གི་རིགས་ལམ་གཅིག་པུས་མཐའ་འཁྱོངས་པ་ཞིག་མིན་པ་གསལ་བོ་ཡིན་ཡང་། བཀའ་ཁྲིས་གྲོས་ཚོགས་སུ་གསུངས་བ་ལྟར་ན་ཤེས་ཡོན་ཐད་སྔར་མེད་ལས་འཆར་སྒྲིག་དང་སྒྲིག་རྒྱུ་ཡོད་པའི་བསམ་ཚུལ་ཤུགས་ཆེར་བཏོན་ཡོད། འདི་ནི་གཅིག་བྱས་ན་འགལ་རྐྱེན་དུའང་འགྲོ་སྲིད་མོད། ང་ཚོས་ཡོང་རྒྱུར་ལྷགས་པའི་ནོ་བྷེལ་གཟེངས་རྟགས་དུས་དྲན་སྐབས། ཁོང་གི་བོད་ཡིག་ཀློག་སྟངས་ལ་ལྟོས་ན་ཁོང་གིས་ཅི་ཙམ་བོད་སྐད་ཡིག་གི་ཤེས་བྱར་ཅི་ཙམ་དོ་ནན་བྱེད་བཞིན་པ་རྟོགས་ཐུབ་ལ། དེས་ཁོང་ལ་བསྐྱར་གསོ་བྱེད་དགོས་པའི་རང་དང་འདྲ་བའི་བཙན་བྱོལ་བོད་མིའི་བོད་ཀྱི་ཤེས་རིག་གི་འབྱུང་འགྱུར་མཐོང་འཇུག་གི་རེད་ལ། མྱོང་འཇུག་གི་རེད།
དེས་ན་སེང་གེའི་བཀའ་ཤག་གི་ལས་འཆར་ལས་རིམ་འདི་དག་གིས་བོད་མི་ཞིག་ལ་བསམ་ཚུལ་ཅི་ཞིག་སྤྲོད་ཀྱི་རེད་དམ།
༣ རང་ངོས་ནས་རང་ལུགས་བཞག་སྟེ་བོད་ཀྱི་མདུན་ལམ་ལ་ལྟ་བ།
གོང་དུ་རོབ་བཤད་བྱས་པའི་བཀའ་ཤག་དང་དེའི་ལས་འཆར་ལས་རིམ་ཐད་དཔྱད་པ་བྱས་ནས་མཚམས་འདིར་བསླེབས་པ་ན། བོད་ནང་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་མཆོད་མེར་སྒྲོན་པའི་ལས་འགུལ་བྱུང་དང་འབྱུང་བཞིན་པས། སེང་གེའི་བཀའ་ཤག་གིས་ལམ་དབུ་མ་རྒྱུན་འཁྱོངས་ཀྱིས་མཆོད་མེ་སྦར་བའི་རྒྱུ་མཚན་ཐག་གིས་གཅོད་ཀྱི་ཡིན་ན། བཀའ་ཤག་སྐབས་གོང་མའི་“དབུས་གཞུང་ལ་ཕུལ་བའི་” “བསམ་འཆར་” དང་དེའི “འགྲེལ་བརྗོད་” ཐད་གསལ་ཁ་བྱེད་དགོས་ཀྱི་འདུག་ལ། སེང་གེའི་བཀའ་ཤག་གི་སྐབས་སུ་བྱུང་བའི་རང་ལུས་མཆོད་མེར་སྒྲོན་པའི་གནས་སྟངས་ནི་ལོ་རྒྱུས་གསར་བ་ཞིག་ཡིན་པས། ” བསམ་འཆར“་དེ་ལ་བསྐྱར་ཞིབ་བྱ་དགོས་མིན་དང་དེས་དེང་བོད་ནང་བྱུང་བཞིན་པའི་མངོན་འདོད་མཚོན་གྱི་ཡོད་ན། “བསམ་འཆར་“དེའི་མཇུག་སྣོན་ཅི་ལྟར་སྐྱོང་མིན་ལ་འབྲེལ་མོལ་གྱི་སྒོ་མོ་ཕྱེས་ཡོད་ཟེར་བའི་ཚིག་ཙམ་གྱིས་འཐུས་བར་མི་འདོད།
