བསྟན་འཛིན་ཤེས་རབ།
ང་ཚོས་ཆབ་སྲིད་པ་ལ་རིགས་གཉིས་སུ་དགར་ཆོག་པ་སྟེ། དང་བོ་ནི་སེམས་ནས་དཔྱད་ཅིང་ཁ་ནས་བཤད་ཐུབ་པ་དང་། དེ་ནས་ཁ་ཞེ་གཉིས་མེད་ཀྱིས་སྒྲུབ་ཐུབ་པ་སྟེ། དེ་ནི་དོན་དམ་པའི་ཆབ་སྲིད་པ་དང་མིའི་རིགས་ཀྱི་སྣེ་ཁྲིད་མཁན་གྱི་རིགས་ཡིན། གཉིས་པ་ནི་ཁ་ནས་བྱུང་རྒྱལ་དུ་སྨྲ་ཞིང་དོན་དག་ལ་ཅི་ཡང་མེད་པའི་རིགས་ཏེ། དེ་ནི་ཆབ་སྲིད་པ་རྫུན་མའམ་མགོ་བདེ་དྲན་འཕྲུལ་མཁན་གྱི་རིགས་རེད། མདོར་དེད་ན་མི་གཤིས་ཀྱི་དྲི་མ་བྲལ་བའི་རིགས་རེད། ད་ལྟའི་ང་ཚོའི་སྤྱི་ཚོགས་ལ་མཚོན་ན། རིགས་ཕྱི་མ་འདི་ཁ་ལས་དགེ་ཞིང་ས་ཁྱབ་རྡོ་ཁྱབ་ཏུ་དར་ཡོད་པའི་སྒང་ཡིན་པས། རང་ཅག་རྣམས་ཀྱིས་རིག་པ་ལྕགས་སྐུད་ལྟར་སྒྲིམ་སྟེ། འདི་དག་གི་ཁ་འོག་ལག་འོག་ཏུ་མ་ཤོར་བ་བྱ་རྒྱུ་ཤི་ཏུ་གལ་ཆེ་བ་མ་ཟད། ཁོ་ཚོའི་ཀུན་སྤྱོད་དང་ཅི་བཤད་གང་བྱེད་ལ་ཞིབ་མོའི་བློ་མིག་གིས་འཚོ་རྒྱུ་ཡང་མཁོ་ཆེ་སྟེ། གོ་སྐབས་ནམ་རག་ལ་ཁོ་ཚོས་མི་སྙིང་བཙོང་ཞིང་མིའི་ཚེ་སྲོག་གིས་རྩེད་མོ་རྩེས་པས་སོ།།
སྐབས་བབ་ཀྱི་གཞུང་ལ་གཅར་ཏེ། རྒན་ལྷ་བཟང་ཚེ་རིང་ལགས་དང་ཁོང་གི་སྐད་ཆའི་མདོ་རྩ་དེད་ན། ད་ལྟའི་གཡེར་གྲགས་ཅན་གྱི་ཆབ་སྲིད་པ་འདི་ཚོའི་སྟེང་ནས། ང་ཚོས་སྐྱི་གཡའ་ཞིང་ཞེ་མེར་བའི་དོན་དག་མི་ཆུང་བ་རེ་ཡང་འཐོལ་འཐོལ་དུ་མཐོང་ཡོང་གི་འདུག རྒན་ལྷ་བཟང་ཚེ་རིང་ལགས་ཀྱིས་ནམ་ནམ་ཞར་ཞར་ལ་གཞུང་གིས་ཅིག་མ་བྱས་རབས་དང་གཞུང་གིས་ཅིག་མ་འགྲིག་རབས་ཀྱི་གླེང་སློང་བྱས་དང་བྱེད་བཞིན་ཡོད་ལ། རང་ཉིད་ཀྱི་ངོས་ཐད་ནས། ཐ་ན་རྒྱུ་ནོར་ཅི་ཡོད་ཀྱང་རང་གི་མིང་ཐོག་ཏུ་མ་བཞག་པར་རྒྱུག་ཆོག་ཆོག་ཡིན་ཚུལ་ས་བསྒྲགས་གནམ་བསྒྲགས་བྱེད་ཀྱི་ཡོད། དེ་ལ་ཁྱད་ཞེ་དྲག་མི་འདུག་མོད། འོན་ཀྱང་ཆེས་སྐྱི་གཡའ་བ་ཞིག་ནི་ཁོང་གིས་༸རྒྱལ་བ་ཡིན་པོ་ཆེ་ལ་ནག་ཉེས་བཙུགས་ཏེ་མི་མང་དཀྲོག་སློང་བྱེད་པ་དེ་རེད། ཁོང་གིས་བོད་ཀྱི་དུས་བབ་ཀྱི་བཅར་འདྲིའི་ལན་དུ། “ མི་མང་པོ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་མང་ལ་གནང་བཞག་པ་ཡག་པོ་རེད་ཟེར་གྱི་འདུག་ཀྱང་། ངས་དེ་རྩ་བ་ཉིད་ནས་ཡག་པོ་ཞིག་ལ་མཐོང་གི་མེད། ལུག་རྫི་ཞིག་གིས་ལུག་རྣམས་རྩྭ་ཁ་ཡག་ས་ཞིག་ལ་འཁྲིད་རྒྱུ་ཡིན་ཟེར་ནས་ཡར་འདེད་མར་འདེད་བྱས་ཏེ་མཐར། རྩྭ་ཁ་ཡག་ས་མ་རག་ཐལ། ད་དབང་ཆ་ཚང་མ་ཁྱོད་ཚོར་ཡོད། ཟེར་ནས་ལུག་བྱེ་ཐང་ཞིག་ལ་བཀྲམས་ནས་ལུག་རྫི་འགྲོ་བཞག་ན། དེ་ལུག་རྫིའི་ལས་འགན་འགྲུབ་པ་རེད་དམ ” ཞེས་ཟེར་ཏེ། སྐད་ཆ་འདིའི་ནང་དོན་ངོ་མ་ནི། ཁོང་ཚོ་རིགས་གཅིག་གིས་མངོན་ལྐོག་ཅི་རིགས་ན་དུས་རྒྱུན་བཤད་བཞིན་པའི་སྐད་ཆ་སྟེ། ༸རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་གཞུང་ཤོར་དུ་བཅུག་པ་རེད་ཟེར་བ་འདི་རེད།
དེ་ནས་ད་དུང་༸རྒྱལ་བ་རིན་པོ་ཆེས་བོད་མི་ཚོ་གནམ་ས་རང་ལ་དབང་བའི་རང་ཡུལ་ནས་སྡོད་དུ་མི་འཇུག་པར་ས་འདི་ཞིག་ཏུ་ཁྲིད་ཡོང་བ་དང་། འདིར་ཡོང་སྟེ་ཡང་བདེ་ས་སྐྱིད་ས་ཞིག་ལ་མི་བསྐྱལ་བར། ཕར་ཁྲིད་ཚུར་ཁྲིད་ཀྱིས་གཡང་གཟར་ཁར་གཏུགས་རྗེས། རང་ཉིད་ཕྱིར་བཀྱེད་དེ་ཁྲེལ་མེད་པའི་ལས་བྱེད་ཀྱི་འདུག་ཅེས་པ་དེ་རེད། རྒན་ལྷ་བཟང་ལགས་རིག་པ་ཧ་ཅང་གྲུང་བས། འདི་ལྟར་སྐད་ཆ་གབ་ཚིག་འདྲ་བ་ཞིག་བཤད་དེ་རང་ཉིད་ཕྱིར་འབྱིན་ན་ཡང་འབྱིན་ས་ཡོད་པ་ཞིག་བཟོས་པ་དང་། མི་མང་མདུན་ལ་ཕུད་དེ་དམངས་གཙོའི་རང་དབང་སྤྱད་ནས་༸རྒྱལ་བ་ཡིན་པོ་ཆེ་ནག་འདེད་གཏོང་ཏུ་འཇུག་པ་རེད། ཁོང་གི་རྐང་རྗེས་སུ་འུར་འདྲོག་དང་ཅལ་འདྲོག་ལ་དགའ་བའི་མི་རྣམས་འུར་ཆིལ་ཆིལ་བྱེད་ཀྱི་ཡོད་ལ། ཡིད་ཀྱང་ཆེས་དཀའ་བ་ཞིག་ལ། ཐ་ན་ཤེས་ཡོན་ཅན་དུ་རློམ་པའི་མི་སྣ་རེ་ཟུང་ཡང་ཁུ་ཚུར་གནམ་ལ་འཕྱུར་ཏེ་མངོན་གསལ་གྱིས་རྒྱུག་གིན་འདུག་པ་དེ་རེད། འདི་ནི་དྲིན་ཆེན་ལ་དྲིན་ལོག་ཟེར་བ་དེ་རེད་ལ། གནས་དུས་ཚོད་རྩིས་ཞེས་པ་དེ་རེད། ལས་རྒྱུ་འབྲས་ཁས་མི་ལེན་རུང་། འཇིག་རྟེན་མིའི་ལུགས་ཀྱི་མི་གཤིས་ཤིག་ཡོད་ན་ཅིས་མ་ཆོག་ཨང་།
རྒན་ལྷ་བཟང་ལགས་ཀྱི་གནས་དོན་ལ་རགས་ལྟ་ཞིག་བྱས་ན། བཤད་ན་ལྷ་བཞེངས། ལས་ན་སྣབས་ལུག་ཅེས་པའི་དཔེ་ལྟར། ཁོང་གིས་གསུངས་བཞག་པ་མང་བོ་མང་བོ་ཞིག་ཡོད་མོད། སྒྲུབ་བཞག་པ་སྔོན་ཆད་སྔོན་ཆད་ཅིག་ལ་ཅིག་ཡོད་ན་མ་གཏོགས་ཉེ་བའི་ལོ་ཟླ་འདི་དག་གི་རིང་ལ་ཉིན་མོའི་སྐར་མ་བཞིན་ཆགས་ཡོད། ཁོང་གིས་དུས་རྒྱུན། ཁོང་ལ་གྲ་སྒྲིག་ཨང་གསར་ཡོད། རྒྱུག་ཆོག་ཆོག་ཡིན་ཞེས་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་ཡོད་མོད། ལོ་སྔ་ཕྱི་འདི་དག་གི་རིང་ལ་བོད་ཀྱི་གནད་དོན་ཛ་དྲག་ཅི་འདྲ་ཆེ་ན་ཡང་། ཁོང་གིས་སྒྲུབ་འཇོག་