དེ་རིང་བྷ་རོ་ཊ་མཐོ་སློབ་ཀྱི་བོད་རིགས་སློབ་ཕྲུག་ ༢༥ ཙམ་གྱིས་བདུན་ཕྲག་གཅིག་རིང་ས་གནས་ཁག་གསུམ་ནང་རྐང་འཁོར་སྐོར་སྐྱོད་ཀྱིས་བོད་དོན་དྲིལ་བསྒྲགས་མགོ་འཛུགས་བྱས་འདུག
གནས་ཚུལ་བཏང་འབྱོར་བྱུང་བའི་ནང་། འདས་པའི་ཟླ་ཤས་ནང་ཨ་མདོ་རྔ་པ་གཙོས་པའི་ཁམས་དཀར་མཛེས་དང་རྟའུ་ཁུལ་དུ་བོད་ཀྱི་དགེ་འདུན་པ་ ༡༠ ཙམ་གྱིས། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད། “ ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ ” ཞེས་པའི་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་བཏང་ཡོད། གནས་སྟངས་དེའི་ཐད་བྷ་རོ་ཊ་ས་གནས་གཞོན་ནུའི་གོ་སྒྲིག དེ་རིང་ཕྱི་ཟླ་ ༡༠ པའི་ཚེས་ ༢༧ ཉིན་བྷ་རོ་ཊ་མཐོ་སློབ་ཀྱི་བོད་རིགས་སློབ་ཕྲུག་ ༢༥ ཙམ་གྱིས། བྷ་རོ་ཊ་ས་གནས་ནས་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་མགོ་འཛུགས་ཀྱིས། ཨ་ནན་ངྷ་དང་ཁེ་ངྷ། ཨམ་ངྷ་བྷག་ས་གནས་བཅས་སུ་སྐོར་སྐྱོད་ཀྱིས་བོད་དོན་ཡིག་ཆ་འགྲེམས་སྤེལ་བྱེད་ཀྱི་ཡོད་ཚུལ་བཀོད་འདུག ལས་འགུལ་འདི་ཕྱི་ཟླ་ ༡༡ པའི་ཚེས་ ༣ ཉིན་བྷ་རོ་ཊ་ས་གནས་བོད་མིའི་ཁྲོམ་ས་རུ་མཇུག་བསྒྲིལ་འཆར་ཡོད་འདུག
སྐབས་དེར་ས་གནས་གཞོན་ནུའི་ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ཁག་ལྔ་བཏོན་ཡོད་པ་ནི། “ གཅིག མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་དྲང་བདེན་དང་ཞི་བདེར་དགའ་བའི་རྒྱལ་ཁབ་དང་ཚོགས་པ་ཁག་གིས། བོད་མདོ་ཁམས་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་རྒྱུས་ལོན་ཆེད་གསར་འགོད་པ་དང་ཉམས་ཞིབ་པ་བོད་དུ་གཏོང་དགོས། གཉིས། རྔ་པ་དང་དཀར་མཛེས་སོགས་སུ་ཡོད་པའི་རྒྱ་ནག་དྲག་ཆས་དམག་མི་མྱུར་དུ་ཕྱིར་འཐེན་བྱ་དགོས། གསུམ། རྒྱ་ནག་གིས་ཁྲིམས་མེད་ལུགས་ཀྱིས་འཛིན་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་མ་རྣམས་མྱུར་དུ་ཀློད་གྲོལ་དང་། བོད་གཞིས་བྱེས་གཉིས་ཀྱི་སྐྱབས་གནས་༧ས་མཆོག་བོད་ནང་གདན་ཞུ། བཞི། འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་དོན་རྒྱབ་སྐྱོར་བ་ཚོས་རང་སྲོག་མཆོད་མེར་བསྒྲོན་པའི་འབོད་སྒྲ་ལ་རྒྱབ་སྐྱོར་དང་དྲང་བདེན་སྐད་ཆ་བཤད་དགོས། ལྔ། བོད་མི་མང་པོ་ཞིག་གིས་རང་ལུས་མེ་ལ་བསྒྲོན་པ་དེས་རྒྱ་བོད་གཉིས་མཉམ་དུ་སྡོད་ཐབས་མེད་པར་བསྟན་ཡོད་ལ། ལོ་རྒྱུས་ཀྱི་བདེན་དཔང་ཡོད་པའི་རང་བཙན་གཙང་མ་དེ་ང་ཚོས་ནམ་ཡང་ཀློད་གི་མིན” ཞེས་བཀོད་འདུག
