སྔར་ལོ་བོད་ནང་སློབ་མའི་ངོ་རྒོལ་ལས་འགུལ་བྱུང་སྟེ་མཚམས་འཇོག་བྱེད་དགོས་བྱུང་པའི་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་དེ། ད་ལོ་དངོས་སུ་ལག་བསྟར་བྱས་ཏེ་བོད་ཡིག་ཕུད་པའི་སློབ་ཚན་གཞན་ཚང་མ་རྒྱ་ཡིག་རྒྱ་སྐད་ཐོག་སློབ་ཁྲིད་མགོ་འཛུགས་བྱས་ཡོད་འདུག
ད་ལོའི་དགུན་ཁར་སློབ་གྲྭ་ཁག་ཕྱིར་ཚོགས་སྐབས། མཚོ་སྔོན་མངའ་ཁུལ་དུ་རྒྱ་བསྒྱུར་སློབ་གསོའི་སྲིད་ཇུས་མགོ་འཛུགས་བྱས་ཡོད་འདུག་ལ། ད་ལྟ་སློབ་གྲྭ་ཁག་ནང་བོད་ཡིག་ཕུད་པའི་བསླབ་ཚན་གཞན་ཚང་མ་རྒྱ་ཡིག་རྒྱ་སྐད་ཐོག་སློབ་ཁྲིད་གཏན་འབེབས་དང་། མཐོ་རྒྱུགས་སྐབས་གྲངས་ཉུང་མི་རིགས་ཀྱི་སློབ་མའི་དམིགས་བསལ་སྐར་གྲངས་ཀྱང་མེད་པ་བཟོས་ཏེ། ད་ལོར་མཐོ་རྒྱུགས་ལ་ཞུགས་མཁན་བོད་རིགས་སློབ་མ་ཁྲི་ ༢ ཙམ་ཡོད་པའི་ནང་། མཚོ་སྔོན་ས་ཁུལ་གྱི་སློབ་མ་ ༢༠༠ ཙམ་ལས་བསྡུས་མི་འདུག དེ་བཞིན། དམའ་འབྲིང་ནས་མཐོ་འབྲིང་ནང་བསྡུ་རྒྱུར་ཡང་ཚད་བཀག་བཟོས་ཏེ། དམའ་འབྲིང་སློབ་མ་མང་པོ་ཞིག་གི་སློབ་སྦྱོང་གོ་སྐབས་ཤོར་ཡོད་པ་དང་། སློབ་ཆུང་ཁག་ནང་བོད་ཡིག་སྦྱོར་ཀློག་གི་ཁྲིད་ཐབས་མེད་པ་བཟོས་ཏེ་བོད་ཡིག་ཐོག་ལ་དགའ་སྣང་མེད་པ་བཟོས་ཡོད་འདུག
ཟླ་འདིའི་ཚེས་ ༡༦ ཉིན་མདོ་སྨད་ཡུལ་གྱི་སློབ་མའི་ཁྱིམ་བདག་ཅིག་གིས་ཁ་པར་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ད་ལོ་དགུན་ཁའི་སློབ་སྐབས་དང་པོ་མགོ་བཙུགས་མ་ཐག གཅན་ཚ་དང་རེབ་གོང་། ཡ་ཙི། བན་ཡན། མཚོ་ལྷོ། མགོ་ལོག་བཅས་ཀྱི་བོད་ཡིག་མཐོ་འབྲིང་ཁག་ནང་། བོད་སྐད་ཡིག་གི་སློབ་དེབ་ཕུད་སློབ་དེབ་གཞན་ཚང་མ་རྒྱ་ཡིག་དང་རྒྱ་སྐད་ཐོག་སློབ་ཁྲིད་བྱེད་མགོ་བརྩམས་ཡོད་འདུག