རྒྱུ་དང་རྒྱུག་འཇོག་རྒྱུ་ཅི་ཡང་མི་འདུག་པས། ཁོང་གི་ཚར་རྒྱུ་མེད་པའི་གྲ་སྒྲིག་ཨང་གསར་དང་རྒྱུག་ཆོག་ཆོག་དེ་ལ་དོགས་པ་ཞིག་ངང་གིས་ཤར་ཡོང་བ་ཞིག་རེད། ཁོང་གིས་གཞུང་དང་དབུ་ཁྲིད་ཀྱིས་མ་འགྲིག་རབས་དང་མི་སྒྲུབ་ལུགས་བཤད་བཞིན་འདུག་མོད། རང་ཉིད་ཀྱི་ཤེས་པ་དང་ཁ་མིག་གཞུང་དང་དབུ་ཁྲིད་ཀྱི་མཇུག་ལ་སྦྱར་བཞག་པ་ཅང་མིན་པས། ནམ་ཡིན་རུང་རང་ཉིད་ཀྱིས་རང་ཉིད་བཀོལ་ཆོག་ཆོག་ཡིན་ལ། གཞན་ཞིག་གིས་ཅི་ཞིག་མ་བྱས་རབས་བཤད་ནས་འདུག་པ་ལས་རང་ཉིད་ཀྱིས་ཅི་ཞིག་བྱས་བཞག་ན་དེ་མི་བཟང་ངམ། ང་ཚོའི་ཆབ་སྲིད་པ་མང་བོ་ཞིག་ལ་མི་གཞན་བཀོལ་བ་ལས། རང་ཉིད་མི་འགུལ་བའི་གཤིས་ཀ་མཐུ་མོ་ཞིག་ཡོད་པས། རྒན་ལྷ་བཟང་ལགས་ཀྱིས་ཀྱང་ཁོང་ཚོ་ལྟར་མི་སྒེར་དང་ཚོགས་པ་སྒེར་གྱིས་ཅི་ཞིག་སྒྲུབ་རུང་ཕན་ཐོགས་ཡོད་པ་མ་རེད་ཅེས་བཤད་དེ། བསྐུང་ནས་འདུག་ས་ཞིག་བཟོས་འདུག་གོ།
གཞན་རྒན་ལགས་ཀྱི་འཐོམ་དུ་འཇུག་པའི་དོན་དག་འགའ་ཞིག་དོགས་འདྲིའི་ཚུལ་དུ་མི་མང་ལ་གསལ་སྟོན་ཞིག་ཞུས་ན། རྒན་ལགས་ཀྱིས། མི་སྒེར་བ་སོགས་ཀྱིས་ཅི་ཞིག་བྱས་རུང་བྱས་མ་བྱས་ཡོད་པ་མ་རེད་ཅེས་གསུངས་ལ། ཡང་དེའི་མཇུག་ཐོགས་དེར། གྲྭ་བཙུན་རང་ལུས་མེར་བསྲེགས་གཏོང་མཁན་ཚོས་རྩ་དོན་ལ་ནུས་པ་ཆེན་པོ་ཡོད་རབས་གསུངས། ཡང་ཁོང་གིས་ད་ལྟ་ང་ཚོར་དུས་ཚོད་དང་སྒུག་ལོང་མེད་ཅེས་གསུངས་པ་དང་། ཡང་དེ་མ་ཐག་ལོ་ངོ་བརྒྱ་ཕྲག་ཡིན་རུང་སྒུག་དགོས་གསུངས། མཚམས་རེར་ཁོང་གིས་རང་རེའི་གཞུང་གི་ལམ་ཁ་དང་འཆར་གཞི་ནོར་བ་རེད་གསུངས་ལ། ཡང་ཇི་ལྟར་ནོར་ལུགས་དང་དེའི་ཚབ་ཏུ་འདི་འདྲ་ཞིག་བྱེད་དགོས་ཞེས་པའི་གནས་ལུགས་ཅི་ཡང་གསུངས་རྒྱུ་མི་འདུག སྐབས་རེར་ཁོང་གིས། གཞུང་གིས་ལས་འགུལ་ཞིག་སྤེལ་ཚེ་ཁོང་རྒྱུག་ཆོག་ཆོག་ཡིན་གསུངས་མོད། གཞུང་གིས་ལས་འགུལ་ཞིག་སྤེལ་ཡོང་ཚེ། ཁོང་གིས་དེ་མ་ཐག འདོད་མོས་མེད་པས་ཞུགས་རྒྱུ་མིན་གསུངས།
ཁོང་གིས་འུར་སྐད་ཆེན་པོས། ཚང་མས་མཉམ་དུ་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་བྱེད་གསུངས་ལ། བོད་གཞུང་དམངས་ཀྱིས་གདུང་སེམས་མཉམ་སྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་འགུལ་སྐྱོད་གནང་སྐབས། ཁོང་གིས་ལྟད་མོར་བལྟས་ནས་བཞུགས་ཡོད། ཡང་ཁོང་གིས་ཁ་ནམ་གྲགས་ལ། རང་ཉིད་ལ་སྤྱི་དོན་མ་གཏོགས་སྒེར་དོན་བསམ་རྒྱུ་མེད་ཚུལ་འུར་བསྒྲགས་བྱེད་ལ། གསུང་གིན་གསུང་གིན་རང་ཉིད་ཀྱི་ཁེ་གྲགས་བརྩད་ཡོང་གི་འདུག