ད་ལྟ་བྷ་རོ་ཊ་ས་གནས་སུ་བོད་རིགས་མཐོ་རིམ་སློབ་མ་ ༣༠༠ ལྷག་ཡོད་ཅིང་། དེའི་ནང་མང་ཆེ་བ་གཞོན་ནུའི་ཚོགས་མི་ཡིན་འདུག
གསར་འགོད་པ། དཔལ་ལྡན།
བྷ་རོ་ཊ་བོད་ཀྱི་མཐོ་རིམ་སློབ་གཉེར་བ་རྣམས་ལ་ཐུགས་རྗེ་ཆེ་ཞུ།
ད་ཡིན་ན། ཁྱེད་ཅག་ནང་བཞིན་གྱིས་རྒྱལ་ཁབ་གང་སར་གནས་པའི་བོད་ཀྱི་མཐོ་རིམ་སློབ་གཉེར་བ་རྣམས་མདུན་དུ་ཐོན་རན་རེད། དེ་ཡང་འཚེ་མེད་ཞི་བདེའི་ངོ་རྒོལ་རྣམ་གྲངས་སྣ་ཚོགས་ཀྱི་ཐོག་ནས། རྒྱ་གཞུང་དང་དེའི་ངན་བྱུས་རྣམས་གཏིང་ནས་བསྔོག་དགོས་པ་དེ་རེད། མ་ཟད། དེང་སང་བརྡ་འཕྲིན་དུས་རབས་ཡིན་དུས། རྒྱ་གཞུང་དང་དེའི་དབང་འཛིན་པའི་མི་སྣ་རྣམས་དམར་དམར་རྗེན་རྗེན་དུ་ཁྲོམ་སྟོན་བྱེད་དགོས་པ་ནི། བོད་ཀྱི་མི་རབས་གསར་བ་ཞིག་ལ་མཚོན་ན་མ་བསྒྲུབས་ཐབས་མེད་ཀྱི་འགན་འཁྲི་ཞིག་རེད།
ད་ནས་བཟུང་། བོད་ཀྱི་མཐོ་རིམ་གཉེར་བ་རྣམས་ཀྱི་ངོས་ནས། རྒྱ་གཞུང་དང་དེའི་རིག་གནས། ལྷ་པར་དུ། སྲིད་བྱུས་དང་ཆབ་སྲིད། མདོར་ན་རྒྱ་མི་རིགས་ཀྱི་འདས་ད་གསུམ་གྱི་གནས་བབ་འཚོལ་སྡུད་བྱེད་རན་པའི་དུས་ཚོད་གནད་འགག་ཅན་ཞིག་རེད། མ་ཚད་རྒྱ་གཞུང་གི་ནང་ཉམས་ཡོངས་སུ་རྫོགས་པ་བཤམས་སྟོན་བྱེད་རན་པ་རེད། བྱས་ན། མཐོ་རིམ་སློབ་གཉེར་བ་རྣམས་ཀྱིས་ཉམས་ཞིབ་དང་རྒྱུས་ལོན་བྱས་ཏེ། དེའི་གྲུབ་དོན་གྱིས་གཞིས་བྱེས་བོད་མི་ཡོངས་ལ་ཕྱོགས་སྟོན་བྱེད་དགོས་པ་རེད། དེ་ཡང་ཐབས་བྱུས་ཟབ་ཅིང་འགྲོ་རིམ་ཡོད་པ་ཞིག་དགོས་གལ་ཆེ།
ལྷག་པར་དུ། ཁྱེད་རྣམ་པའི་དུས་ཚོད་དམ་འཛིན་བྱས་ཏེ་རང་རང་གི་དགའ་ཕྱོགས་སུ་སོང་ནས། གྲུབ་འབྲས་དེ་རྒྱ་མི་རིགས་དང་མཉམ་དུ་རྩོད་ལེན་བྱེད་དགོས་པ་ནི། ནམ་ཡང་སེམས་ནས་བོར་མི་ཉན་པའི་དོན་དག་རེད། གཞན་ཡང་ཆེད་ལས་པའི་ཕྱོགས་སུ་མདུན་དུ་བསྐྱོད་དགོས་པ་ནི། དེ་བས་ཀྱང་གལ་འགངས་ཆེ་མ་གཏོགས། ཁ་སང་དེ་རིང་གི་བོད་མི་རིགས་ནི། བསམ་བློ་མ་ཡིན་པའི་ཡོད་ཚོད་གཞན་བརྟེན་ཁོ་ན་མ་ཡིན་ནམ། དེང་སང་རང་ལ་ནོར་བུ་ཡོད་པ་དེ་ཚོང་རྫས་སུ་བསྒྱུར་ནས་བོད་ཀྱི་བསམ་བློ་དེ་ཤོར་གྱིན་པ་མ་ཡིན་ནམ། ཅི་འདྲ་འཕངས་པ་ལ་ཨང་།