སློབ་གྲྭ་ཁག་གི་སློབ་ཕྲུག་ཚོས་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་ཕུལ་ཏེ། མི་རིགས་སློབ་གསོའི་བཅའ་ཁྲིམས་གཞིར་བཟུང་ས་གནས་མི་རིགས་ཀྱི་སྐད་ཡིག་ཐོག་སློབ་ཁྲིད་བྱ་དགོས་པའི་རེ་སྐུལ་ཞུས་ཏེ། རྒྱ་སྒྱུར་གྱི་སློབ་གསོའི་སྲིད་ཇུས་དེ་ངོས་ལེན་མེད་པའི་རྣམ་འགྱུར་སྣ་ཚོགས་བསྟན་ཡོད་སྟབས། རྒྱ་གཞུང་གིས་སློབ་ཕྲུག་ཡོངས་ཀྱི་ལག་འཁྱེར་ཁ་པར་གཞུང་བསྡུ་བྱས་ཏེ། སློབ་གྲྭར་སྤྱི་སྤྱོད་ཁ་པར་གསར་འཛུགས་ཀྱིས་དེ་ལ་གཞུང་འབྲེལ་བྱང་བུ་སྤྱོད་དགོས་པ་དང་། སློབ་གྲྭའི་བདེ་སྲུང་ཚན་པའི་ལྟ་རྟོག་འོག སློབ་མ་ནང་ཁུལ་དང་། སློབ་མ་དང་ཁྱིམ་བདག་བར། སློབ་གྲྭ་དང་སྤྱི་ཚོགས་བར་བཅས་སུ་འབྲེལ་བ་བྱ་རྒྱུར་དོ་དམ་བྱས་ཡོད་པ་མ་ཟད། འདས་པའི་བདུན་ཕྲག་བཞི་ལྷག་རིང་གུང་གསེང་མེད་པ་བཟོས་ཤིང་། སློབ་གྲྭའི་ཕྱི་ལོགས་སུ་འགྲོ་སྐྱོད་དང་། ཕྱི་མིར་ཐུག་འཕྲད་བཀག་སྡོམ་བྱས་ཏེ། སློབ་གྲྭའི་ལས་བྱེད་དང་བདེ་སྲུང་མི་སྣ་ལྔ་དྲུག་རེ་ཁག་བགོས་ཀྱིས་སྐོར་གཡེང་བྱེད་བཞིན་ཡོད་འདུག
ཟླ་གཅིག་གི་གོང་དུ་རྒྱ་གཞུང་གིས་མདོ་སྨད་རེབ་གོང་ཁུལ་དུ་སློབ་མའི་ཁྱིམ་བདག་ཚོར་ཚོགས་འདུ་ཞིག་འཚོགས་རྒྱུའི་བརྡ་ཁྱབ་བཏང་སྟེ། གཟའ་ཉི་མ་ཞིག་ལ་ཕྱོགས་མཐའ་ཁག་ནས་ཁྱིམ་བདག་རྣམས་རེབ་གོང་ཁུལ་ཐོག་ཏུ་བསྡུ་སྐོང་བྱས་ཤིང་། གསང་མྱུལ་བ་མངགས་གཏོང་གིས་སློབ་ཕྲུག་གི་ཁྱིམ་བདག་ཚོའི་བསམ་ཚུལ་ལ་ལྐོག་ཉན་བྱས་སྐབས། ཁྱིམ་བདག་ཚོས་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་དེར་ངོ་རྒོལ་གྱི་བསམ་ཚུལ་ཤུགས་ཆེན་པོ་ཐོན་བཞིན་པ་ཤེས་རྟོག་བྱུང་འཕྲལ། ཁྱིམ་བདག་གི་ཚོགས་འདུ་དེ་ཕྱིར་འཐེན་གྱིས་ཁྱིམ་བདག་རྣམས་ཕྱིར་རང་རང་སར་འགྲོ་རུ་བཅུག་ཡོད་འདུག སློབ་མའི་ཁྱིམ་བདག་ཅིག་གིས་འདིར་བརྗོད་དོན། “ ད་སྐབས་རྒྱ་གཞུང་གིས་བོད་པའི་སློབ་གྲྭ་ཁག་ནང་རྒྱ་ཡིག་གཙོར་འཛིན་གྱི་སློབ་གསོའི་སྲིད་ཇུས་སྤེལ་ཏེ། རྒྱ་རིགས་དགེ་རྒན་མང་པོ་བོད་ཁུལ་དུ་གཏོང་བ་དང་། བོད་སྐད་བོད་ཡིག་དར་སྤེལ་གཏོང་མཁན་གྱི་དགེ་རྒན་དཔུང་སྡེ་གཏོར་ཐབས་བྱས་ཏེ། བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནང་བོད་ཡིག་བོད་སྐད་ཀྱི་སློབ་གསོ་མེད་པ་བཟོ་བཞིན་འདུག ད་ལོ་ནས་བཟུང་བོད་ཁུལ་དུ་དམའ་འབྲིང་མཐར་ཕྱིན་སློབ་མ་མཐོ་འབྲིང་ནང་བསྡུ་ཕྱོགས་ཐད་ལའང་སྐར་གྲངས་ཚད་བཀག་བཟོས་ཡོད་སྟབས། དམའ་འབྲིང་དང་མཐོ་འབྲིང་གི་བོད་རིགས་སློབ་མ་མང་པོ་ཞིག་རྒྱ་ནག་ནང་གི་སློབ་གྲྭ་ཁག་ཏུ་འཛུལ་ཞུགས་མི་བྱེད་ཐབས་མེད་དུ་གྱུར་འདུག” ཅེས་བརྗོད་བྱུང་།
ཉེ་སྔོན་བོད་ནས་འབྱོར་མཁན་བློ་བཟང་ལགས་ཀྱིས་མདོ་སྨད་མང་ར་རྫོང་དུ་རྒྱ་སྒྱུར་སློབ་གསོའི་སྲིིད་ཇུས་སྤེལ་བཞིན་པའི་སྐོར་བརྗོད་པ་ལྟར་ན། རྒྱ་གཞུང་གིས་རྫོང་རིམ་པའི་སློབ་གསོ་སྡེ་ཁག་ཏུ་རྒྱ་ཡིག་གཙོ་འཛིན་གྱི་སློབ་གསོའི་སྲིད་ཇུས་ལག་བསྟར་གྱི་གསང་བའི་ཡིག་ཆ་ཞིག་བཀྲམས་ཡོད་པ་དང་། མཚོ་སྔོན་མང་ར་རྫོང་ཁོངས་སུ་སློབ་མ་ཚོས་བོད་ཡིག་ཡག་པོ་ཤེས་རྒྱུར་བར་ཆད་དང་བོད་ཡིག་ལ་དགའ་སྣང་མེད་པ་བཟོ་ཆེད། བོད་ཡིག་གསར་སློབ་ཀྱི་བྱིས་པ་ཚོར་གསལ་བཤད་སུམ་ཅུ་ངོས་འཛིན་ཙམ་བྱས་རྗེས། བོད་ཡིག་སློབ་སྦྱོང་གི་རྨང་གཞིར་གྱུར་བའི་སྔོན་རྗེས་ཡང་གསུམ་དང་མགོ་འདོགས་བརྩེགས་གསུམ་ཀྱི་སྦྱོར་ཀློག་ཁྲིད་ཐབས་ཀྱི་རིམ་པ་དེ་མེད་པ་བཟོས་ཤིང་། རྒྱ་ཡིག་སློབ་སྟངས་ལྟར་ཐད་ཀར་མིང་ཚིག་བམ་ཀློག་དང་བྱིས་སྒྲུང་སོགས་ཁྲིད་དགོས་པའི་སྒྲིག་གཞི་གསར་བ་ཞིག་བཟོས་ཡོད་འདུག བློ་བཟང་ལགས་ཀྱིས་བརྗོད་དོན། “ ད་སྐབས་བྱིས་པ་ཚོས་བོད་ཡིག་ལས་རྒྱ་ཡིག་ཤེས་སླ་བའི་འདུ་ཤེས་སྐྱེ་བཞིན་འདུག་ལ། བོད་ཡིག་ལ་སློབ་སྦྱོང་གི་འདུན་པ་ཇེ་ཞན་དུ་འགྲོ་བཞིན་འདུག