དགའ་ལྡན་ཕོ་བྲང་པའི་སྲིད་དབང་འཕོ་འགྱུར་བྱུང་བ་དང་། ན་ནིང་ཟླ་ ༣ ཚེས་ ༡༠ ནས་འཛམ་གླིང་གི་དོ་སྣང་མ་འདྲ་བ་གནང་གི་ཡོད་ན། རྒྱ་ནག་གི་མཁས་དབང་ཁག་དང་འབྲེལ་འདྲིས་གཏིང་ཟབ་ཡོད་པ་ཡིན་ན། སེང་གེས་བཀའ་ཤག་གིས་ཕྱི་སྡོད་རྒྱ་རིགས་གང་ན་ཅི་ཡོད་རྣམས་ངྷ་སར་མགྲོན་འབོད་ཀྱིས་ཚོགས་ཆེན་དམིགས་བསལ་བ་ཞིག་བསྡུས་ཏེ་བོད་མིར་རང་དབང་ཐོབ་ཐབས་སུ་ཞུ་འབོད་བྱེད་དགོས་ཤིང་། ” བསམ་འཆར་“སྤྲད་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་དེས་བོད་དོན་ལ་ཕན་མིན་གྱི་གནས་སྟངས་གསལ་བོ་བཟོ་དགོས་པར་སྙམ་ལ། གལ་སྲིད་དེར་ད་དུང་རྔོ་ཐོགས་པ་ཞིག་མེད་ན། རྒྱ་ནག་རང་གིས་རང་གི་རྩ་ཁྲིམས་འབྲུ་འགྲེལ་དང་རྩ་ཁྲིམས་བརྩི་མིན་གྱི་ཡ་ལན་ལ་སྒུག་ནས་མི་སྡོད་པར། བཀའ་ཤག་གསར་བའི་ལོ་གཉིས་ཀྱི་ནང་གནས་སྟངས་དེ་ཁ་གསལ་བཟོ་མ་ཐུབ་ཚེ། སེང་གེའི་བཀའ་ཤག་གི་རྒྱ་བོད་འབྲེལ་ལམ་གྱི་གསར་གཏོད་རི་བོང་གི་རྭ་དང་། ལོ་རྒྱུས་ཀྱི་མགོ་བསྐོར་སྔ་ན་མེད་པ་ཞིག་ཆགས་ཀྱི་རེད་ལ། “རྩ་དོན་གསུམ་” “ནག་ཉེས་གསུམ་“གྱི་ངོ་བོར་འགྱུར་གྱི་རེད།
གལ་སྲིད་དེ་ལྟར་དུས་ཡུན་ངེས་ཅན་ནང་རྒྱ་བོད་ཆབ་སྲིད་ཐད་རེ་བ་མ་མཐོང་ཚེ། བཀའ་ཁྲི་གསར་བས་བརྒྱུད་ལམ་སྣ་ཚོགས་ནས་བོད་ཕྱི་ནང་གཉིས་དང་། བོད་དང་རྒྱ་ནག་བར་ལ་རིག་གཞུང་གི་བརྗེ་རེས་གསར་གཏོད་བྱེད་དགོས་པར་འདོད་ལ། བོད་ཕྱི་ནང་གཉིས་སུ་ཡོངས་སུ་འགྲོ་བསྐྱོད་རང་དབང་ལྡན་པ་ཞིག་ཆགས་རྒྱུར་འབད་བརྩོན་གནང