ཡང་མཚམས་རེར་ཁོང་གིས་༸རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་ལས་སྣེ་ནས་དགོངས་པ་ཞུ་དགོས་གསུངས་ལ། ཡང་སྐབས་རེར་༸རྒྱལ་བ་རིན་པོ་ཆེ་ཆབ་སྲིད་ཀྱི་ལས་སྣེ་ནས་བུད་པ་ནི་མ་འོས་པ་ཞིག་ཡིན་རབས་བཤད། ང་ངོ་མ་ཡ་མཚར་སོང་། ཁོང་གིས་རྒས་གཤིས་འདྲ་བསྟན་པ་ཨེ་ཡིན། ཅི་ཞིག་བྱུང་སོང་བ་འདྲ་མ་ཡིན་ནམ། དོན་ངོ་མར་ཅི་ཞིག་གསུངས་འདོད་པ་རེད། ༸གོང་ས་མཆོག་ལ་གནམ་སར་མི་གཤོང་བའི་ནག་ཉེས་ཞིག་འགེལ་འདོད་པ་ཨེ་རེད།
དབུ་མའི་ལམ་གྱི་དགོངས་དོན་ལྟར་གྱི་རང་སྐྱོང་ཐོབ་ན་རང་དབང་རང་བདག་གི་ཐོབ་ཐང་ཡོད་པ་རེད། དེ་བས་དེ་ལས་སླ་བོར་སྤྲོད་ཀྱིན་མེད་པ་རེད། གལ་ཏེ་འགའ་ཞིག་གི་བསམ་ཚུལ་ལྟར་དབུ་མའི་ལམ་ཟེར་བ་དེ་བོད་མི་རིགས་ལ་ཕན་ཐོགས་ཅང་མེད་པ་ཞིག་ཡིན་ན་རྒྱ་གཞུང་གིས་ལམ་སང་མི་སྤྲོད་པར་ད་དུང་དེ་ཉིད་ཕྱེད་རང་བཙན་དང་མི་མངོན་པའི་རང་བཙན་རེད་ཅེས་འཇིགས་ཤིང་འཁུམས་དགོས་དོན་ཅི།
རྒྱ་གཞུང་གིས་དབུ་མའི་ལམ་གྱི་དགོས་འདུན་དེ་ཅིའི་ཕྱིར་སྤྲོད་དཀའ་བར་ཐུག་པ་ལ་ཁྱེད་ཅག་གིས་ལག་པ་བྲང་ཁར་སྦྱོར་ནས་བསམ་བློ་རེ་གཏོང་རོགས།
བཀུར་འོས་རྒན་ལྷ་མོ་སྐྱབས་ལགས། བོད་ལ་རང་སྐྱོང་རག་ན་བོད་རྒྱལ་ཁབ་ཀྱི་བདག་དབང་བོད་མི་རིགས་ལ་ཡོད་དམ། མ་མཐའ་བོད་རྒྱལ་ཁབ་ཅེས་པའི་ཚིག་འདི་བེད་སྤྱོད་གཏོང་ས་ཞིག་ཀྱང་ཡོད་དམ། ཡོད་པ་མ་རེད། ངས་རྒྱབ་སྐྱོར་བྱེད་མི་ཐུབ་པའི་རྒྱུ་མཚན་ཀྱང་འདི་ཡིན།
དེང་སང་རྒྱལ་ཁབ་ཅེས་པ་དེ་ཡིན་གཅིག་མིན་གཅིག་ལོགས་སུ་རང་བཙན་ལ་གནས་དགོས་པ་ཞིག་ཡིན་མི་དགོས། རྒྱལ་ཁབ་ཅེས་པ་དེའི་དགོས་དོན་མི་རིགས་དེ་ཉིད་རང་སྐྱོང་གིས་བདེ་སྐྱིད་ངང་འཚོ་རྒྱུ་དེ་ཡིན་ན། དབུ་མའི་ལམ་གྱིས་དགོས་འདུན་འདི་སྒྲུབ་རྒྱུར་བརྩོན་གྱིན་ཡོད།
དེ་སྔོན་རྡོ་སྦས་དགེ་བཤེས་ཚང་གིས་༸གོང་ས་བཅུ་གསུམ་པའི་བཀའ་དགོངས་ལྟར་ཕྱག་ལས་རྒྱ་ཆེར་གནང་མྱོང་། དེང་སང་བསྟན་འཛིན་ཤེས་རབ་ལགས་ཀྱིས་༸གོང་ས་བཅུ་བཞི་བ་མཆོག་གི་དགོངས་དོན་འགྲུབ་རྒྱུར་ཐུགས་བརྩོན་ལྷོད་མེད་གནང་བཞིན་པར་དད་མོས་བྱུང། བསམ་བཞིན་དུ་ཕྱོགས་འགལ་བྱེད་བཞིན་པ་དག་ལ་བཅོས་སུ་མེད་ཀྱང་མ་རྟོགས་དང་ལོག་རྟོག་པ་འགའ་རེར་ཕན་ཐོགས་རེ་ཐུབ་པས་སྐུ་ཉིད་ཀྱིས་མུ་མཐུད་དུ་བགྲོ་གླེང་འདི་རིགས་ལ་ཞུགས་རྒྱུའི་རེ་བ་ཡོད།