གང་ལྟར། ཁྱེད་རྣམ་པའི་ཕྱོགས་ཡོངས་ནས་འགན་ལེན་བྱེད་དགོས་པ་ཡིན་དུས། དང་ཐོག་རང་ཉིད་འཐུས་ཚང་དུ་བསྒྱུར་དགོས་པ་གལ་ཆེན་དོན་ཆེན་ཞིག་རེད། ད་ནི། བོད་དེ། ཁྱེད་ཅག་གི་ཕྲག་ན་ཡོད་ཅིང་ལག་ལེན་གྱི་གྲུབ་འབྲས་ན་ཡོད་རེད། དེའི་ཕྱིར་ན། ཁྱེད་རྣམ་པའི་མཐུན་སྒྲིལ་དང་ཁ་ཕྱོགས། གྲུབ་འབྲས་དང་མདུན་ལམ་བཅས་ནི། བོད་མི་རིགས་དང་རིག་གཞུང་གི་ད་ལྟ་བ་དང་མ་འོངས་པ་ལ་འབྲེལ་བ་ཆེན་པོ་ཡོད་པས་ན། ཁྱེད་ཅག་གི་འགན་ནུས་ཀྱི་ཚད་གཞི་དེ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་དགོས་པ་ནི། གཡོལ་ཐབས་མེད་པ་ཞིག་རེད་ལགས།
བཙན་བྱོལ་བོད་ཀྱི་གཞུང་ལས་འདི་ལྟ་སྟེ།།
ལས་འགུལ་སྤེལ་བའི་མིང་བརྗོད་མ་ཡར་ཙམ།།
བག་མེད་པ་ཡིས་སྟུག་དྲི་ཤོར་དང་འདྲ།།
རེ་འགའ་ཙམ་ལས་རྒྱུན་ལྡན་རང་བཞིན་མེད།།
ད་ཐེངས་་ཀྱི་མཐོ་རིམ་སློབ་མ་རྣམས་ཀྱི་ལས་འགུལ་འདིའི་དམིགས་ཡུལ་ས་གནས་གཞོན་ནུའི་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པའི་ཐ་མ་དེ་གཞིས་ལུས་བོད་མི་ཡོངས་ཀྱི་ཕུགས་བསམ་ངོ་མའམ་རེ་མདུན་མཐའ་ཐུག་དེ་རེད།
ད་ཐེངས་་ཀྱི་མཐོ་རིམ་སློབ་མ་རྣམས་ཀྱི་ལས་འགུལ་འདིའི་དམིགས་ཡུལ་ས་གནས་གཞོན་ནུའི་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པའི་ཐ་མ་དེ་གཞིས་ལུས་བོད་མི་ཡོངས་ཀྱི་ཕུགས་བསམ་ངོ་མའམ་རེ་མདུན་མཐའ་ཐུག་དེ་རེད།
དབྱར་དགུན་སྟོན་དཔྱིད་བཞི་ཡི། །
ཆོལ་གསུམ་བོད་རིགས་ཡོངས་རྫོགས། །
གཞིས་བྱེས་གཉིས་ཀྱི་བོད་མིས། །
ཆིག་སྒྲིལ་གཅིག་ཏུ་དྲིལ་དགོས། །
རྗེས་སུ་ཡི་རང་ཞུ། མུ་མཐུད་དུ་གཅིག་རྗེས་གཉིས་ལངས་ཞི་རྒོལ་རྒྱ་མཚོའི་རླབས་ཕྲེང་མི་འཇགས་པར་སློངས་ཤིག བསམ་བློ་དང་ནུས་པ་གཅིག་ཏུ་སྒྲིལ་བའི་བདེན་པའི་མཐུ་སྟོབས་རྒྱལ་བར་བྱེད།
ལོང་ཤོག་བོད་རིགས་སྤུན་ཟླ་ཚང་མ་ལོང་ཤོག ང་ཚོ་ཚང་མ་མི་རིགས་ལ་རྒྱ་རྩོད་དུ་འགྲི།
རྗེས་སུ་ཡི་རང་ཡོད།
ང་ཚོ་གཅིག་ལ་བསྒྲིལ་ཤོག །
ང་གཉིས་མཉམ་དུ་བསྒྲིལ་ཤོག །
ང་ཚོ་ཁ་བ་ཅན་ཅན་པའི། །
ལས་དབང་གཅིག་ཏུ་བསྒྲིལ་ཤོག །
ན་གཞོན་རྣམས་ནས་རང་གི་མི་རིགས་ཀྱི་རང་དབང་ཆེད་འདི་ལྟར་གནང་པར་བསྔགས་བརྗོད་ཡོད།
གཙོ་ཆེ་ཤོས་ནི། ཁྱེད་རྣམས་ནས་ས་གནས་མི་མང་ལ་ཁ་ཡ་དང་གསར་འགོད་པར་འགྲེལ་བཤད། སྐོར་སྐྱོད་སྐབས་ཀྱི་ལུས་ངག་གི་བྱེད་བཟོ་བདེ་བའི་འབྲེལ་ལམ་གནང་ཕྱོགས་དེ་ཡིན་པས། བོད་པའི་ན་གཞོན་གྱི་སྐུ་ཚབ་མཚོན་ཐུབ་པའི་ཁོར་ཡུག་ཅིག་དང་མིག་རྣམ་ཞིག་བསྟན་དགོས་པ་དེ་ལ་ཡིད་གཟབ་གནོངས་ཤིག་དར་མ་ཁྲག་ཚའི་གཞོན་པ་ཚོ།
ཐུགས་རྗེ་ཆེ། འདི་ལྟར་གནོངས་དང་འབྱོར་ས་ཞིག་ཏུ་སླེབས་ངེས།