་སྟེ། རྒྱ་བོད་བར་ལ་ཆབ་སྲིད་ཀྱི་གནད་དོན་ཕུད་གཞན་རྙོག་གླེང་གང་ཡང་མེད་པ་དོན་དངོས་ཐོག་ལག་ལེན་བསྟར་ཐུབ་པ་ཞིག་ལ་ལས་འཆར་སྒྲིག་དགོས་པར་འདོད། དེ་འདྲའི་མཐུན་ཟབ་ཞི་གནས་ཀྱི་ལྟ་ཚུལ་ལ་ཡ་ལན་བྱེད་རྒྱུའི་རེ་བ་མ་མཐོང་ཚེ། སྐབས་དེ་ནས་བཟུང་འཚེ་མེད་ཞི་བ་བེམ་པོར་གྱུར་སོང་བ་རེད་ལ། དྲང་བདེན་ཀྱང་རུལ་སོང་བ་ཡིན་པས། ཚེ་སྲོག་རྒྱུ་འབྱོར་ཕངས་མེད་ཀྱིས། གསོན་གནས་གཉིས་ཀྱི་གཅིག་བདམས་སྟེ་བློ་ཐག་ཆོད་པོས་ལམ་དུ་བསྐྱོད་དགོས་ཤིང་། ཉི་མ་དེར་ཤི་སོང་བའི་བོད་མི་རིགས་ཤིག་ཡོད་ན་དེ་ནི་སྐྱེ་བ་རླབས་ཆེ་ཞིང་ཤི་བ་གཟི་བརྗིད་ལྡན་པ་ཞེས་པ་དེ་ཡིན། སྐབས་དེ་ནས་བཙན་བྱོལ་བ་འབོར་ཆེན་བོད་དུ་ཞི་བའི་གོམ་བགྲོད་ཀྱིས་སྲོག་གཏོང་དགོས་ཤིང་། བོད་ནང་དུ་ཞི་བའི་ལས་འགུལ་སྤེལ་ཕྱོགས་ཀྱི་བཀོད་གདམ་བཙན་བྱོལ་བོད་གཞུང་གིས་བྱེད་དགོས། དེ་ལྟར་བོད་ཕྱི་ནང་གཉིས་ནས་བོད་མི་འབུམ་གཅིག་གིས་རྒྱལ་ཁབ་ཀྱི་དོན་དུ་སྲོག་དོར་བ་ཡིན་ན། ང་ཚོར་གང་མགྱོགས་རང་དབང་ཐོབ་ཀྱི་རེད།
༢༠༡༡། ༩། ༤། ཉིན།
སྐུ་ཞབས་ཤར་ཕྱོགས་ཁུག་རྟས། བཤད་པ་དེ་ཚོ་དངོས་གནས་བདེན་པ་རེད། སྔར་བློ་སེང་བཀའ་ཁྲིར་མ་སླེབས་གོང་། ངས་ཆེད་དུ་ཁོང་བཀའ་བློན་ཁྲི་བར་མི་འོས་པའི་བསམ་ཚུལ་བཏོན་པ་ཡིན། དེ་སྐབས་ཚོགས་གཏམ་གཏོང་མཁན་འགའ་ཡང་བྱུང་། གང་ལྟར་ད་ལྟའི་ཆར་བློ་སེང་གི་ནང་མཉམ་ཕྱིར་སྟོན་བྱེད་བཞིན་པའི་སྐབས་སུ། ཁྱེད་ཀྱི་བསམ་ཚུལ་ཁ་གསལ་བོ་དང་དངོས་ཡོད་ཀྱི་རང་བཞིན་ལྡན་པ་ཁག་ཅིག་སྤེལ་འདུག་པར་དགའ་བསུ་ཡོད། ད་ལྟའི་ཆར་ཁྱེད་རང་ལས་གནས་ནས་ཕྱིར་ཕུད་བྱས་ཡོད་ན་དེ་ནི་ཁྱེད་རང་གི་གཟི་བརྗིད་ལས་ཅུང་གང་ཡང་མ་རེད། དེ་རིང་ཁྱེད་རང་ལས་གནས་ནས་ཕྱིར་ཕུད་བྱས་ཚུལ་ཐོས་སྐབས་འཕྲལ་དུ་འབྲེལ་ཡོད་རྩོམ་ཡིག་ཁག་གཉིས་བཀླགས་པ་ཡིན། ཡག་པོ་བྲིས་འདུག གངས་ཅན་སྐྱིད་གཤུང་གི་མིག་ཁར་སིར་པན་ཚ་བོ་ཞིག་བཏབ་འདུག