བསྟན་འཛིན་ཤེས་རབ། ༼ང་ཚོར་བོད་རྒྱལ་ཁབ་དགོས་པས་ད་གཟོད་དབུ་མའི་ལམ་གྱི་ལམ་ཁ་འདེད་ཀྱིན་པ་རེད། ༽ ང་ཚོར་ཟེར་ཚོད་ལ་བལྟས་ན་ཕལ་ཆེར་ཚོགས་ཁག་ཞིག་ཡོད་ཚོད་རེད། རྒྱ་གཞུང་གིས་སྐུ་ཚབ་ཚོ་ལ་ཁྱོད་ཚོས་ཁ་ནས་རང་སྐྱོང་ཟེར་བཞིན་དོན་ལ་རང་བཙན་རྩོད་ཀྱིན་འདུག་ཅེས་སྐྱོན་བརྗོད་བྱས་པ་དེ་ཁྱོད་ཚོས་ཁས་ལེན་རྒྱུ་ཡིན་ནམ། དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་བོད་མིའི་སྒྲིག་འཛུགས་དང་གོང་ས་མཆོག་གིས་ད་དུང་ཞལ་བཞེས་གནང་གི་མི་འདུག་དཱ།
བློ་མིག་དོགས་དྲགས་མ་འདུག དབུ་མའི་ལམ་གྱི་རྗེས་འཇུག་དང་རང་བཙན་ལ་ཡང་རྒྱབ་སྐྱོར་བྱས་ན་ཁ་ཕྱོགས་མེད་མཁན་ཞིག་ཏུ་བསམ་མཁན་ཁྱེད་མ་གཏོགས་མཐོང་མ་མྱོང་།
ད་བལྟས་ཡོང་ན་ཁྱེད་ཚོས་བར་སྣང་སྟོང་བ་ལ་ལག་གཡུགས་དང་། རྩོད་པའི་ཆེད་དུ་རྩོད་པ་བྱེད་བཞིན་འདུག་པས། ད་ནས་བཟུང་ངས་འདི་ལྟར་དུས་ཚོད་སྟོང་ཟད་དུ་གཏོང་འདོད་མི་འདུག དགོངས་འཇགས་འཚལ།
རྒྱང་མིག་ལགས། ངས་ཁྱོད་ལ་ཁ་སང་ནས་ལན་བཏབ་ཚར། མཆན་གོང་མ་དེར་ལྟོས། ང་ཚོར་བོད་རྒྱལ་ཁབ་དགོས་པས་ད་གཟོད་དབུ་མའི་ལམ་གྱི་ལམ་ཁ་འདེད་ཀྱིན་པ་རེད། ༼ གཞན་དག་གིས་བཤད་ན། བོད་དུ་ལོག་འདོད་མེད་ཅིང་བོད་ཀྱི་རྒྱལ་ཁབ་མི་དགོས་པས་ན་ད་གཟོད་རང་བཙན་བཤད་པ་རེད་ཟེར་མཁན་འདུག ༽ངས་དེ་ལྟར་མི་འདོད་མོད་ད་ལྟའི་ཁྱེད་ཅག་གི་བཤད་སྟངས་ལ་བལྟས་ཚེ་སྐད་ཆ་དེ་ལ་ཡང་བདེན་ཤད་ཅུང་ཟད་ལོས་ཡོད་འདོད་པ་ཞིག་རེད།
༼ གཞི་མེད་སྐུར་འདེབས་ཀྱི་སྡིགས་དམོད་དང་དཀྲུག་ཤིང་༽སྐད་ཆ་འདི་ཚོ་ཁྱེད་ཚོ་ལ་ཟེར་གྱི་ཡོད། ཁྱེད་ཚོས་ཁ་ཞིག་གྲགས་པ་ནས་༸རྒྱལ་བ་རིན་པོ་ཆེས་བོད་རྒྱལ་ཁབ་བཙོང་བཞག་པ་རེད། ༸རྒྱལ་བ་ཡིན་པོ་ཆེས་བོད་རྒྱ་ནག་གུང་ཁྲན་ལ་རྩིས་སྤྲད་པ་རེད། ༸རྒྱལ་བ་རིན་པོ་ཆེར་བོད་མིའི་འདུ་ཤེས་དང་ལ་རྒྱ་ཡོད་པ་མ་རེད་ཟེར་གྱི་འདུག་ག དེ་གཞི་མེད་སྐུར་འདེབས་མིན་ན་ཅི་ཞིག་རེད། དེ་ནས་དབུ་མའི་ལམ་ལ་འཇུག་མཁན་ཚོས་རང་བཙན་རྩོད་མཁན་ཚོར་ཅིག་ཅིག་ཅིག་བྱས་བྱུང་། ཉིག་ཉིག་ཉིག་བྱས་བྱུང་། དབུ་མའི་ལམ་པ་བ་ཚོས་བོད་རྒྱ་ནག་ལ་རྩིས་སྤྲོད་བྱེད་ཀྱི་ཡིན་ཟེར་གྱི་ཡོད། དབུ་མའི་ལམ་ནི་བོད་རྒྱ་ནག་ལ་སྤྲོད་པའི་ཐབས་ལམ་རེད། དབུ་མའི་ལམ་པ་བ་ཚོ་རང་བཙན་པ་ཚོའི་ཁ་བཏད་རེད་སོགས་ཟེར་གྱི་འདུག་ག འདི་དཀྲུག་ཤིང་མིན་ན་ཅི་རེད།
