མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་འཐབ་རྩོད་ཆོས་ལུགས་དང་མཐུན་ཐབས་འཚོལ་མི་དགོས།

བོད་ཀྱི་དུས་བབ།
༢༠༡༡/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྐྱ་མདའ།

ད་ལྟ་ང་ཚོའི་འཐབ་རྩོད་འདི་ཨ་རབ་ཀྱི་དཔྱིད་ཀ་ལྟར་རྒྱ་མི་ཆེ་ཡང་། དཔའ་སྟོབས་དང་ཆོད་སེམས་ཀྱིས་མདུན་དུ་བསླེབས་པའི་ཁ་ཕྱོགས་གསར་པ་ཞིག་ཏུ་མདུན་སྐྱོད་བྱེད་ཀྱིན་ཡོད། ཇི་སྲིད་མདོ་དབུས་མཐོ་སྒང་ན་རང་དབང་གི་དཔྱིད་ཀ་མ་འཆར་བར་དེ་སྲིད་དུ་བོད་མི་རྣམས་ལྷིང་འཇགས་གེར་གཉིད་མི་སྲིད། འ་ཆད་འུ་ཐུག་གི་འཐབ་རྩོད་ཀྱི་ཁ་ཕྱོགས་གསར་པ་དེ་ཡང་རྒྱ་གཞུང་རང་ཉིད་ཀྱིས་བསྐྲུན་པ་ཞིག་ལས། གཞན་སུ་ཞིག་ལ་ཡང་ངན་ཁག་དཀྲི་ས་མེད། རང་ཉིད་ཀྱིས་བསྐྲུན་པའི་རང་དབང་འཐབ་རྩོད་ཀྱི་ཁ་ཕྱོགས་འདིས། རྒྱ་གཞུང་རང་ཉིད་ཀྱང་ཅི་བྱ་གཏོལ་མེད་དུ་འགྱུར་གྱིན་ཡོད། ད་དུང་ཡང་རང་དབང་འཐབ་རྩོད་ཀྱི་འགུལ་སྐྱོད་གསར་པ་གང་དང་གང་དུ་ཁ་ཕྱོགས་མིན་སུས་ཀྱང་ཚོད་དཔག་དཀའ་བ་ཞིག་རེད། རྒྱ་གཞུང་གི་བསམ་ཚོད་ལྟར་ན། བདེན་པ་དང་རྒྱལ་ཁ་གོ་མཚོན་གྱི་སོ་ཁ་ན་ཡོད་པར་རློམས་ཀྱང་། འགྲོ་བ་མིའི་རིགས་ཀྱི་ཤེས་རིག་རྫོགས་ལྡན་གྱི་དུས་འདིར་རྨི་ལམ་འདི་ལྟར་གཏོང་བ་ནི་ཆེས་གླེན་རྟགས་ཤིག་ལས་མ་འདས།

 

དཔེ་མཚོན་ནི། ཨི་རག་གི་དམག་འཁྲུག་ནང་དེང་རབས་ཀྱི་གོ་མཚོན་བཟང་བའི་ཨ་རིའི་དམག་མི་བཞི་སྟོང་ལྷག་གི་ཚེ་སྲོག་ཤོར་བ་རེད། ཨབ་གྷ་ནི་སི་ཏན་ནང་ཨ་རིའི་དམག་མི་བརྒྱ་ཕྲག་ཚེ་སྲོག་ཤོར་བ་རེད། ད་དུང་ཡང་ཕྱོགས་གཉིས་ཀའི་ནང་ཉིན་རེར་དམག་མིའི་ཚེ་སྲོག་ཤོར་གྱིན་ཡོད། ཨ་རིའི་མི་དམངས་མ་ཟད་ད་ལྟ་ཆབ་སྲིད་ཀྱི་མགོ་ཁྲིད་ཚོ་ཡང་སྐད་ངན་ཤོར་གྱི་ཡོད། འདི་ལོའི་ལོ་མཇུག་ནང་ཨི་རག་ནང་ཡོད་ཨ་རིའི་དམག་ཡོངས་སུ་རྫོགས་པ་ཕྱིར་འཐེན་བྱེད་འཆར་རེད། ཉིས་སྟོང་བཅུ་བཞི་ལོར་ཨབ་གྷ་ནི་སི་ཏན་ནང་གི་དམག་མི་ཕྱིར་འཐེན་བྱེད་པ་རེད། འོན་ཀྱང་ད་དུང་ཨ་རིར་ཕྱོགས་གཉིས་ཀའི་དམག་འཁྲུག་གི་རྒྱལ་ཁ་ལེགས་པར་ཐོབ་མེད་ལ་འཐོབ་ཀྱང་མི་སྲིད་པ་རེད། རྒྱ་ནག་གཞུང་གི་བོད་ནང་དཔལ་འབྱོར་གྱི་བསླུ་བྲིད་དང་དམ་དྲག་གི་སྲིད་ཇུས་འདིས་ཉིན་འཁྱོལ་ཡང་མཚན་སྐྱེལ་མི་ཐུབ། འགྲོ་བ་མི་ཙམ་ཟད་ཐ་ན་དུད་འགྲོ་ཡང་ལྕགས་དྲའི་ནང་དུ་འདུག་པ་ལས་རང་དབང་གི་ཁོར་ཡུག་འཚོལ་བར་བརྩོན་གྱི་ཡོད། དེས་ན་ཇི་ཙམ་དམ་དྲག་དང་བཙན་གནོན་ཆེ་རུང་དེ་ཙམ་གྱིས་ཁ་བྲལ་དང་འཐོར་ཞིག་ཏུ་འགྲོ་བ་འཇིག་རྟེན་ཆོས་ཉིད་ཡིན།

