རྒྱ་ནག་གཞུང་གིས་ཁམས་ཆབ་མདོ་ཁུལ་དུ་དམག་མི་འགྲེམས་འཇོག་གིས་དགོན་གྲོང་གཉིས་ལ་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག
བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༠ བའི་ཚེས་ ༢༦ ཉིན་ཁམས་ཆབ་མདོ་ཁུལ་དུ་འབར་རྫས་གར་གཏོར་གྱི་དོན་རྐྱེན་བྱུང་རྗེས། རྒྱ་ནག་གཞུང་ཕྱོགས་ནས་ཆབ་མདོ་རྫོང་ཀརྨ་ཞང་ཀརྨ་དགོན་པའི་གྲྭ་པ་ ༧༠ འཛིན་བཟུང་བཀག་ཉར་བྱས་ཏེ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་ཤེས་རྟོགས་བྱུང་མེད་པ་དང་། དགོན་པའི་གྲྭ་བ་གཞན་ཁག་ཅིག་དགོན་པ་ནས་ཕྱིར་ཐོན་ཏེ་རི་བྱོལ་དུ་ཕྱིན་ཡོད་སྟབས། དགོན་པ་སྟོང་པ་ཆགས་ཉེན་གྱི་གནས་སུ་བསྐྱལ་ཡོད་འདུག ཉེ་ཆར་དྲག་ཆས་དམག་མི་དང་ས་གནས་ཉེན་རྟོག་མི་སྣས་ས་གནས་མང་ཚོགས་བསྡུ་སྐོང་གིས་གྲྭ་བ་རྣམས་ཕྱིར་དགོན་པར་གཏོང་དགོས་པ་དང་། གལ་སྲིད། དགེ་འདུན་པ་རྣམས་ཕྱིར་དགོན་པར་མ་བཏང་ཚེ་དམར་གསོད་གཏོང་རྒྱུ་ཡིན་པའི་བཙན་བཀའ་དང་འཇིགས་སྐུལ་བྱས་ཡོད་ཀྱང་། ས་གནས་མང་ཚོགས་ཀྱི་ངོས་ནས་གནས་སྟངས་དེར་བརྡ་ལན་ཅི་ཡང་སྤྲོད་མ་ཐུབ་པར་དགོན་གྲོང་གཉིས་ཀ་དཀའ་ངལ་འོག་ལྷག་ཡོད་པའི་གནས་ཚུལ་བཀོད་འདུག
ཁམས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ཀརྨ་ཞང་ཀརྨ་དགོན་པ་ནི། ༡༡༨༥ ལོར་ཀརྨ་པ་སྐུ་ཕྲེང་དང་པོ་དུས་གསུམ་མཁྱེན་པ་མཆོག་གིས་ཕྱག་བཏབ་པའི་ཀརྨ་བཀའ་རྒྱུད་ཀྱི་དགོན་པ་ཞིག་ཡིན་པ་དང་། བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་སྲོལ་ཐོག་མ་དར་སའི་དགོན་སྡེ་ཞིག་ཆགས་ཡོད་པ་མ་ཟད། ཁམས་ཆབ་མདོ་ས་ཁུལ་གྱི་དགོན་སྡེ་ཆེན་པོ་གསུམ་གྱི་ཆེ་གྲས་སུ་བགྲང་གི་ཡོད་པ་རེད། ༡༩༨༠ ལོར་དགོན་པ་བསྐྱར་གསོ་བྱས་རྗེས་རྒྱ་ནག་གཞུང་གིས་གྲྭ་པ་ ༡༢༨ ཀྱི་ཚད་བཀག་བྱས་ཡོད་ཀྱང་། ཉེ་བའི་ཆར་དགོན་པ་དེར་ཆུང་ཤོས་རང་ལོ་ ༡༥ དང་ཆེ་ཤོས་རང་ལོ་ ༨༥ བར་གྱི་ཁྱོན་བསྡོམས་གྲྭ་པ་ ༢༠༠ ལྷག་ཡོད་འདུག
ངོ་མ་ད་བོད་པ་དེ་ཚོ་རྒྱ་ནག་གི་ད་འདུག་ཁ་མ་བཅུགས་ནི་རེད།
ཁྱད་པར་དུ་བོད་ནང་ཁུལ་གྱི་བོད་མི་དེ་ཚོ་སྙིང་མ་རྗེ།
དྲགས་གནོན་འོག་དེ་འདྲ་ཞིག་གི་འོག་དུ་འདུག་དགོས་ན་ངོས་གནས་བོད་མི་ཡོངས་ཀྱི་བསམ་བློ་ཞིག་བཏོང་དགོས་སའི་ཡུལ་ཞིག་ཆག་འདུག་ཡོད་པ་རེད་ད།