བསྟན་ཤེར། ཁ་ཕྱོགས་མེད་མཁན་ཁྱོད། དབུ་མའི་ལམ་ལ་རྒྱབ་སྐྱོར་དང་རང་བཙན་གཙང་མ་ཡི་རང་བྱས་ནས་འཐབ་རྩོད་ཇི་ལྟར་བྱེད་རྩིས་ཡོད། སྐྱིད་ཉལ་བྱས་ནས་སྡོད་རྩིས་ཡིན་ནམ།
བསྟན་འཛིན་ཤེས་རབ། ཁྱོད་ཀྱིས་བོད་རྒྱལ་ཁབ་བློས་གཏོང་རྒྱུ་ཡིན་ནམ། འདི་དྲི་ལན་མ་རག་བར་དུ་ཁྱོད་ལ་འདྲི་ངེས་ཡིན།
ད་དུང་༼་གཞི་མེད་སྐུར་འདེབས་ཀྱི་སྡིགས་དམོད་དང་དཀྲུག་ཤིང་༽ཚིག་འདི་ཚོ་སུ་ལ་ཟེར་གྱི་ཡོད་རེ་རེ་ནས་གསལ་བཤད་ཡོད་དམ་མེད་ན་སྐྱག་རྫུན་མ་བཤད་རང་སྐྱོན་གཡག་འདྲ་བ་དེ་མི་ཤེས་པར་གཞན་སྐྱོན་འབུ་འདྲ་བ་ཞིག་ཨེ་རག་་བཙལ་བསྡད་ན་ངོ་ཚ་རེད།
རྒྱང་མིག་ལགས། རྒན་ལྷ་མོ་སྐྱབས་ལགས་ཀྱིས་གསུངས་པ་དེ་ག་རང་རེད། གཞན་ད་དུང་ཁྱེད་ཀྱིས་དབུ་མའི་ལམ་ནི་བོད་རྒྱལ་ཁབ་རྩིས་སྤྲོད་ཀྱི་ཐབས་ལམ་རེད་ཅེས་པ་ནི་ངས་ཁྱེད་ལ་བཤད་པའི་མིག་གིས་བལྟས་བལྟས་ལ་རྫུན་མ་བཤད་ཅེས་པའི་དོན་རེད། འདི་ནི་གཅིག་ཤེས་ཀུན་གྲོལ་གྱི་ལན་ཡིན།
ང་ཚོས་བོད་རང་བཙན་རྩོད་པར་འགྲིག་གི་མི་འདུག་ཅེས་ནམ་ཡང་བཤད་མེད། རང་བཙན་ཁ་ལ་འཁྱེར་ཏེ་གོང་འོག་ལ་གཞི་མེད་སྐུར་འདེབས་ཀྱི་སྡིགས་དམོད་དང་དཀྲུག་ཤིང་མ་རྒྱག་ཟེར་གྱི་ཡོད། ད་རྣ་ཞིག་ཡོད་ན་ཕལ་ཆེར་གོ་ཚོད་ཡིན།
གཞན་ཁྱེད་ཚོས་རང་བཙན་གྱི་འཐབ་རྩོད་ཅི་ཙམ་བྱེད་ཐུབ་ན་ཡང་ཡི་རང་ཞུ་བཞིན་ཡོད། ལག་ལེན་དངོས་ཤིག་བྱེད་ཐུབ་པའི་རེ་བ་ཡོད།
ངའི་དྲི་ལན་དེ་མ་རེད། དབུ་མའི་ལམ་གྱིས་འདོད་པ་མི་ཁེངས་པ་ཁག་མེད། མ་གཞི་ནས་འདོད་པ་ཁེངས་པ་ཞིག་ང་ཚོར་ཡོང་ས་དང་སྒྲུབ་སྟངས་མེད་པ་ཞིག་ཆགས་པ་རེད། ངའི་སེམས་ལ་བོད་མི་རིགས་འདི་མ་ཤི་བར་འདི་ལྟར་འཕག་འཚག་རྒྱག་ཐུབ་པ་བྱུང་བ་འདི་ཡིད་བཞིན་ནོར་བུས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་བཀའ་དྲིན་རེད་བསམ་གྱིན་ཡོད། ང་ཚོར་འདོད་པ་ཡོངས་སུ་ཁེངས་པ་ཞིག་འབྱུང་དཀའ་ན་ཡང་རེ་བ་མེད་པ་ཞིག་མ་རེད། རྒྱུ་མཚན་ང་ཚོའི་ཕྱོགས་ཀྱི་མཐུན་རྐྱེན་ཇེ་འཛོམས་དང་ཕར་ཕྱོགས་ཀྱི་འགལ་རྐྱེན་ཇེ་མང་ལ་འགྲོ་བཞིན་པ་ལོ་རེ་བཞིན་དུ་ཚོར་ཐུབ་ཀྱིན་འདུག