 

རྒྱ་ནག་གཞུང་གིས་བོད་ནང་གི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་འདིའི་ངན་ཁག་༧གོང་ས་མཆོག་ལ་དཀྲི་བ་དང་ཆོས་ལུགས་དང་འགལ་ཚུལ་ཟེར་ཡང་། ཁོང་ཚོས་གང་བཤད་ལ་ང་ཚོ་དང་རྒྱལ་སྤྱི་མ་ཟད་རྒྱ་ནག་ནང་དུ་ཡང་ཡིད་ཆེས་བྱེད་མཁན་མེད། དཔེར་ན་བོད་ནང་དུ་རྒྱ་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ཡོ་ཆས་བརྙན་འཕྲིན་དང་རླུང་འཕྲིན་སོགས་གསར་འགྱུར་གྱི་གཏམ་དཔེར། རྒྱལ་ནང་བཀྲ་ཤིས་བདེ་ལེགས་དང་། རྒྱལ་སྤྱི་ཁ་ཆག་སྣ་རལ། ཞེས་ཡོངས་སུ་གྲགས་པ་ལྟར་རེད། འོན་ཀྱང་དོན་གནད་ཅན་གྱི་རིགས་ལ་ང་ཚོས་བདེན་པ་མཐའ་གསལ་གྱིས་ལན་འདེབས་བྱེད་དགོས་ངེས་རེད། དཔེར་ན་༧གོང་ས་མཆོག་ལ་ངན་ཁག་དཀྲི་བ་དང་ལོ་རྒྱུས་ལ་འཁྱོག་བཤད་བྱེད་པ་སོགས་རེད། དེ་མིན་ཆོས་ལུགས་དང་མཐུན་མིན་གླེང་བ་སོགས་གལ་འགངས་ཅི་ཡང་མེད་པ་དེ་ཚོར། ང་ཚོས་ཆེན་པོར་གླེང་ནས་འགལ་བརྟག་བྱེད་དགོས་དོན་ཅི་ཡང་མེད།

 