ཁྱིམ་བདག་ཚོས་བོད་རང་གི་སྲོལ་རྒྱུན་ཁྲིད་སྟངས་ལྟར་ཡི་གེ་སྦྱོར་ཀློག་སློབ་ཁྲིད་བྱེད་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་ཀྱང་། སློབ་ཁྲིད་ལྟ་རྟོག་སྡེ་ཁག་གི་མི་སྣས་འདི་གོང་རིམ་གྱི་སྲིད་ཇུས་ཡིན་ཟེར་ནས། ཁྱིམ་བདག་ཚོའི་རེ་བ་དང་ལེན་བྱེད་ཀྱི་མི་འདུག ” ཅེས་བརྗོད་བྱུང་།
ན་ནིང་ཕྱི་ཟླ་ ༡༠ ནང་མཚོ་སྔོན་ཞིང་ཆེན་གྱིས་རྒྱ་སྒྱུར་སློབ་གསོའི་སྲིད་ཇུས་ལག་བསྟར་གྱི་ཡིག་ཆ་བསྒྲགས་རྗེས། བོད་ནང་དུ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་གྱི་དགེ་སློབ་ཡོངས་ཀྱིས། “མི་རིགས་འདྲ་མཉམ། སྐད་རིགས་རང་དབང་།” ཞེས་པའི་འབོད་ཚིག་འོག་ངོ་རྒོལ་ཤུགས་ཆེན་བྱུང་སྐབས། མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཆང་ཝེ་ཡིས་སློབ་གསོའི་སྲིད་ཇུས་དེར་འདོད་མོས་མེད་པའི་ས་ཁུལ་དག་ཏུ་ལག་བསྟར་མ་བྱས་ན་འགྲིག་ཚུལ་བརྗོད་ཡོད།
གསར་འགོད་པ། ཚེ་རིང་རྒྱལ།
༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽
བོད་པའི་གནས་སྟངས་ཚད་འདི་ལྟ་བུ་ལ་སླེབས་སྐབས་ད་གཟོད་གྲྭ་ལོག་རིན་ཆེན་ཚོ་ལས་བོད་པའི་བྱིས་པར་རེ་བ་ཅུང་ཡོད་སྲིད་པ་ལས། མཁས་པ་བློ་བཟང་གྲགས་པ་ལ་མངགས་བརྗོད་དང་། རླབས་ཆེན་མི་ལ་རས་པ་ལ་མཐེ་བོང་ཀེར་མཁན་གྱི་རྩོམ་པ་པོ་མིག་ཤེལ་ཅན་དེ་དག་ལ་ལྟ་ས་ཅིང་མེད། བོད་འདི་ལྟར་ཕྱིན་ན་སྟོད་པས་ཅུང་དཀའ་རྒྱུ་རེད་བསམ་པ་མ་གཏོགས། ངེད་སྨད་པ་ཚོ་ནི་ས་འདྲེས་ཀྱི་དབང་གིས་སམ་ཡང་ན་ཁྲག་རྒྱུད་ཅིག་གི་རྐྱེན་ནམ། གང་ལྟར་རྒྱ་བྱ་དགོས་ན་རྒྱ་འདྲ་བོ་དང་། ཧོས་ཧོས་བྱ་དགོས་ན་ཧོས་ཧོས་འདྲ་བོ་ཡིན་པ་ནི་དེང་གི་གཞས་པ་ཕོ་མོ་དང་མཐོ་སློབ་པ་དག་ལས་ཤེས་ཐུབ།
སྐད་ཡིག་དེ་མི་རིགས་ཀྱི་ཅི་ཞིག་རེད་།?