སྐྱེས་སར་ཀླུ་སྒྲུབ་ཀྱིས་་་་་
རྒན་ལགས་ཀྱི་བསམ་ཚུལ་གོ་སོང་། མྱི་ཤེས་མྱོང་ཅན་གྱི་ཚིག་རེ་ན། ། དོན་བརྗིད་ལྡན་མཚོན་གྱི་རྣོ་ཁ་གདའ།།
འཛིན་སྐྱོང་སྔོན་མའི་ཐུགས་རྗེ་བཀའ་དྲིན་དང་འཛིན་སྐྱོང་གསར་བའི་ནང་གི་བཀའ་བློན་ཉམས་མྱོང་དང་འཇོན་ཐང་ཅན་རྣམ་པའི་ནུས་པ་ལ་བརྟེན་ནས་མ་མཐར་ཡང་གོམ་ཁ་མི་འཆོལ་བར་ཕ་ཤུལ་བུས་འཛིན་གྱི་ལས་འཕྲོ་སྐྱོང་ཐུབ་བསམས་ནས་སེམས་བདེ་བར་ཡོད།
བསམ་བློ་གཞན་ཞིག་ནས་བཏང་ན་་བདག་གི་ཐོག་མའི་རེ་བའི་བཀའ་ཁྲི་རྒྱ་རི་སྒྲོལ་མ་ལགས་དང་སྤྱི་འཐུས་ཚགས་གཙོ་སྤེན་པ་ཚེ་རིང་ལགས་རྣམ་པ་གཉིས་ཀ་གཅིག་འཛིན་སྐྱོང་ནང་དང་གཅིག་སྔར་བཞིན་ཚོགས་གཙོར་ཕེབས་ཡོད་པ་འདིས་བདག་ཡིད་ཕལ་ཆེར་ཚིམ་ཡོད།
བཀའ་ཁྲི་ལ་ངེས་པར་དགོས་པའི་ལས་འགུལ་རང་སྲོག་མེ་ལ་སྲིག་མི་རིམ་པར་བོད་ནས་བྱུང་ཡང་། བཀའ་ཁྲིའི་སྐད་ཆ་ན་གཅིག་དང་ལས་འགུལ་སྣེ་གཅིག་གོ་རྒྱུ་མི་འདུག་ ད་ག་རེ་བྱས་རེད་། སླ་ཆགས་ཡིན་ན་ གཉིད་ཁུག་ཡིན་ན་ དཔའ་ཞུམས་ཡིན་ན་
བཀའ་ཁྲིའི་མིང་ལས་གཞན་མི་དགོས་ཡིན་ན། ཁྱོད་རང་བོད་མིའི་བཀའ་ཁྲི་ཡིན་ན་ཕྱི་ལ་དོན་ནས་བོད་མིའི་ལས་འགུལ་འགོ་འཛུགས་རྒྱུ་ལུས་འདུག་། ཡོང་མི་གང་ཡོད་ཁྲིད་ནས་གོམ་བགྲོད་ཐོག་བོད་ལ་བདེན་དོན་དང་བོད་མིའི་ཆེད་འགྲོ་རོགས་།
ང་ཡང་མཉམ་འགྲོ་ཡིན་། ཁ་ཤས་རང་སྲོག་དོར་ཡང་ཚོར་བ་གང་ཡང་མེད་པའི་བཀའ་ཁྲི་ཞིག་ང་ཚོ་ལ་མི་དགོས་། ཁྱོད་རང་བསམ་བློ་གཏོང་ཤོག་