སྤྱིར་ན་ང་ཚོའི་ལས་འགུལ་འདི་ཆོས་ལུགས་ཀྱི་དགོངས་དོན་དང་འགལ་ཡང་རུང་ལ་མ་འགལ་ཡང་ཆོག དོན་དངོས་འགྲོ་བ་མི་ཞིག་གིས་གཞན་གྱིས་གདུག་རྩུབ་དང་བཙན་གནོན་འོག་འདུག་བཟོད་མ་ཐུབ་པར། འུ་ཐུག་ཐབས་ཟད་ཀྱིས་ལས་འགུལ་འདི་འདྲ་ཞིག་སྤེལ་བ་རེད། ཁ་ཕྱོགས་འདི་འཇིག་རྟེན་མི་ཆོས་དང་ཡོངས་སུ་མཐུན་པ་འདིས་ང་ཚོའི་ལ་རྒྱ་དང་སྙིང་སྟོབས། སྤོབས་པ་ཞིག་རེད། གཞན་དུ་ན། ང་ཚོས་སངས་རྒྱས་ཀྱི་མདོ་ལུང་འདྲ་མིན་ཁྱེར་ནས། བྱང་སེམས་རྟག་ངུ་དང་མི་ནག་མདུང་ཐུང་ཅན་སོགས་དགྲ་གཉེན་དང་ཕྱོགས་རིས་མེད་ཅིང་། ང་རྒྱལ་དང་ཞེ་སྡང་སོགས་ཀྱིས་དྲིས་ཀྱང་མ་གོས་པའི་ཁོང་ཅག་གི་མཛད་པར་མཐུན་ཐབས་འཚོལ་བ་ནི་ངལ་བའི་ལས་སུ་ཟད། གལ་ཏེ་ང་ཚོས་འཇིག་རྟེན་གྱི་སྲིད་ལུགས་དང་འཇིག་རྟེན་གྱི་བྱ་བཞག་ནང་ཆོས་ཀྱི་དགོངས་དོན་དང་ཡོངས་སུ་མཐུན་པར་སྨྲ་ན། ཁེ་དང་རྒྱལ་ཀ་གཞན་ལ་སྟེར།། གྱོང་དང་ཕུང་ཁ་རང་གིས་ལེན།། ཞེས་དང་། གཞན་ལ་འཚེ་བ་དགེ་སྦྱོར་མ་ཡིན་ནོ།། ཞེས་གཞན་ལ་འཚེ་ཚུལ་ཡང་ལུས་ངག་ཡིད་གསུམ་གྱི་རྣམ་འགྱུར་ཕྲ་མོ་ཚུན་ཆད་ནས་ཡོད་པས། གོང་གསལ་གྱི་ཚུལ་ཁྲིམས་དེ་དག་སྲུང་གིན་ང་ཚོས་རང་ཉིད་ཀྱི་ཁ་གཏད་ཀྱི་ཕྱོགས་ནས་རྒྱལ་ཁ་ཞིག་ལོན་ཐུབ་བམ།།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༢ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༡༨ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 14

  1. རང་དབང་རྒྱལ། says:
    ལོ་ 15 སྔོན།

    བོད་མི་རིགས་དང་རིག་གཞུང་གི་ཆེད་དུ། འདི་ལྟར། གཅིག་རྗེས་གཉིས་མཐུད་ཀྱི་རླབས་ཆེ་བའི་ལས་འགུལ་འདིའི་རིགས་ནི། ཆོས་སྲིད་གང་ལ་ཡང་འགལ་འདུ་ཡོད་པ་མ་རེད། རྒྱུ་མཚན་ནི། བོད་མི་རིགས་འདི་གསོན་དགོས་ན། མི་རིགས་འདིའི་སྲོག་ཤིང་དུ་གྱུར་པའི་རིག་གཞུང་རྣམས་ཁྱབ་སྤེལ་བྱ་སའི་ཁོར་ཡུག་ཅིག་དགོས་པ་ནི། མ་མཐའི་ཆ་རྐྱེན་ཞིག་རེད། དེ་འདྲ་ཡིན་དུས། ཁོང་རྣམ་པའི་ངོས་ནས་རང་ལུས་དྲོད་མོ་འདི་ཆེས་ཚ་བའི་དམར་བོ་མེ་ལ་བསྒྲོན་དགོས་དོན་ནི། བོད་མི་རིགས་ལ་ལྷན་སྐྱེས་ནས་ཡོད་པའི་རང་དབང་དང་ཐོབ་ཐང་གི་ཆེད་དང་། ད་རུང་མི་རིགས་འདིའི་བླ་སྲོག་ངོ་མ་རིག་གཞུང་རྣམས་གནས་པའི་ཆེད་དུ། འདི་ལྟར། རླབས་པོ་ཆེའི་ལས་འགུལ་སྤེལ་བ་ཞིག་རེད།