སྐད་ཡིག་མེད་ན་མི་རིགས་དེ་རང་རྐྱ་བ་ཞིག་ཏུ་འཚོ་མི་ཐུབ་པ་ཨེ་རེད།?
གལ་སྲིད་དེ་ལྟར་ཡིན་ཚེ།
ང་ཚོ་ཁག་པོ་ཡིན་པ་གོང་གི་ཟིན་བྲིས་གང་མང་ཞིག་གི་ཡིག་ནོར་གྱིས་ཀྱང་ཤེས་ཀི
ཨེ་རེད།?
ད་ཤེས་ཡོན་སྲིད་ཇུས་གསར་པ་རྒྱ་ཁྱབ་ཏུ་ལག་བསྟར་བྱས་ནས། བཙན་བྱོལ་གྱི་སློབ་གྲྭ་ཁག་ནང་བོད་སྒྱུར་སློབ་གསོ་སྤེལ་མ་ཐུབ་ཚེ་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབས་བྱ་རྒྱུར་ངོ་མ་དཀའ་རྒྱུ་རེད་ཡ།
ང་ཚོ་རང་ཉིད་ཀྱི་ཚེ་སྲོག་སྐད་ཡིག་གི་དོན་དུ་འཐབ་རྩོད་རྒྱུན་ཁྱོངས་བྱོས་
ངོ་ཚོས་ཐབ་རྩོད་རྒྱུན་ཁྱོངས་མ་བྱས་ན་ང་ཚོ་ཚེ་སྲོག་རྒྱ་མིས་ཕྲོག་ངེས་ཡིན་པ་རྒྱུན་སྲིངས་བྱེད་དགོས་
རྒྱ་ནག་དམར་གཞུང་གི་མི་རིགས་རང་སྐྱོང་བཅའ་ཁྲིམས་དང་མི་མཐུན་པར་མ་ཟད་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་སྣང་ཆུང་བྱས་པ་ཞིག་རེད་ཟེར་ན་འང་ཆོག
བོད་པ་ཚོ་རྒྱ་སྒྱུར་གྱི་སྲིད་ཇུས་ངན་པ་ག་ཚད་ཀྱིས་ལག་བསྟར་བྱས་པ་དེ་ཙམ་གྱིས་བོད་པ་ཚོས་སོ་སོའི་མི་རིགས་ཀྱི་སྐད་ཡིག་ལ་གཅེས་པའི་སྲོག་དང་གཡག་རྔ་བཞིན་བདག་གཅེས་བྱེད་ངེས་ཡིན་ནོ།།
སྲིད་ཇུས་འདི་ཧ་ཅང་བཟང་གི
མ་འོངས་བོད་ཀྱི་རྗེས་རབས་པ་རྣམས་ལ་མདུན་ལམ་ཡག་པོ་ཞིག་བཟོ་བའི་ཆེད་རེད།
འདི་ཡང་སྐད་ཡིག་གཅིག་བུའི་གནད་དོན་མིན་པར་བོད་མཆི་ལམ་དུ་འདེད་ཚུལ་ཞིག་སྟེ། བོད་རིགས་དགེ་རྒན་གྱི་ལས་ཁ་བླངས་ཤིང་ཤུལ་དུ་རྒྱ་རིགས་ཁྲིད་ཡོང་སྟེ་རྒྱ་རིགས་དགེ་རྒན་གྱི་ལག་ཏུ་འཇོག་རྒྱུ་དང་བོད་ཡུལ་དུ་རྒྱའི་མི་རིགས་སྤེལ་བའི་ཆབ་སྲིད་ཀྱི་ཟུར་གཅིག་རེད། མ་ཟད་བོད་རིགས་སློབ་ཕྲུག་ལ་ཤ་ཚ་བའི་དགེ་རྒན་མེད་པར་བཏང་སྟེ་ཤ་ཚ་མེད་པའི་དགེ་རྒན་གྱིས་བོད་རིགས་སློབ་མའི་ཤེས་ཚད་གཅོག་ཐབས་བྱེད་རྒྱུ་དེ་རེད་ལ། མདོར་བསྡུས་ན་བོད་མཆི་ལམ་དུ་འཇུག་པ་ཁོ་ན་རེད།