བཀའ་ཁྲིའི་འགྲན་སྡུར་སྐབས་སུ་བཤད་པའི་སྐད་ཆ་དང་སྤོ་པ་ལ་བརྟེན་པའི་མི་དམངས་ཀྱི་རེ་བ་རྣམས་དམ་འབུལ་ཚར་ནས་ད་ལྟའི་བར་དུ་ཉམས་གུད་མ་ཏོགས་བྱུང་མི་འདུག་།
ལྷག་པར་དུ་བོད་པའི་རིག་གཞུང་གི་ཤེས་ཚད་ཧ་ལམ་ཀླད་ཀོར་ཡི་པའི་བཀའ་ཁྲི་རང་ཉིད་ཤེས་རིག་བཀའ་བློན་ལ་ཁས་ལེན་བྱས་པ་དེ་ཧམ་པ་ལས་རྒྱུ་མཚན་སྣེ་གཅིག་མི་འདུག་།
བཀའ་བློན་དང་ལས་བྱེད་སུ་ཡིན་ལས་གཞི་དང་མཚུངས་པའི་ཤེས་ཚད་དགོས་སྐོར་བཤད་པ་དེ་དག་ཆོས་རིག་དང་ཤེས་རིག་དང་ཕྱི་འབྲེལ་བཀའ་བློན་གསུམ་ག་དང་མ་འོས་པ་ཤར་ཅིག་ཡིན་།
སྐུ་ཞབས་བློ་སེང་གི་རྩོམ་ཡིག་བཙལ་ནས་དུས་ཚོད་མང་པོ་བཏང་ཟིན། དེ་ནི་འོས་གཞིའི་སྐབས་ནས་ཡིན། ཁོང་ལ་དངོས་སུ་རེ་བ་བཏོན་ནས་བྱུང་ན་མང་གཙོའི་སྐོར་གྱི་རྩོམ་ཡིག་དེ་བོད་བསྒྱུར་བྱས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བཀྲམས་རོགས་ཞེས་ཐེངས་མང་ཞུས་མྱོང་། ཡིག་ཐོག་ནས་ཀྱང་ཞུས་ཚར། ཡིན་ནའང་། རྩོམ་ཡིག་དེའི་ཐད་བགྲོ་གླེང་མང་པོ་ཡོད་ཡོད་པ་རེད།
ཁ་སང་གྲོས་ཚོགས་སུ་གསུངས་བའི་རྒྱལ་སྤྱིའི་ཚགས་དེབ་སོགས་སུ་རྩོམ་འབྲིའི་སྐོར་བྱེད་པ་དེ་དག་ཕལ་ཆེར་བཀའ་ཁྲིས་མིང་གིས་ཁྱེར་བ་ཡིན་འདུག་ལ། ནམ་རྒྱུན་གྱི་རྩོམ་འབྲི་དང་པར་ཐོན་མིན་གྱི་ཆ་ནས་བཤད་ན་ད་དུང་བསྟན་འཛིན་བརྩོན་འགྲུས་མདུན་དུ་སླེབས་ཡོད། དེ་བས་སྐད་ཆ་ཚིག་རེ་རེར་ཞིབ་འཇུག་བྱས་ན་བསམས་ཚུལ་སྣ་ཚོགས་ཡོང་གི་རེད་ལ། ཡོང་ཆོག་གི་རེད།
མ་རྩོམ་དང་མཆན་བུ་གང་སར་རྒྱུ་མཚན་ཞིག་བཤད་ཀྱི་འདུག ཐོག་སྒྲ་ལགས་ཀྱི་དེང་དུས་རྒྱལ་སྤྱིའི་རྩོམ་ཡིག་ཚད་ལྡན་བཀོད་ས་གང་སར་བཙལ་འཚོལ་བྱས་ཀྱང་རྩོམ་ཡིག་གང་ཡང་ལག་སོན་མ་བྱུང་བ་དེ་ནི་གནད་འགག་ཅིག་རེད།