    དེའི་ཕྱིར་ན། བཙན་བྱོལ་ནང་གི་རྩོམ་པ་པོ་རྣམས་རྒྱ་གཞུང་གི་བཤད་རྗེས་སུ་མ་སྙེགས་ན་བཟང་གི་མ་གཏོགས། རྒྱ་གཞུང་གིས་བསྙོན་འཛུགས་དང་ཁྱབ་བསྒྲགས་རྫུན་མའི་རིགས་ལ་གོམས་བྱང་ཆེན་པོ་ཡོད་པ་རེད། དཔེར་ན། རྒྱ་འདི་བ་ཚང་གིས་མི་ལོ་སྟོང་ཕྲག་མང་པོའི་རིང་ལ་སུན་ཙིའི་དམག་གི་བསྟན་བཅོས་ལྟ་བུའི་ཆབ་སྲིད་སྐྱོང་ཐབས་ཀྱི་ངན་བྱུས་ཆེས་པོའི་རིག་གནས་ཡོད་པ་རེད། དེ་འདྲ་ཡིན་དུས། བོད་མི་རིགས་འདི་ལ་ཆོས་ཀྱི་ངོས་འཛིན་ཞིག་དང་དེའི་བསྐྱེད་པའི་བསམ་སྤྱོར་དྲང་མོ་འདྲ་ཞིག་མ་གཏོགས་མེད་དུས། དཀའ་སེ་ཡིན་རྒྱུ་རེད།

    ཉེ་སྔོན་ནས་བོད་མི་རིགས་འདི་ཡང་། ཆོས་སྲིད་ཐ་དད་དུ་ལམ་དུ་བསྐྱོད་ཚར་བ་མ་ཡིན་ནམ། ཡིན་ན་ཆབ་སྲིད་རིག་པའི་གཞུང་ལུགས་ཤིག་སྐྱེད་སྲིང་བྱ་དགོས་པ་མ་ཡིན་ནམ། མ་གཏོགས་ད་ནི། དུས་འགྱུར་ཚར་བ་ཡིན་དུས། ནང་ཆོས་དང་དེའི་ཐབས་བྱུས་གཅིག་པོས་བོད་མི་རིགས་འདི་སྐྱོབ་ཐུབ་རྒྱུ་ཁག་པོ་ཡིན་རྒྱུ་རེད། འདི་ནི། ཆབ་སྲིད་རྐྱང་བའི་ངོས་ནས་བཤད་ཀྱིན་པ་ལས་སྤྱིར་ན། བོད་མི་རིགས་ལ་བསམ་བློའི་གཞུང་ཤིང་མི་དགོས་ཤེས་བསྒྲགགས་པ་མིན་ནོ།།

    Reply
  2. ཨ་ར་དཀར་པོ says:
    ལོ་ 15 སྔོན།

    སྐྱ་མདའ་ལགས། དགོངས་ཚུལ་ཡག་པོ་གསུངས་འདུག ཁྱེད་ལ་རྒྱབ་སྐྱོར་ཡོད། ཁ་ཅིག་གིས་ད་བར་རང་ལུས་མེར་བསྲེགས་པ་འཚེ་བ་ཡིན་མིན་དང་། ཁ་ཅིག་གིས་སངས་རྒྱས་ཀྱིས་བཀའ་ཡི་གནང་བ་ཐོབ་ཡོད་མེད་སོགས་བཤད་པ་དེ་དག་སྐབས་དང་མ་འབྲེལ་ཞིང་དགོས་པ་མེད་པ་རང་རེད། བོད་ནང་ནས་འ་ཆད་འུ་ཐུག་གིས་འདི་ལྟར་ངོ་རྒོལ་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་། རང་དབང་གི་གནད་དོན། ས་ཡ་དྲུག་གི་འཆི་གསོན་དང་སྐྱིད་སྡུག་དང་འབྲེལ་བའི་གནད་དོན་ཞིག་ཡིན་པར་འཛམ་གླིང་མི་མང་གིས་ཀྱང་ངོས་འཛིན་བྱེད་བཞིན་ཡོད་ན་ང་ཚོ་བོད་མི་ཞིག་གི་ངོས་ནས་ཨ་ཅང་ཅང་། ཕྱི་རྒྱལ་རང་དབང་ལུང་པར་ཡོད་པའི་བོད་མི་ཞིག་གི་ངོས་ནས་གདུང་སེམས་མཉམ་སྐྱེད་ཙམ་མིན་པར་དུས་ཐོག་ཏུ་གནས་ཚུལ་རྣམས་འཛམ་གླིང་མི་མང་གི་མིག་སྔར་བཤམ་ཐུབ་པ་བྱེད་རྒྱུ་དང་། ལས་འགུལ་སྔར་བས་ཤུགས་ཆེ་རུ་གཏོང་རྒྱུ གུང་ཁྲན་དང་ལྟ་སྤྱོད་མི་མཐུན་པ་དག་གི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐབས་བྱེད་རྒྱུ་སོགས་ལ་ཤུགས་རྒྱག་རྒྱུ་ལས་བོད་ནང་གི་ངོ་རྒོལ་ཆོས་དང་མཐུན་མིན་སོགས་བཤད་རྒྱུ་བཞག་ན་ཡག