རྒན་ལྷ་མོ་སྐྱབས་ལགས། ངས་དེ་ལྟར་འདོད་ཀྱི་མེད། དབུ་མའི་ལམ་གྱིས་དེ་སྔ་མ་འགྲིག་པ་ཞིག་བྱས་སོང་བསམ་ཀི་མེད་ཡིན་ནའང་མ་འོངས་པའི་རེ་བ་དེ་ཙམ་ཞིག་ཆུང་སོང་བསམ་ཀི་ཡོད། ང་ལ་མཚོན་ན་ཡིད་མི་ཚིམས་ཀི དེའི་ཕྱིར་ངས་རེ་བ་ཡག་ས་ཞིག་ལ་རྒྱག་ན་འདོད། ད་དུང་དབུ་མའི་ལམ་ཉམ་ཆུང་དྲགས་འདུག་བསམ་གྱི་ཡོད། གལ་སྲིད་ང་རྒྱ་གཞུང་ཡིན་པའི་དབང་དུ་བཏང་ན་ཡང་མུ་མཐུད་དུ་དུས་ཚོད་ཕྱིར་འགྱངས་བྱས་ནས་སྡོད་ས་རེད།
བདེན་གི དབུ་མའི་ལམ་ལ་རྒྱབ་སྐྱོར་མ་བྱས་པ་ཙམ་གྱིས་ཡིད་བཞིན་ནོར་བུར་མ་དད་པ་དང་བཀའ་དྲིན་བསམ་ཤེས་མ་བྱས་པ་ཞིག་མིན་ན་ཡང། དབུ་མའི་ལམ་ལ་སྐྱོན་བརྗོད་དང་ད་བར་མ་འགྲིགས་མ་བཟང་བ་ཞིག་བྱུང་བ་ཚང་མ་དབུ་མའི་ལམ་ལ་བརྟེན་ནས་བྱུང་ཚུལ་གྱི་ཉེས་པ་བཀལ་དང་འགེལ་བཞིན་པ་འདི་དག་ལ་ཁྱོད་ཀྱིས་གསལ་བཤད་ཅི་ཞིག་བྱེད་རྒྱུ།
བསྟན་འཛིན་ཤེས་རབ་ལགས དབུ་མའི་ལམ་ལ་རྒྱ་སྐྱོར་བྱེད་མིན་དེ་གོང་ས་མཆོག་གི་བཀའ་དྲིན་བསམ་ཤེས་བྱེད་མིན་ལ་འབྲེལ་བ་མེད། དེ་གཙོ་བོ་བོད་རྒྱ་ཆེའི་མི་མང་གི་ཕུགས་ཀྱི་རེ་འདུན་ངོ་མ་དེ་གང་ཡིན་ལ་རག་ལས་པ་ཡིན། གོང་ས་མཆོག་གིས་ཀྱང་ཡང་ཡང་དེ་ལྟར་གསུངས་ཀི་ཡོད་པ་གོ་མ་མྱོང་ངམ། དད་ཞེན་པ་ཚོ་ལ་གནས་ལུགས་བཤད་ས་མེད་པ་ཤེས་ཀྱི་ཡོད་ཡིན་ནའང་རང་གི་དགའ་ཕྱོགས་བཤད་ཆོག་པའི་ཐོབ་ཐང་ལ་བརྩི་བཀུར་བྱས་པ་ཡིན། སྐྱར་དུ་ཁྱེད་ལ་བོད་རྒྱལ་ཁབ་དགོས་སམ་མི་དགོས། དྲི་བ་འདི་ལ་ལན་མེད་པ་ཡིན་ནམ་ལན་འདེབས་མི་ཕོད་ཡིན།
རྒྱང་མིག་ལགས། ད་ང་རང་ངོ་མ་ཐང་ཆད་ཀྱི་འདུག ཁྱེད་ཚོས་རང་གདོང་ངོ་མ་སྟོན་མ་ཐུབ་རུང་མ་ཐུབ། མི་སྐད་ངོ་མ་རེ་རྒྱག་ཨེ་ཐུབ་སྙམ་ཡོད། དེ་ཡང་མ་ཐུབ་རུང་མི་སྐྱོན། འོན་ཀྱང་མི་སྐད་རེ་གོ་ཨེ་ཐུབ་ལ་རེ་བ་ཆེན་པོ་བཅངས་པ་ཡིན། ད་ནི་རེ་བ་རྦད་དེ་ཟད་སོང་། ཡིད་ཆད་སོང་།
རང་བཙན་རྩོད་ན་དེའི་ཐབས་ལམ་ཤོད། གདེངས་ཚོད་ཅི་ཡོད་ཤོད། རྒྱལ་སྤྱིའི་སྒང་གི་དོ་སྣང་ཤོད། གཞན་དག་གི་སྣང་བར་མཐུན་མིན་ཤོད། དུས་ཡུན་གྱིས་གཅོག་མིན་ཤོད། མཇུག་འབྲས་ཤོད།
