བཞུགས་སྒར་འབྲེལ་བ་ལས་ཁུངས་ཀྱིས་རྒྱ་རིགས་མི་མང་ཚོར་འབྲེལ་བ་བྱས་དོན་ལྟར་ན། རྒྱ་མི་མང་ཆེ་བར་སྒེར་གྱི་ཁེ་ཕན་ཁོ་ན་ལས། གཞུང་གི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་། དམངས་གཙོ་སོགས་ལ་དོ་སྣང་རྩ་བ་ནས་མེད་ཀྱང་། བོད་དོན་སྐོར་ལ་གླེང་མོལ་བྱེད་སྐབས་རྒྱུ་མཚན་ལ་མི་ཉན་པར་གུང་ཁྲན་ཏང་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་ཟེར།
བཞུགས་སྒར་ངྷ་རམ་ས་ལར་རྟེན་གཞི་བྱས་པའི་འབྲེལ་བ་ལས་ཁུངས་ནི། དྲ་རྒྱ་སོགས་བརྡ་འཕྲིན་བརྒྱུད་ལམ་ཁག་ནས་རྒྱ་རིགས་མི་མང་ལ་འབྲེལ་བ་བྱས་ཏེ། དབུ་མའི་ལམ་དང་བཙན་བྱོལ་བོད་གཞུང་གི་སྲིད་བྱུས། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་། གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སོགས་ངོ་སྤྲོད་དང་། ད་ལྟའི་རྒྱ་ནག་ནང་གི་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་དང་། དབུལ་ཕྱུག་གི་ཁྱད་པར་སོགས་འགྲེལ་བཤད། འདས་པའི་ལོ་ངོ་ ༦༠ རིང་གུང་ཁྲན་ཏང་གིས་རྒྱ་ནག་མི་དམངས་ལ་མགོ་སྐོར་དང་དབང་བསྒྱུར་ཇི་ལྟར་བཏང་མིན། རྒྱ་ནག་མི་མང་ལ་དམངས་གཙོ་དང་རང་དབང་། འདྲ་མཉམ་གྱི་གོ་རྟོགས་མེད་པའི་གནད་འགག་སོགས་ངོ་སྤྲོད་བྱེད་ཀྱིན་ཡོད་འདུག
འདི་གའི་གསར་འགོད་པས་འབྲེལ་བ་ལས་ཁུངས་ཀྱི་ལས་བྱེད་ཏྲེ་ཧོར་ཐུབ་བསྟན་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། ཁོང་ཅག་གི་འབྲེལ་བ་བྱེད་ས་གཙོ་བོ་ནི་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་མང་ཚོགས་ཡིན་ཞིང་། འདས་པའི་ཟླ་ ༨ ཙམ་རིང་། ཆ་སྙོམས་ཉིན་རེར་མི་ ༧ ཙམ་ལ་འབྲེལ་བ་བྱས་པའི་ཁྲོད་གཞུང་གི་ལས་བྱེད་དང་། ཞིང་པ། བཟོ་བ། དམག་མི། དགེ་རྒན། སློབ་ཕྲུག ཚོང་པ་སོགས་ཡོད་འདུག ཁོང་ཅག་ལ་འབྲེལ་བ་ཐོག་མར་བྱེད་སྐབས་རྒྱ་རིགས་མང་པོ་ཞིག་གིས་བོད་དོན་སྐོར་གང་འཚམ་ཤེས་ཀྱི་ཡོད་ཀྱང་། གང་ཤེས་པ་རྣམས་རྒྱ་གཞུང་གིས་མཁོ་སྤྲོད་བྱས་པའི་གནས་ཚུལ་ཁོ་ན་ཡིན་སྟབས། ཁོང་ཚོས་འབྲེལ་བ་བྱས་པའི་མི་བརྒྱ་ཆ་༩༠ ཙམ་གྱིས་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལ་ཡིད་ཆེས་བྱས་ཏེ། ཏཱ་ལའི་བླ་མ་མེས་རྒྱལ་ཁ་བྲལ་གཏོང་མཁན་རེད་ཟེར་བ་དང་། བོད་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག་ཟེར།