    Reply
  3. མྱི་ནག་ཚང་། says:
    ལོ་ 15 སྔོན།

    སྐྱ་མདའ་ལགས་ཀྱིས། གནས་ལུགས་རྒྱུ་མཚན་ཡག་པོ་བགྲང་འདུག་པས་ཐུགས་རྗེ་ཆེ།

    དྲ་གྲོགས་སྐོར་ཞིག་གིས་འདིའི་རིགས་བགྲོ་གླེང་མ་གནང་ན་ལེགས་པར་བཤད་ཀྱང་། བགྲོ་གླེང་མི་བྱེད་ཐབས་མེད་དང་། སྐབས་ཐོག་གི་བྱུང་བ་འདིའི་རིགས་དུས་ཐོག་ལ་བགྲོ་གླེང་བྱ་ཐུབ་དགོས་པ་འདི་ཡང་ཕྱོགས་གང་ཐད་ནས་གལ་ཆེན་པོ་རེད་འདོད།

    མི་རིགས་གང་དང་རྒྱལ་ཁབ་གང་ཡིན་རུང་། སོ་སོའི་སྤྱི་དོན་དེ་སྐབས་ཐོག་ལ་གླེང་གི་རེད། བརྒྱུད་ལམ་ཚང་མ་ནས་བགྲོ་གླེང་བྱ་གི་རེད། བྱ་བའི་ལེགས་ཉེས་གང་ཡིན་ཡང་བགྲོ་གླེང་གི་ལམ་ནས་ཡོ་བསྲང་དང་ཁ་ཕྱོགས་འཚོལ་བ་སོགས་བྱ་གི་རེད། དེ་བས་ང་ཚོའི་བགྲོ་གླེང་དེ་ད་རེབ་བརྗོད་གཞི་གཅིག་གཉིས་ཤིག་གི་ཕན་ལ་འདའ་གི་མེད་ཀྱང་། དེ་ཚོ་གླེང་རྒྱུ་ནི་གལ་ཆརན་པོ་དང་དུས་ཐོག་གི་ལས་འགན་རེད་སྙམ།

    Reply
  4. མྱི་ནག་ཚང་། says:
    ལོ་ 15 སྔོན།

    ཁོང་རྣམ་པའི་དགོང་ཞག་གི་དུས་ཚོད་དེ་ཚོ་ཡང་བང་རིམ་ཞིག་སྒྲིག་ཐུབ་ན་ཕན་ཐོགས་འདུག

    Reply
  5. འཇམ་དབྱངས། says:
    ལོ་ 15 སྔོན།

    སངས་རྒྱས་ཆོས་ལུགས་ནང་དུ་མི་མང་པོའི་ཆེད་དུ་མི་གཅིག་གི་ཚེ་སྲོག་དོར་ཆོག་པ་དང་། དོན་དག་གལ་ཆེན་པོ་ཞིག་གི་ཆེད་དུ་གལ་ཆུང་བའི་དོན་དག་ཅིག་བློས་བཏང་ཆོག་པའི་ལམ་སྲོལ་ཡོད་པར་མ་ཟད། གཞན་དོན་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཚོའི་ཁྲིམས་ལུགས་དེ་ངེས་པར་ལག་ལེན་བསྟར་དགོས་པར་བཤད། ཡིན་ན་ཡང་རང་གི་བསམ་བློའི་ཆོད་སེམས་ལ་བརྟགས་ཏེ། ཅི་སྟེ་རང་སྲོག་གཏོང་བར་ཕངས་སེམས་སམ་འགྱོད་པ་སྐྱེ་བའམ་འགྱོད་པ་སྐྱེ་བའི་ཉེན་ཁ་ཡོད་ན་སྲོག་དོར་མི་ཆོག་པའང་ཁྲིམས་ལུགས་རེད། དེའི་ཆ་ནས་བལྟས་ན་བོད་མི་ས་ཡ་དྲུག་གི་ཆེད་དུ་བོད་མི་རེ་ཟུང་གི་སྲོག་བློ་གཏོང་བ་འདི་སངས་རྒྱས་ཆོས་ལུགས་དང་ནམ་ཡང་འགལ་མེད་དེ། རྒྱལ་གཅེས་དཔའ་བོ་དེ་དག་ལ་ཕངས་སེམས་དང་འགྱོད་གདུང་གང་ཡང་མེད་པས་སོ།།