གཞན་༸གོང་ས་མཆོག་དང་བོད་གཞུང་གིས་ཅིག་མ་འགྲིག་རབས་དང་འཐུས་ཤོར་བཏང་རབས་བཤད་བསྡད་ན་དགོས་པ་ཅི་ཡང་མེད། ད་བར་བོད་འདི་ས་སྒང་རིལ་བོའི་སྟེང་ན་ལུས་བསྡད་ཡོད་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། ད་ལྟ་རང་རེའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་རྒྱུན་མཐུད་བཞིན་འགྲོ་བ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། ད་ལྟ་རང་ཅག་རྣམས་གཞན་གྱི་ས་ཐོག་ན་ཟ་ཆོག་ཆོག་དང་འདུག་ཆོག་ཆོག་ཡོད་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། གཞན་གྱི་མགོ་བོ་མི་འཁྱོག་ས་ན་རང་ཅག་གི་མགོ་བོ་གནམ་ལ་གཏེགས་བཞིན་འགྲོ་ཐུབ་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། ཁ་གཏད་ཀྱི་སྟོབས་ཤུགས་ཅི་འདྲ་ཆེ་ཞིང་ཉེན་འཕྲང་ཅི་འདྲ་ཆེ་ན་ཡང་རང་ཅག་གི་མེ་སོན་ད་དུང་མ་ཉམས་པར་ལམ་ལམ་འབར་བཞིན་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། གཞན་གྱི་ས་ཐོག་ནས་རང་གི་སྲིད་གཞུང་བཙུགས་ཤིང་རང་རེའི་སྐྱིད་སྡུག་ཞུ་ཆོག་ཆོག་ཡོད་པ་འདི་༸གོང་ས་མཆོག་གི་བཀའ་དྲིན་རེད། མདོར་བསྡུས་ན་འདི་དག་ཚང་མ་༸གོང་ས་མཆོག་གི་བྱས་རྗེས་རེད། ༸གོང་ས་མཆོག་གིས་རང་གི་རྔུལ་ཁྲག་གིས་བསྒྲུབས་པའི་གྲུབ་འབྲས་རེད། ༸གོང་ས་མཆོག་གིས་ཟས་བརྗེད་གཉིད་བཅགས་ཀྱིས་མཛད་པའི་བོད་དོན་རེད། ༸གོང་ས་མཆོག་གིས་བྱིས་པ་དམར་རྗེས་གཉོར་གཉོར་གནང་བའི་བོད་ཀྱི་ངོ་གདོང་རེད།
བོད་རྒྱལ་ཁབ་རྒྱ་ནག་ལ་རྩིས་སྤྲོད་བྱེད་པར་ཐབས་ལམ་ག་ཚོད་ཡོད་ཀྱང་དེར་ཧང་སང་དགོས་དོན་གང་ཡང་མེད། བོད་རྒྱལ་ཁབ་ཀྱི་བདག་དབང་རྩོད་ལེན་བྱེད་པར་ཐབས་ལམ་སྣ་གཅིག་ལས་མེད་ནའང་དེ་ནི་ང་ཚོ་བསོན་ཐུབ་པའི་སྲོག་དབུགས་ཉག་ཅིག་ཡིན། བསྟན་འཛིན་ཤེས་རབ་ལགས་ཁྱེད་ལ་བོད་རྒྱལ་ཁབ་དགོས་སམ་མི་དགོས་ལན་གནང་རོགས།
སྐུ་ཞབས་ལྷ་མོ་སྐྱབས་ལགས། རྒྱལ་ཁབ་དང་མི་རིགས་འདྲ་མིན་ཡོད་ཀྱང་བོད་ལ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་མ་གཏོགས་མེད་དེ་ཉམས་སོང་ན་ཁྱོད་དང་ང་སྟེ་འུ་ཚོ་ཚང་མ་ཚར་སོང་བ་མ་རེད་དམ།
བོད་རྒྱལ་ཁབ་རྒྱ་ནག་ལ་རྩིས་སྤྲོད་བྱེད་པར་ཐབས་ལམ་ག་ཚོད་ཡོད་ཀྱང་དེར་ཧང་སང་དགོས་དོན་གང་ཡང་མེད། བོད་རྒྱལ་ཁབ་ཀྱི་བདག་དབང་རྩོད་ལེན་བྱེད་པར་ཐབས་ལམ་སྣ་གཅིག་ལས་མེད་ནའང་དེ་ནི་ང་ཚོ་བསོན་ཐུབ་པའི་སྲོག་དབུགས་ཉག་ཅིག་ཡིན། བསྟན་འཛིན་ཤེས་རབ་ལགས་ཁྱེད་ལ་བོད་རྒྱལ་ཁབ་དགོས་སམ་མི་དགོས་ལན་གནང་རོགས།