དེ་རིང་ཁ་སང་སྤྱི་ཚོགས་ནང་དུ་བཀའ་བློན་སྟེང་ལ་གླེང་སློང་ཧ་ཅང་ཆེ་བས་དྲ་རྒྱ་སོགས་ཀྱི་གནས་སྐབས་སྒོ་ཡང་རྒྱག་དགོས་པའི་གནས་ཚུལ་ཡང་འབྱུང་གི་འདུག འདི་ནི་བློ་སེང་གི་ཁ་གཡང་གི་གྲུབ་འབྲས་ཞིག་ཀྱང་ཅི་ལ་མིན། བོད་མི་ཚོས་གཡབ་རྒྱུག་དང་རེ་བ་བྱེད་རྒྱུ་འདི་གོམས་གཤིས་ཤིག་ཆགས་བསྡད་འདུག ང་ནི་བོད་པའི་མིའི་སྐད་ཆ་ལ་ཐང་ཆད་ནས་རེ་བ་གཞན་ལ་བཅོལ་རྒྱུ་མིན་པ་རང་ཉིད་ཀྱི་རང་ཉིད་ལ་རེ་བ་བྱེད་བཞིན་རྒྱུ་ཡིན།
རྨོངས་དད་ཀྱི་འཁོར་ཡུག་འདི་ནས་ངའི་ཁ་དབུགས་ཡོད་ཚད་ཉི་མ་དེ་རིང་ནས་བརླག་སོང་ནུབ་སོང་ཚར་སོང་། ང་རང་ཉིད་ཀྱི་བསམ་གཞིག་ཡོད་ཚད་འགྲིགས་སོང་འཁྱོངས་སོང་མཐུན་སོང་། ལ་ལ་ལས་ཀྱི་འཁོར་སོང་། ལ་ལ་ཆུ་ལ་བསྐུར་སོང་། ལ་ལ་གཉིད་ནས་སད་སོང་། ལ་ལ་སྨྱོན་པ་ཆགས་སོང་། ལ་ལས་རྨི་ལམ་བཏང་སོང་། ལ་ལས་བཤད་རྒྱུ་ཆགས་སོང་། ལ་ལས་བསྟོད་རྒྱུ་བོར་སོང་། ལ་ལས་རེ་བ་ཆགས་སོང་། འདི་ཐམས་ཅད་ནི་སྟོང་སང་ཡིན།
རྣམ་དཔྱོད་སྟོང་ལས་གང་བའི་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བསམ་ཚུལ་ངོ་རྗེན་མ་ཞིག་སྤེལ་འདུག་པས་གནས་ལུགས་དྲང་བདེན་གྱི་ཚུགས་སུ་ཟིན་འདུག
ཤར་ཕྱོགས་ཁུག་རྟག་ལགས།
གཏམ་ཕར་མི་བཤད་པར་མཛུམ་བོ་ནང་དུ་ཚུར་འཛུགས་ན་ཁྱོད་རང་མི་འབུམ་གཅིག་གི་རང་སྲོག་དོར་དགོས་བའི་ནང་དུ་མཆོང་རྒྱུའི་ཐག་ཆོད་ཡོད་དམ།
ཁ་ནང་ནས་སྐད་ཆ་ཙམ་ཤོད་རྒྱུ་ལ་དཀའ་ངལ་གང་མེད།
ཤར་ཁུག་ལགས་ཁྱེད་ཀྱིས་གསུངས་པ་ད་བདེན་ག་་་་འཆར་གཞི་རེ་རེར་ཚུལ་མཐུན་སྒྲུབ་ལུགས་ཀྱི་གཞུང་ལུགས་གསར་གཏོད་བྱ་རྒྱུ་མ་རྙེད་པ་དེས་ངེད་ལ་ཁོང་གི་འབུམ་རམས་པའི་ཤེས་ཚད་ལ་དོགས་གཞི་ནམ་མཁའ་འདྲ་ཞིག་བྱུང་།་་་་