    Reply
  6. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    ཕྱི་ཕྱོགས་ཀྱི་བདེ་བ་ཅན་འདྲ་བའི་རང་དབང་ཡོད་སར་སྐད་ཆ་འདི་འདྲ་བཤད་ན་ལན་པོ་མི་འདུག འོན་ཀྱང་། རྒྱུ་མཚན་ལོས་ཡོད་བསམ་གྱིན་འདུག

    Reply
  7. ཁྱམས་འཇུགས་ says:
    ལོ་ 15 སྔོན།

    ང་ཚོའི་རང་ལུས་མེར་སྲེག་མ་ཐུབ་རུང་བོད་སྤྱི་པའི་དོན་དུ་དྲང་པོ་དྲང་བཞག་དང་ཧུར་ཐག་བྱས་ན་བོད་མི་རིགས་ལང་ཐུབ་ངེས།

    Reply
  8. མི་ཆུང་། says:
    ལོ་ 15 སྔོན།

    དམིགས་ཡུལ་རང་ཉིད་ཀྱི་རྒྱལ་ཁབ་དང་མི་རིགས་བཟུང་ནས། རྒོལ་ཡུལ་དགྲ་བོར་ཁ་གཏད་པའི་རྒྱལ་གཅེས་དཔའ་བོ་ཚོའི་ལས་འགུལ་འདི་པར། ནང་ཆོས་དང་མཐུན་མིན་སྨྲ་བ་ནི། ཆབ་སྲིད་པའི་གླེན་རྟགས་ཞིག་ལས་མ་འདས།

    Reply
  9. བསང་ཆུ་འབྲུག་བྷེ། says:
    ལོ་ 15 སྔོན།

    ད་ནི་ང་ཚོའི་རང་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ་འདི་དག་གི་ལས་འགུལ་ཏེ་ཆོས་དང་མཐུན་མིན་དང་ས་མིང་ཁྱིམ་མིང་བྲིས་ན་ཡག་མིན།འཚེ་བ་མེད་པའི་ལྟ་སྤྱོད་ཡིན་མིན་སོགས་ཀྱི་རྩོད་གཞི་ཉི་ཚེ་བ་འདི་དག་ལས་བརྒལ་དགོས་པའི་དུས་རེད།་ཁོང་རྣམས་ཀྱི་རང་ལུས་མཆོད་མེར་སྒྲོན་ནས་གཏན་དུ་མི་མཐོང་བའི་ཞིང་ཁམས་གཞན་དུ་གཤེགས་ཟིན།ད་ནི་ཁོང་ཚོ་གཤེགས་པ་ནི་འུ་ཚོའི་ཐུན་མོང་གི་དཀའ་སྡུག་ཡིན་པ་བོད་མི་མི་རེ་ངོ་རེ་ནས་ཤེས་པ་བྱས་ཏེ་རྒྱ་དམར་གྱི་དཔོན་དམག་ཚོའི་སེམས་པ་འགུལ་བའི་ལས་དོན་བསྒྲུབ་དགོས་པར་འདོད།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 15 སྔོན།