ཁོང་ལ་རྒྱ་ནག་མི་མང་གིས་བོད་དོན་ཐོག་འཛིན་པའི་ལྟ་སྟངས་སྐོར་དྲིས་པར། དེང་སྐབས་རྒྱ་ནག་ནང་གི་རྒྱ་རིགས་མང་ཆེ་བར་སོ་སོའི་ཉིན་རེའི་འཚོ་བ་ཙམ་ལས། རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་རིགས་ཀྱི་གནད་དོན། དྲང་བདེན་དང་འདྲ་མཉམ། དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་དོ་སྣང་ཁྱོན་ནས་མེད་པ་དང་། ཁོང་ཅག་གི་དོ་སྣང་བྱ་ཡུལ་གཙོ་བོ་ཉིན་རེའི་གླ་ཆ་དང་བརྩེ་དུང་། ཁྱིམ་ཚང་། སྒེར་གྱི་ཁེ་ཕན་དང་འབྲེལ་བའི་ལས་དོན་ཁོ་ན་ཡིན་ཞིང་། རྒྱ་ནག་མི་མང་ལ་ཐུན་མོང་གི་ཚུལ་ཞིག་ཡོད་པ་ནི་ལྐོག་ཟ་རུལ་སུངས་སྐོར་ཡིན་པ་དང་། གནད་དོན་དེའི་ཐད་རྒྱ་མི་ཡིན་ཚད་ཀྱིས་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་འདུག བོད་དོན་སྐོར་གླེང་སྐབས་ཕལ་ཆེ་བས་རྒྱུ་མཚན་ལ་མི་ཉན་པར་ཚོར་བ་རྣོན་པོའི་ཐོག་ནས་གུང་ཁྲན་ཏང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག ཡང་རྒྱ་ནག་ནང་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་རྩ་བ་ནས་མེད་པ་མིན་པར། བོད་ཀྱི་གནད་དོན་དང་བཙན་བྱོལ་བོད་གཞུང་། ༧གོང་ས་མཆོག རྒྱལ་སྤྱིའི་གནས་སྟངས་སོགས་ཤེས་མཁན་གང་འཚམ་ཡོད་པ་དང་། དེ་ཚོས་༧གོང་ས་མཆོག་གི་ལམ་དབུ་མར་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག
ཡང་ཁོང་ལ་རྒྱ་རིགས་ཚོར་འབྲེལ་བ་བྱེད་སྟངས་སྐོར་དྲིས་པར། ཁོང་ཅག་གིས་གནས་སྟངས་ལ་གཞིགས་ཏེ་རྒྱ་རིགས་ཚོར་འབྲེལ་འདྲིས་བྱེད་ཀྱི་ཡོད་ཅིང་། ཁག་ཅིག་ལ་བོད་དང་རྒྱ་ནག་ནང་ཡོད་ཚུལ་བརྗོད་པ་དང་། ཁག་ཅིག་ལ་ཕྱི་རྒྱལ་དང་རྒྱ་གར་སོགས་སུ་ཡོད་སྐོར་བརྗོད་དེ་འབྲེལ་བ་བྱེད་ཀྱི་ཡོད་འདུག ཕྱི་རྒྱལ་དུ་ཡོད་ཚུལ་བརྗོད་པ་དག་ལ། སྔོན་ལ་སོ་སོ་བཙན་བྱོལ་བོད་མི་ཡིན་པ་ངོ་སྤྲོད་དང་འབྲེལ་༧གོང་ས་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་རང་སྲིད་རང་སྐྱོང་ཐོབ་ཐབས་ལ་འབད་བརྩོན་གནང་གི་ཡོད་པ་ལས། བོད་རང་བཙན་རྩོད་ཀྱི་མེད་པ་དང་། རྒྱ་གར་ངྷ་རམ་ས་ལར་རྟེན་གཞི་བྱས་པའི་བཙན་བྱོལ་བོད་གཞུང་ངོ་སྤྲོད། རྒྱལ་སྤྱིའི་གཞུང་དང་གྲོས་ཚོགས་མང་པོས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། འཛམ་གླིང་མི་ཁྲོད་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཧ་ཅང་མང་པོ་ཡོད་པ་སོགས་ངོ་སྤྲོད་བྱེད་བཞིན་ཡོད་འདུག དེ་བཞིན། བོད་ནང་ལོགས་སུ་ཡོད་ཚུལ་བརྗོད་པ་ཚོར། བོད་མི་ཚོར་ཆོས་དད་རང་དབང་དང་སྐད་ཡིག་སྲུང་སྐྱོབ་རང་དབང་མེད་པ། རྒྱ་གཞུང་གིས་བོད་པ་གཙོས་པའི་གྲངས་ཉུང་མི་རིགས་ཁག་ལ་མི་རིགས་ས་ཁོངས་རང་སྐྱོང་གི་ཐོབ་ཐང་སྤྲོད་ཀྱི་མེད་པ་སོགས་ངོ་སྤྲོད་བྱེད་བཞིན་ཡོད་འདུག
རྒྱ་རིགས་དྲ་གྲོགས་མང་པོ་ཞིག་གིས་ཕྱི་ལོགས་ན་བོད་པ་མང་པོ་ཡོད་པ་དང་། བཙན་བྱོལ་བོད་གཞུང་བཙུགས་ཡོད་པ། དེ་བཞིན་རྒྱལ་སྤྱིའི་སྟེང་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པའི་གནས་ཚུལ་རིགས་ཤེས་ཀྱི་མེད་སྟབས། ཞིབ་ཚགས་ཀྱིས་འགྲེལ་བཤད་རྒྱག་སྐབས་ཁ་ཤས་ཀྱིས་ཏཱ་ལའི་བླ་མ་དེ་སླ་པོ་ཞིག་མ་རེད་ཟེར་མཁན་ཡང་འདུག་ཟེར།
ཐུབ་བསྟན་ལགས་སུ་དེང་གི་ནག་དམར་ཤོག་འོག་ཏུ་གྲངས་ཉུང་མི་རིགས་ཚོ་ལ་འབྲེལ་བ་བྱ་ཐུབ་ཡོད་མེད་དྲིས་པར། ཁོ་གིས་སོག་པོ་དང་མན་ཇི། ཁ་ཆེ་སོགས་ལའང་སྐད་ཆ་བཤད་མྱོང་ཡོད་འདུག་ལ། གུང་ཁྲན་ཚོགས་མི་མང་ཆེ་བ་རྒྱ་རིགས་ཡིན་སྟབས་གྲངས་ཉུང་མི་རིགས་རྣམས་གུང་ཁྲན་ཏང་ལ་དགའ་བོ་མེད་པ་དང་། ཁོང་ལ་མན་ཇིའི་དྲ་གྲོགས་བཅུ་གྲངས་ཤིག་ཡོད་པ་དག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། འཐབ་རྩོད་བྱེད་སྟངས་ཀྱི་ཐོག་ནས་འཚེ་མེད་ཞི་བའི་འཐབ་ལམ་ལ་ཡིད་ཆེས་མེད་པར། དྲག་པོའི་ཐོག་ནས་རྒྱ་མི་གཅིག་བསད་ཀྱང་རྒྱལ་ཁ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག
འདིའི་ཐད་འབྲེལ་བ་ལས་ཁུངས་ཀྱི་འགན་འཛིན་ལགས་ཀྱིས་བརྗོད་དོན་ལྟར་ན། འབྲེལ་བ་ལས་ཁུངས་ནི་ལམ་དབུ་མའི་ལྟ་བ་འཛིན་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་ཡིན་ཞིང་། ལས་ཁུངས་འདིས་འདས་པའི་ལོ་དྲུག་ཙམ་རིང་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་མང་ཚོགས་དང་ཐད་ཀར་བོད་དོན་སྐོར་ངོ་སྤྲོད་དང་། རྒྱ་ནག་མང་ཚོགས་ལ་ Free gate བརྒྱུད་དེ་བྷི་བྷི་སི་ bbc དང་ཨ་རིའི་བརྙན་འཕྲིན། ཨེ་ཤ་ཡ་རང་དབང་རླུང་འཕྲིན། བོད་གཞུང་དྲ་རྒྱ་སོགས་རྒྱ་ཡིག་གི་བརྒྱུད་ལམ་ཁག་ངོ་སྤྲོད་དང་། བོད་ནང་གི་བོད་མི་ཚོར་བོད་ཀྱི་དུས་བབ་དང་བང་ཆེན། ཁ་བརྡ་དྲ་བ་སོགས་ངོ་སྤྲོད་གནང་གི་ཡོད་ཚུལ་བརྗོད་བྱུང་ལ། ཁོང་ཅག་གིས་ཉིན་ལྟར་དབུ་མའི་ལམ་གཙོས་པའི་བོད་རྒྱའི་གནད་དོན་སྐོར་གྱི་ཡིག་ཆ་ ༢༠༠ ཙམ་ (pdf)བཟོས་ཏེ་རྒྱ་རིགས་དྲ་གྲོགས་ཚོར་གཏོང་བཞིན་ཡོད་འདུག
མཇུག་ཏུ་ཁོང་མོས་འབོད་སྐུལ་གྱི་ཚུལ་དུ། “ ལས་དོན་འདི་རིགས་ཧ་ཅང་གལ་ཆེན་ཡིན་སྟབས། བཙན་བྱོལ་ནང་གི་བོད་པ་རྒྱ་ཡིག་རྒྱ་སྐད་མཁྱེན་མཁན་ཚོས་སོ་སོས་ལས་ཁུངས་ཤིག་ཏུ་ལས་ཀ་བྱེད་ཀྱིན་ཡོད་མེད་ལ་མ་ལྟོས་པར། དུས་རྒྱུན་ཁེའུ་ཁེའུ་(QQ )དང་ཡཱ་ཧོའུ( Yahoo)། སི་ཁའེ་ཕའེ་( Skype) སོགས་བརྒྱུད་དེ་རྒྱ་ནག་མི་མང་ལ་འབྲེལ་བ་བྱ་རྒྱུ་དང་། གནས་ཚུལ་བརྒྱུད་སྤྲོད་བྱ་རྒྱུ་གལ་ཆེན་པོ་རེད། ངའི་ངོ་ཤེས་རྒྱ་རིགས་ཁ་ཤས་ཀྱིས་ཏཱ་ལའི་བླ་མར་རྒྱལ་སྤྱིའི་རྒྱབ་སྐྱོར་ཆེན་པོ་ཡོད་ཀྱང་། རྒྱ་ནག་མི་མང་ལ་འབྲེལ་བ་བྱ་རྒྱུའི་ནུས་པས་འདང་གི་མེད་ཚུལ་ལབ་སོང ” ཞེས་ངོ་སྤྲོད་གནང་བྱུང་།
ད་ཆར་རྒྱ་ནག་སྐམ་ས་ཆེན་མོའི་ནང་དྲ་རྒྱ་བེད་སྤྱོད་གཏོང་མཁན་མི་དུང་ཕྱུར་ ༥ ཙམ་ཡོད་འདུག
གསར་འགོད་པ། དཔལ་ལྡན།
གལ་ཏེ་རྒྱ་རིགས་ཞིག་གི་གནས་ཚུལ་ཤེ་འདོད་ཡོད་ཚེ་། ཁྱོད་རྣམས་པར་འབྲེལ་བ་ག་འདྲ་བྱེད་དགོས་གྱི་རེད། ཁྱོད་རྣམས་པས་འབྲེལ་ལམ་དྲ་བ་དང་དྲ་ལམ་། སོགས་བདག་ལ་དྲ་འཕྲིན་རྒྱུད་གནང་རོགས་། ངའི་དྲ་འཕྲིན། danaktibet@gmail.com ཡིན་། ཐུགས་རྗེ་ཆེ
རྒྱ་མི་རྣམས་རྒྱ་མིར་དགའ་བོ་ཡོད་པ་དང་།
བོད་མི་རྣམས་བོད་མིར་དགའ་བོ་ཡོད་པ་ནི་ཆོས་ཉིད་ཅིག་ཡིན།
ཐེ་ཝན་དང་ཞང་ཀང་ལ་དངོས་སུ་སོང་ནས་འབྲེལ་བ་གཞི་རྒྱ་ཆེ་རུ་གཏོང་འོས། བོད་ནང་གི་ཤེས་ཡོན་ཅན་ཚོ་དང་འབྲེལ་ལམ་མང་དུ་བཏང་ནས་ལས་གཞི་རྒྱ་ཆེར་གཏོང་ཐབས་ཡོད་སྙམ། ལས་ཀ་འདི་ང་ཚོ་བོད་མི་མི་རེ་ངོ་རེའི་ངོས་ནས་ངེས་པར་བྱེད་དགོས་པའི་འོས་འགན་གལ་ཆེན་ཞིག་ཡིན། དེ་བས་འདི་ཡང་ལྷག་དཀར་གྱི་དམ་བཅའ་གཅིག་ལ་བགྲང་འོས་སོ།