http://www.khabdha.org/?p=16958
http://www.khabdha.org/?p=17312
http://www.khabdha.org/?p=15303
མཁས་པའི་ཡོན་ཏན་འཇལ་བ་ལ་ཐོག་མར་ཁོ་བོའི་དཔར་སྐྲུན་བྱས་ཟིན་པའི་བརྩམས་ཆོས་དག་ལ་ངེས་པར་དུ་གཟབ་ནན་གྱིས་ལྟ་དགོས། དེར་བརྟེན། ང་ཚོ་བོད་ཀྱི་ཆབ་སྲིད་བསྐྱར་ཞིབ་རྩོམ་སྒྲིག་པས་བོད་མི་འོས་ཤོག་ལྡུག་མཁན་ཚོས་བློ་སེང་ལགས་ཤེས་ལྡན་པ་ཞིག་ཡིན་པའི་གཞི་རྩའི་ཐོག་ནས་བྱ་གཞག་ཅི་ཞིག་བསྒྲུབ་ཡོད་པ་དག་ཡག་པོ་མཁྱེན་རྟོགས་ཡོང་བའི་རོགས་རམ་གྱི་ཆེད་དུ་དེ་སྔ་དཔར་སྐྲུན་བྱས་ཟིན་པའི་བརྩམས་ཆོས་ཁག་ལ་དཔྱད་པ་མདོར་བསྡུས་ཤིག་བཏང་ཡོད།
ཐོག་མར་ང་ཚོས་བློ་སེང་གི་དཔར་སྐྲུན་བྱས་ཟིན་པའི་རྩོམ་ཡིག་སྤྱི་ལ་དཔྱད་པ་བཏང་ཡོད། དེ་ནས་ཁོང་གི་རྩོམ་ཡིག་བྱེ་བྲག་པ་རེ་རེ་ལ་དཔྱད་པ་བཏང་པ་བཅས་ཁག་གཉིས་སུ་དབྱེ་ཡོད། མདོར་བསྡུས་ཏེ་བརྗོད་ན། བློ་སེང་ལགས་ཕྱི་ལོ་ ༢༠༠༤ ཁྲིམས་ལུགས་རིག་པའི་སློབ་དཔོན་ S.J.D. གྱི་སློབ་མཐར་ཕྱིན་རྗེས་མཁས་པའི་ངང་ཚུལ་ཐོག་ནས་རྩོམ་ཡིག་གསུམ་དཔར་སྐྲུན་གནང་འདུག རྩོམ་ཡིག་གཅིག་ཀྱང་རྒྱལ་སྤྱིའི་ཚད་ལྡན་གྱི་དཔེ་དེབ་གྲས་སུ་དཔར་སྐྲུན་བྱ་ཐུབ་མི་འདུག་ཅིང་། རྩོམ་ཡིག་གསུམ་ལས་གཅིག་གི་བརྗོད་གཞི་ནི་ལོ་རྒྱུས་དང་འབྲེལ་ཞིང༌། ལོ་རྒྱུས་ཀྱི་དོན་དངོས་ལ་བདེན་པ་ཁུངས་སྐྱེལ་ཡང་བྱས་འདུག་མོད། འོན་ཀྱང༌དེ་ལ་རྒྱལ་སྤྱིའི་ངོས་འཛིན་ལྡན་པའི་ཚད་ལྡན་གྱི་རྩོམ་ཡིག་གམ་ཡང་ན་མཁས་བའི་ཁྱད་ཆོས་ལྡན་པའི་གསུང་ཚིག་དེ་ཙམ་མི་སྣང༌། རྩོམ་ཡིག་གཅིག་གི་ནང་དུ་རྩོམ་པོ་ཁོང་གིས་མང་གཙོ་ལ་དོ་འཁུར་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་བོད་ལ་རང་སྲིད་རང་སྐྱོང་ཐོབ་ཐབས་ཀྱི་སྐོར་བཀོད་འདུག
གཉིས་པ། བློ་བཟང་སེང་གེ་ལགས་ཀྱི་རྩོམ་ཡིག་སྤྱི་ལ་དཔྱད་པ།
ང་ཚོས་གང་ཡོང་ཡོང་གིས་གོ་བདེ་བའི་ཞིབ་འཇུག་བྱས་ཏེ་ཁོང་གི་རྣམ་དཔྱོད་ཀྱིས་བྲིས་བའི་རྩོམ་ཡིག་ཚང་མ་འདི་ལ་བསྟན་ཡོད། འོན་ཀྱང་། ཚགས་ཤོག་ཁག་ཏུ་བཀོད་ཡོད་པའི་རྩོམ་ཡིག་ཁག་འདིར་དཔྱད་ཞིབ་བྱས་མེད། དེར་བརྟེན། ང་ཚོས་ཐོག་མར་ཁྲིམས་ལུགས་དང་མཐུན་པའི་ཞིབ་འཇུག་བྱ་ཡུལ་དེ་ཁྲིམས་མཐུན་གྱི་མཁས་པ་ཚོ་དང་ཁྲིམས་རྩོད་པ་དག་གིས་བེད་སྤྱོད་བྱེད་ཀྱིན་པའི་དྲ་གནས་བེ་སུ་དྲུ་ལོ་ Westlaw ནང་འཚོལ་ཞིབ་བྱས་པ་ཡིན། འདིའི་ནང་དུ་རྒྱལ་སྤྱིའི་མཁས་དབང་ཚོས་བརྩམས་པའི་དཔེ་དེབ་ཚད་ལྡན་གྱི་ལས་གཞིའི་རེའུ་མིག་ ༤༠༠༠༠ དང༌། ཨ་རའི་གཙུག་ལག་ཁང་ཁག་གི་ཚད་ལྡན་མཁས་པ་ཚོའི་བརྩམས་ཆོས་དག་འཚོལ་ཐུབ་ཀྱི་ཡོད། འོན་ཀྱང་། ང་ཚོའི་ལག་ཏུ་བེ་སུ་དྲུ་ལོ་ Westlaw ནས་བློ་སེང་གི་བརྩམས་ཆོས་གཅིག་ཀྱང་རག་མ་སོང་། དེ་ནས་ང་ཚོས་འཚོལ་ཞིབ་ཀྱི་ལས་གཞི་ཆེ་རུ་བཏང་ཏེ་སྤྱི་ཚོགས་རིག་གནས་འཚོལ་ཞིབ་དྲ་གནས་མཉམ་འབྲེལ་ Social Science Research Network ཞེས་པའི་ནང་བཙལ་ཡང་། འདིའི་ནང་དུ་ཡང་བློ་སེང་གི་རྩོམ་ཡིག་གཅིག་ཀྱང་ལག་སོན་མ་བྱུང་། མཐར་ང་ཚོས་གྷོ་གྷིལ་སི་ཁོ་ལར་ Google Scholar ནང་དུ་འཚོལ་ཞིབ་བྱས་སྐབས་གཤམ་གྱི་རྩོམ་ཡིག་འདི་གཉིས་རྙེད་བྱུང༌། རྩོམ་ཡིག་གཅིག་ནི་དེབ་ཅིག་གི་ནང་གི་ལེ་ཚན་གཅིག་རེད་འདུག གང་ལྟར་རྩོམ་ཡིག་ཆ་ཚང་ཕྱི་ལོ་ ༢༠༠༤ ལོར་སློབ་དཔོན་གྱི་སློབ་མཐར་མ་ཕྱིན་གོང་དཔར་སྐྲུན་བྱས་པའི་རྩོམ་ཡིག་རེད་འདུག
སློབ་ཡུན་དེ་སློབ་ཡོན་དུ་བཅོས་རོགས།