    རྩོམ་ཡིག་འདིར་རྒྱབ་སྐྱོར་ཡོད།
    འགའ་ཞིག་ལ་འདྲི་རྒྱུར།
    རང་ལུས་མེར་བསྲེགས་གཏོང་བའི་དཔའ་བོ་འདི་དག་དམིགས་ཡུལ་ལམ་རེ་སྨོན་དེ།
    ༡༽རྒྱ་ནག་དམར་གཞུང་གི་བཙན་དབང་ལ་ངོ་རྒོལ་གྱིས་བོད་དོན་འཐབ་རྩོད་ཀྱི་བདེན་མཐའ་གསལ་ཕྱིར་ཡིན་པར་ངོས་འཛིན་ནམ།
    ༢༽སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་འཐོབ་པའི་དམ་པའི་ཆོས་ཀྱི་ཕྱིར་ངོས་འཛིན།
    ༣༽ཡང་ན་དེ་གཉིས་ཀ་ཡིན་པར་འདོད་དམ།
    གལ་ཏེ་དང་པོ་རང་ལ་ངོས་འཛིན་མ་གནང་ན་ཁོང་ཅག་གི་སྐད་འབོད་དམ་ཞལ་ཆེམས་དག་ལས་རིང་དུ་འདས་པས་པ་མ་ཡིན་ནམ།
    “སྙིང་རྗེའི་བསམ་པ་མ་དག་པར། །ལུས་ནི་གཏང་བར་མི་བྱ་སྟེ། །ཅི་ནས་འདི་དང་གཞན་དག་ཏུ། །དོན་ཆེན་བསྒྲུབ་པའི་རྒྱུར་གཏང་ངོ༌། །”
    “དམ་པའི་ཆོས་ནི་སྤྱོད་པའི་ལུས། །ཕྲན་ཚོགས་ཆེད་དུ་གནོད་མི་བྱ། །དེ་ལྟར་བྱས་ན་སེམས་ཅན་གྱི ། བསམ་པ་མྱུར་དུ་རྫོགས་པར་འགྱུར། །”
    ལྟ་བུ་སོགས་ལུས་སྲོག་གཏོང་མི་འོས་པའི་ལུང་ཡང་མང་ལ་གཏོང་འོས་པའི་ལུང་ཡང་མངས།
    སྤྱིར་ན་གཞན་ལ་གནོད་པ་གང་དང་གང་ཡིན་འཚེ་བའི་ལས་ཡིན་པ་ཡོངས་གྲགས་ཡིན་པས་ཡོངས་སུ་གྲགས་པའི་ས་མཚམས་དེ་ལས་གཞན་ཞིག་གླེང་རྒྱུ་སྐབས་དོན་དགོས་མཁོ་གཏན་ནས་མིན།
    དགེ་བཤེས་ཉི་ཟླ་ལྟ་བུ་བཞུགས་པའི་མདུན། །དགེ་སྡུག་བླང་དོར་རྨོངས་པ་བདག་ཅག་གིས། །ཆེ་བའི་ཆོས་གཏམ་བཤད་པ་འོས་མིན་པས། །སྐབས་དོན་སྲིད་ཀྱི་ལས་ལ་འཇུག་པར་རིགས། །ཞེས་ཀྱང་སྨྲའོ།

    Reply
  11. བརྩོན་རྒྱམ། says:
    ལོ་ 15 སྔོན།

    གང་ལྟར་བོད་ནང་དུ་རང་ལུས་མཆོད་མེ་སྒྲོན་མཁན་ཚང་མའི་བོད་མི་རིགས་ཀྱི་དཀའ་སྡུག་མ་བཟོད་པར་རང་ལུས་མེ་ལ་སྒྲོན་ནས་བདེན་དཔང་བྱས་པ་ཞིག་རེད།  འདི་ནི་ཆོས་སྲིད་གཉིས་ཀྱི་གང་གི་ཐོག་ནས་སྒྲུབ་དགོས་ན་བསྒྲུབ་ཐུབ་ཀྱི་ཡོད་པ་ཞིག་ཡིན།   སྨྲ་ཤེས་པའམ་དོན་གོ་བའི་མི་ཞིག་གིས་གཅིག་རྗེས་གཉིས་མཐུད་བྱས་ནས་མི་རིགས་དང་ཆོས་ལུགས་ཪིགས་གཞུང་བཅས་ཀྱི་ཆེད་རང་ལུས་མེ་ལ་སྒྲོན་ནས་བདེན་དཔང་བྱས་པ་ཞིག་ཡིན་དུས་ཆོས་སྲིད་གང་གི་ཐོག་ནས་བལྟས་ན་འགལ་ཟླ་ཡོད་ངེས་མ་རེད། མ་ཟད་ཆོས་ལུགས་དང་རང་དབང་འགྲོ་བ་མིའི་ཐོབ་ཐང་གང་ཡང་མེད་པར་དམ་དྲག་དང་བཙན་གནོན་ཁོ་ནས་དབང་གི་མི་ཚེ་སྐྱེལ་མ་ཐུབ་པ་ཡིན་དུས་འདི་ལས་ལྷག་པའི་ལས་འགུལ་ཞིག་སྤེལ་བའི་གོ་སྐབས་མེད་པ་རེད།  དེ་འདྲ་ཡིན་པ་ཚང་མའི་ཧ་གོ་བས་ཐོག་ནས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་རེད།