རང་དབང་དང། ཞི་བདེ། མང་གཙོ་ཡི་དགྲ་བོ།
ཟིན་བྲིས་ལ་བཟོ་བཅོས་རྒྱག་པ། | བརྗོད་བྱ་འདི་གསུབ་པ།
རང་དབང་དང། ཞི་བདེ། མང་གཙོ་ཡི་དགྲ་བོ།
རྒྱལ་སྤྱིའི་གནས་བབ་ཀྱང་ཤིན་དུ་རྙོག་འཛིང་ཆེ་ཞིང༌། དེ་ལས་ཀྱང་བོད་ནང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་ཡོད་ལ། ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོས་གཅིག་རྗེས་གཉིས་མཐུད་དུ་བོད་བསྟན་པ་ཆབ་སྲིད་ ཀྱི་ཆེད་གཅེས་པའི་ལུས་སྲོག་བློས་གཏོང་གིས་རང་ལུས་མེས་རུ་བསྒྲོན་ནས་རྒྱ་དམར་ གྱི་གདུག་རྩུབ་དྲག་པོའི་བྱ་སྤྱོད་རྒྱལ་སྤྱིའི་ཐོག་གསལ་སྟོན་གནང་བའི་བླ་མེད་ ཀྱི་མཛད་རྗེས་ལ་ཡི་རང་མི་བྱེད་མཁན་ཞིག་ཡོད་མི་སྲིད། དེ་བཞིན་བོད་ཀྱི་གནས་བབ་ལ་སེམས་འཁུར་དང་རྒྱབ་སྐྱོར་གྱི་ཚད་གཞི་ཡང་རྒྱལ་ སྤྱིའི་ནང་ཇེ་མཐོར་སོང་ཡོད།
ཡིན་ན་ཡང། ང་ཚོའི་ཕྱོགས་ནས་ད་རུང་ཐབས་ཇུས་ཀྱི་ཐད་ནས་མི་འདང་ས་ཧ་ཅང་མང་བར་འདོད། རྒྱུ་མཚན་གང་ཡིན་ཞེ་ན། རྒྱ་གཞུང་གིས་བོད་ལ་དྲག་མནོན་བྱས་པ་དང་བོད་མི་དམར་བསོད་བཏང་བ། རང་བྱུང་ཁོར་ཡུག་གཏོར་སྐྱོན་དང། ཆོས་རིག ཡུལ་གོམས་སོགས་རྨེག་མེད་དུ་གཏོང་བའི་གནས་སྟངས་ཁོ་ན་མི་བགྲང་བར་བྱ་སྤྱོད་དེ་ དག་གིས་བོད་ཙམ་མ་ཡིན་པར་བོད་དང་ས་འབྲེལ་ཡིན་པའི་རྒྱལ་ཁབ་ཚོ་དང་མི་མང་དུང་ ཕྱུར་མང་པོའི་རང་དབང་དང་འཚོ་བའི་བདེ་སྐྱིད་ཀྱང་བརླག་བཞིན་ཡོད་པའི་གནས་སྟངས་ ཅིའི་ཕྱིར་བགྲང་བཞིན་མེད་དམ། རྒྱ་དམར་གཞུང་ནི་རྒྱལ་སྤྱིའི་ཞི་བདེ་དང་བརྟན་ལྷིང་ལ་གཏོར་བརླག་བྱེད་མཁན་ གྱི་ཁ་བྲལ་རིང་ལུགས་པ་ཞིག་དང༌། ཆེས་གདུག་རྩུབ་ཅན་གྱི་འཇིགས་སྐུལ་རིང་ལུགས་པ་ཞིག་ཡིན་པ་འགྲེལ་བརྗོད་བྱ་ རྒྱུ་གལ་ཆེ་བར་མཐོང༌། དཔེར་ན། ནུབ་ཕྱོགས་རྒྱལ་ཁབ་དང། ཡོབ་རབ། ཨ་ཧྥི་རི་ཀ ཨེ་ཤ་ཡ་སོགས་སུ་རྒྱ་དམར་གྱིས་རིན་གོང་དམའ་བའི་དངོས་པོ་ཕྱིར་འཚོང་གིས་དངུལ་ རྩའི་འཕར་ཆག་དོ་མཉམ་མ་བྱུང་བ་དང། རྒྱལ་ཁབ་དེ་དག་ནང་གི་དངོས་ཟོག་བྲིན་རྒྱུགས་མེད་པ་དང། ལས་མེད་ས་ཡ་མང་པོ་ཐོན་བཞིན་ཡོད་པ་དེ་དག་ཉོ་འཚོང་དྲང་བཞག་མ་བྱུང་བའི་རྒྱུ་ རྐྱེན་ཞིག་དང༌། རྒྱ་དམར་གྱིས་ཤོག་དངུལ་གྱི་འཛའ་ཐང་མ་འཕར་བའི་ཐོག་ཁེ་ཕོགས་ལེན་པའི་སྲིད་ཇུས་ མཁྲེགས་འཛིན་བྱེད་བཞིན་ཡོད་པ་དེས་དོན་དུ་རྒྱལ་སྤྱིའི་མི་མང་གི་ཉིན་རེའི་ འཚོ་བར་ཡང་དོ་ཕོག་གཏོང་བཞིན་ཡོད་པ་ནི་བཤད་ཅི་དགོས།
ལུགས་མཐུན་མིན་པའི་ཁེ་ཕོགས་ལ་བརྟེན་ནས་རྒྱ་ནག་མི་མང་དང༌། བོད། ཐེ་ཝན། སོག་པོ། ཡུ་གིར། ད་དུང་ཉེ་འབྲེལ་རྒྱལ་ཁབ་དག་ལ་ས་མཚམས་རྩོད་རྙོག་སློང་བ་དང༌། ལྷོ་རྒྱ་མཚོའི་ཁུལ་གྱི་རྩོད་རྙོག་སོགས་ལ་རྫིག་ར་སྐུལ་བྱེད་ཀྱི་ལག་ཆར་བེད་ སྤྱོད་ཀྱིས་མི་མང་དུང་ཕྱུར་མང་པོའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་ ལྡོག་རོལ་གཏོང་བཞིན་ཡོད་པའི་གནས་བབ་ནས་གླེང་སྟེ། ང་ཚོས་ཐབས་ཇུས་གསར་བ་དང་རྒྱལ་སྤྱིའི་ཐོག་འགྲེལ་བརྗོད་གནད་ལ་ཁེལ་བ་རྒྱག་ རྒྱུ་ནི་གལ་ཆེ་ལ། མཐའ་དོན་རྒྱ་དམར་གཞུང་ནི་རང་དབང་དང་མང་གཙོ་ཞི་བདེ་ཡི་དགྲ་བོ་ཡིན་པ་གསལ་ བརྗོད་བྱ་རྒྱུ་དེ་རེད།
བསེ་རུ་དང་ལགས་གཞན་ལ་ཞུ་དག་མ་བྱས་པའི་སྔོན་དུ་རང་ཉིད་ལ་ཞུ་དག་ཐེངས་གཅིག་བྱ་དང་དེ་ནས་ཤེས་ཡོང་ཧེ་ཧེ་ཧེ།
བོད་མིའི་དངོས་ཡོད་གནས་སྟངས་དེ་རྒྱ་མི་རིགས་ལ་རང་ནུས་གང་ཡོད་ཀྱི་འབྲེལ་བ་བྱས་ནས་ངོ་སྤྲོད་གནང་རྒྱུ་གལ་ཆེན་རེད། ལྷག་པར་༧གོང་ས་མཆོག་གི་དགོངས་པ་བཞིན་དབུ་མའི་ལམ་སོགས་ངོ་སྤྲོད་གནང་དགོས་པ་གལ་ཆེན་རེད།
མ་གཞི་ནས་རྒྱ་རིགས་བོད་རིགས་ཁ་ཁ་རེད། རྒྱ་ནི་རྒྱའི་རྒྱལ་ཁབ་དང་ཡུལ་མི་ལ་དགའ་བ་དང་སྙན་གྲགས་འབར་གྱིན་པ་ལ་རྔམ་ནས་བོད་མི་རྣམས་རྡོག་བརྫིས་གཏོང་སྐྱོངས་གནང་ངེས་རེད།
དེ་འདྲ་ཞིག་རེད། བོད་མི་རྣམས་ཀྱིས་ཀྱང་བསམ་བློ་ག་རེ་གཏོང་གི་ཡོད།
དུང་ཕྱིར་དེ་དུང་ཕྱུར་བཟོ་རོགས་ཝེ
འབྲེལ་བ་ཚོགས་པའི་བརྡ་འཕྲིན་གྱི་འབྲེལ་ལམ་འདི་རིགས་གཞི་རྒྱ་ཇེ་ཆེ་དང་། རྒྱུན་གནས་ཡོང་བའི་རེ་སྨོན་འདེབས།
མ་དག་པ་ དག་པ།
འཐབ་ལམ། ཐབས་ལམ།
ཁོ་གིས། ཁོང་གིས།
མན་ཇི། མན་ཇུ།
དུང་ཕྱིར། དུང་ཕྱུར།
འདི་རྣམས་ཀློག་ཞོར་དུ་མཐོང་ཞིང་། དབྱངས་ཨི་དང་ཨུ་ཡོད་རིགས་ལ་གཟབ་པར་འཚལ།།