འོན་ཀྱང་འདི་ག་ནས་ང་ཚོའི་སྤྱི་ཚོགས་ཀྱིས་སྐད་འབོད་བྱས་ན་དེ་ཙམ་གྱི་འཚམ་པོ་ཞིག་ཡིན་པར་མི་མཐོང་སྟེ། མ་གཞི་ནས་སྤྱི་ཚོགས་འདི་རང་ཉིད་ཀྱིས་བོད་སྐད་ཡིག་ལ་སྣང་ཆུང་དང་ཕྱིར་འབུད་བྱེད་བཞིན་ཡོད་པས་སོ། །
ཁོ་བ་ཚང་གིས་རྒྱ་སྒྱུར་གྱི་སྲིད་ཇུས་དེས་འུ་ཚང་གི་སྲོག་རྩ་ཧྲིལ་གྱིས་དགག་རྩིས་རེད་ལ། གཞིས་བྱེས་གཉིས་ནས་སྲོག་རྩ་དྲུང་ནས་བཅད་རྗེས་རང་བཞིན་གྱིས་ཐུ་བྷོད་ཚང་མུ་གེས་འཆི་ངེས། ཕངས་པ་ལ།
གནད་དོན་དེ། རྒྱ་ཆེའི་མི་དམངས་ཚོས། རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་སྒོ་ནས། གོ་རིམ་ལ་ཞུ་གཏུག་བྱེད་དགོས་ངེས་རེད།
མི་རིགས་རང་སྐྱོང་གི་གོ་དོན་ངོ་མ་དེ་རང་ཡུལ་ནས་རང་གི་སྐད་ཡིག་གཙོ་སྤྱོད་ཐུབ་དགོས་པ་དེ་ཡིན། དེ་བས་བོད་ནང་གི་ཤེས་ཡོན་ཅན་ཚོས་གཙོས་དཔོན་པོ་ཚོས་ལས་གཞི་འདི་མི་རིགས་རང་སྐྱོང་བཅའ་ཁྲིམས་དང་མཐུན་མིན་དང་དོན་དངོས་ལ་ཕན་གནོད་ཅི་ཡོད་ཀྱི་་གྲོས་མོལ་གྱི་ཚོགས་འདུ་སོགས་ཀྱི་བྱེད་ཐབས་སྤྱད་ནས་འགོག་ཐབས་ཧུར་ལེན་གནང་དགོས།
དགུན་གནང་རྫོགས ནས མིན་ཏེ་་་ད་ལོའི་དགུན་ཁའི་སློབ་ཐུན་དང་བོའི་སྐབས་་་ཞེས་བྲིས་ཡོད་པས་སོ།། འོན་ཀྱང་དབྱར་གནང་རྫོགས་ནས་ཡིན་ན། ཀུན པོས་ད་བར་མ་གོ་བ་ཡ་མཚན་ཆེའོ།།
གསར་འགོད་པ་ལགས།
“ད་ལོའི་དགུན་གནང་རྫོགས་ཏེ་སློབ་གྲྭ་ཁག་ཕྱིར་ཚོགས་སྐབས།„ཡིན་རྒྱུ་མ་རེད་བསམ་གི་དགུན་གནང་ད་རུང་རྫོགས་མེད་འདི་ཕལ་ཆེར་ནོར་བ་མིན་འགྲོ