    Reply
  12. བརྩོན་རྒྱམ། says:
    ལོ་ 15 སྔོན།

    གང་ལྟར་བོད་ནང་དུ་རང་ལུས་མཆོད་མེ་སྒྲོན་མཁན་ཚང་མའི་བོད་མི་རིགས་ཀྱི་དཀའ་སྡུག་མ་བཟོད་པར་རང་ལུས་མེ་ལ་སྒྲོན་ནས་བདེན་དཔང་བྱས་པ་ཞིག་རེད།  འདི་ནི་ཆོས་སྲིད་གཉིས་ཀྱི་གང་གི་ཐོག་ནས་སྒྲུབ་དགོས་ན་སྒྲུབ་ཐུབ་ཀྱི་ཡོད་པ་ཞིག་ཡིན།   སྨྲ་ཤེས་པ་དོན་གོ་བའི་མི་ཞིག་གིས་གཅིག་རྗེས་གཉིས་མཐུད་བྱས་ནས་མི་རིགས་ཆོས་ལུགས་ཪིགས་གཞུང་བཅས་ཀྱི་ཆེད་རང་ལུས་མེ་ལ་སྲག་ནས་བདེན་དཔང་བྱས་པ་ཞིག་ཡིན་དུས་ཆོས་སྲིད་གང་གི་ཐོག་ནས་ལྟས་ན་འགལ་ཟླ་ཡོད་ངེས་མ་རེད།  

    Reply
  13. འགྱུར་མེད་བསྟན་འཛིན། says:
    ལོ་ 15 སྔོན།

    རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ཆོས་ལུགས་དང་མི་མཐུན་ཡང་སྲིད་ལུགས་དང་མཐུན་པ་ཞིག་རེད།
    གནས་ཚུལ་འདི་སྲིད་ལུགས་དང་མཐུན་ན་ཆོས་ལུགས་དང་མཐུན་མ་མཐུན་གང་ཡང་མེད།
    ཆོས་ལུགས་ལ་མཐུན་པ་སྒྲུབ་མཁན་དག་ནི་དོན་མེད་ལྐུག་པ་ཨུ་ཚུགས་དང་དུས་ཚོད་འཕྲོ་བརླགས་རང་རེད།

    Reply
  14. ཤིང་རྟ། says:
    ལོ་ 15 སྔོན།

    དྲ་གྲོགས་འདིའི་སྐད་ཆ་ལ་གནས་ལུགས་འདུག ང་ཚོའི་ལས་འགུལ་འདི་ཆོས་ལུགས་ཀྱི་དགོངས་དོན་དང་འགལ་ཡང་རུང་ལ་མ་འགལ་ཡང་ཆོག དོན་དངོས་འགྲོ་བ་མི་ཞིག་གིས་གཞན་གྱིས་གདུག་རྩུབ་དང་བཙན་གནོན་འོག་འདུག་བཟོད་མ་ཐུབ་པར། འུ་ཐུག་ཐབས་ཟད་ཀྱིས་ལས་འགུལ་འདི་འདྲ་ཞིག་སྤེལ་བ་རེད། ཁ་ཕྱོགས་འདི་འཇིག་རྟེན་མི་ཆོས་དང་ཡོངས་སུ་མཐུན་པ་འདིས་ང་ཚོའི་ལ་རྒྱ་དང་སྙིང་སྟོབས། སྤོབས་པ་ཞིག་རེད། གཞན་དུ་ན། ང་ཚོས་སངས་རྒྱས་ཀྱི་མདོ་ལུང་འདྲ་མིན་ཁྱེར་ནས། བྱང་སེམས་རྟག་ངུ་དང་མི་ནག་མདུང་ཐུང་ཅན་སོགས་ཁོང་ཅག་གི་མཛད་པར་མཐུན་ཐབས་འཚོལ་བ་ནི་ངལ་བའི་ལས་སུ་ཟད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese