བཀའ་བློན་ཁྲི་བས་ཧྥ་རན་སིའི་འབྲེལ་ཡོད་མི་སྣ་ཁག་ཅིག་མཇལ་འཕྲད་གནང་རྗེས་ཡུལ་དེར་གནས་སྡོད་བོད་མི་ཚོ་ལ་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་ལ། ཁོང་གིས་རྒྱ་གར་ནང་གི་བོད་མའི་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་མ་འོངས་གནས་སྟངས་ད་ལྟ་གསལ་བོ་བཟོས་ཟིན་ཚུལ་གསུངས་ཡོད།
ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་གུང་ཆུ་ཚོད་ ༡༢ ཐོག་བཀའ་བློན་ཁྲི་བ་བློ་བཟང་སེང་གེ་མཆོག་གིས་ཧྥ་རན་སིར་གནས་སྡོད་བོད་མི་བཞི་བརྒྱ་ལྷག་ལ་མཇལ་འཕྲད་གནང་སྟེ། ཐེངས་དང་པོར་ཧྥ་རན་སིའི་བོད་རིགས་མི་མང་ལ་སྐབས་བཅུ་བཞི་བའི་ཁོང་གི་བཀའ་ཤག་ངོ་སྤྲོད་གསུང་བཤད་གནང་རྒྱུའི་ཐོག་མར། དེ་རིང་ངས་བཀའ་བློན་ཁྲི་བའི་དམ་འབུལ་བྱས་ནས་ཉིན་བརྒྱ་དང་ལྔ། ཐེངས་འདིའི་ཡུ་རོབ་རྒྱལ་ཁབ་བདུན་ནང་སྐོར་བསྐྱོད་བྱེད་བཞིན་པའི་ནང་ནས་ཧྥ་རན་སི་རྒྱལ་ཁབ་ཨང་ལྔ་བ་ཆགས་ཡོད་པ་རེད། ལྔ་གཉིས་བསྡོམས་ན་གྲངས་ཀ་བཅུ་ཆགས་ཀྱི་ཡོད་དུས་བཟང་བོ་ཞིག་ལ་བརྩིས་ན་འགྲིག་གི་མེད་པ་འདྲ་ཞེས་རྩེད་མཚར་དང་བཅས་ངོ་སྤྲོད་གནང་མགོ་ཚུགས་སོང་།
ཁོང་གིས ‘‘ད་ལོ་ཕྱི་ཟླ་ ༨ ཚེས་༨ ཉིན་ངས་བཀའ་བློན་ཁྲི་པའི་དམ་འབུལ་བྱེད་སྐབས། ༧གོང་ས་མཆོག་གིས་དེ་རིང་ངས་སྲིད་སྐྱོང་སྟག་བྲག་རིན་པོ་ཆེས་ང་ལ་གནང་བའི་ཆབ་སྲིད་འགན་དབང་དེ་བློ་བཟང་སེང་གེ་ལགས་ལ་བརྒྱུད་སྤྲོད་གནང་གི་ཡོད་ཅེས་གསུངས་སོང་། འདིས་ག་རེ་མཚོན་གི་ཡོད་པ་རེད་ཅེས་ན། ཕྱི་ལོ་ ༡༦༤༢ ལོ་ནས་མགོ་བཙུགས་ཡོད་པའི་བོད་ཀྱི་སྲིད་སྐྱོང་ལོ་རྒྱུས་དེ་མུ་མཐུད་ནས་གནས་ཀྱི་ཡོད་པ་དང་། ཁོང་གི་ཆབ་སྲིད་སྐུ་དབང་དང་། ཁྲིམས་མཐུན་བདག་དབང་དེ་ཡང་མུ་མཐུད་གནས་ཀྱི་ཡོད་པ་མཚོན་གི་ཡོད། མ་ཟད་ཉིན་མོ་དེ་ལ་རྒྱལ་དབང་སྐུ་ཕྲེང་བདུན་པའི་སྐབས་ཀྱི་༼བཀའ་ཐམ་བདེ་སྐྱིད་མ་ ༽བོད་རང་ནས་གདན་འདྲེན་ཞུས་པ་དེ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས་ང་ལ་གནང་ཡོད་པ་རེད། དེས་ཀྱང་བོད་ཀྱི་སྲིད་སྐྱོང་ལོ་རྒྱུས་དང་ཆབ་སྲིད་སྐུ་དབང་། ཁྲིམས་མཐུན་བདག་དབང་སོགས་མུ་མཐུད་ནས་ངྷ་རམ་ས་ལར་ཡོད་པའི་བོད་མིའི་སྒྲིག་འཛུགས་ནང་གནས་ཀྱི་ཡོད་པ་མཚོན་གྱི་ཡོད། འདི་གལ་ཆེན་པོ་ཞེ་དྲག་རེད། ཁ་ཤས་ཀྱིས་བཤད་པ་ལྟར་ལེའུ་གཅིག་སྒོ་བརྒྱབ་ནས་ལེའུ་གསར་པ་ཞིག་སྒོ་ཕྱེས་པ་དེ་འདྲ་གང་ཡང་མ་རེད།’’ ཅེས་གསུངས་ཏེ། ངྷ་རམ་ས་ལར་མི་ཁ་ཤས་ཀྱིས། གཞུང་མ་རེད་སྒྲིག་འཛུགས་རེད། སྒྲིག་འཛུགས་མ་རེད་ཚོགས་པ་རེད། སོགས་བཤད་ཀྱི་ཡོད་ནའང་། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་དང་། རྩོམ་ཡིག་སྤེལ་སྐབས་ང་ལ་བཙན་བྱོལ་བོད་གཞུང་གི་སྲིད་བློན་( Prime ministre, Tibetan goverment in exile ) ཞེས་ངོ་སྤྲོད་གནང་གི་ཡོད་པ་དང་། ཉེ་ཆར་ཨ་རིའི་གྲོས་ཚོགས་སུ་ཉན་ཞིབ་དང་། རྒྱ་གར་དང་ཡུ་རོབ་གྲོས་ཚོགས་སོགས་སུ་བཅར་སྐབས་ཀྱང་དེ་ལྟར་ངོས་ལེན་ཐོག་ངོ་སྤྲོད་གནང་ཡོད་ཚུལ་གསུངས་སོང་།
ཁོང་གིས་མུ་མཐུད་དུ ‘‘གཞན་གལ་ཆེ་ཤོས་གཅིག་དེ། བོད་མིའི་སྒྲིག་འཛུགས་རྒྱ་གར་ནང་ཡོད་པ་རེད། བཙན་བྱོལ་བོད་མིའི་མི་འབོར་མང་ཤོས་ཡང་རྒྱ་གར་ནང་ཡོད་པ་རེད། རྒྱ་གར་ཡུལ་མིའི་བོད་པ་ཚོར་ལྟ་སྟངས་རེད། རྒྱ་གར་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་སྟངས་རེད། དེ་ཚོ་དེ་སྔ་གང་འདྲ་ཡོད་པ་མུ་མཐུད་ནས་གནས་ཀྱི་རེད། འདི་དེ་རིང་གསལ་བོ་བྱས་ནས་ཞུས་ན་ཡག་གི་རེད་བསམ་བྱུང་། ཉེ་ཆར་ངས་རྒྱ་གར་ནང་གནད་ཡོད་མི་སྣ་མང་པོ་ཞིག་དང་མཇལ་འཕྲད་བྱས་པ་ཡིན། མ་འོངས་པར་རྒྱ་གར་ནང་གི་བོད་པའི་གནས་སྟངས་ལ་འགྱུར་བ་གང་ཡང་འགྲོ་གི་མ་རེད། དེ་གསལ་བོ་བཟོས་ཟིན་པ་ཡིན། དེ་སྔ་དང་ད་བར་ནང་བཞིན་མུ་མཐུད་ནས་གནས་ཀྱི་རེད། ཁྱེད་རང་ཚོ་ཡིན་ནའང་དེ་སྐོར་ལ་བློ་བདེ་བོ་བྱས་ནས་བཞུགས་རོགས་གནང་ཞུ་རྒྱུ་ཡིན།’’ ཞེས་རྒྱ་གར་གྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་གྱིས་འབྱུང་འགྱུར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་ཆབ་སྲིད་གནས་སྟངས་དེ་སྔ་ལྟར་མུ་མཐུད་ནས་གནས་ཐུབ་རྒྱུ་གསལ་བོ་བཟོས་ཟིན་ཚུལ་གསུངས་སོང་།
དེ་བཞིན་ཁོང་གིས་བཀའ་ཤག་སྐབས་བཅུ་བཞི་པ་ཚུགས་ནས་ཉིན་བརྒྱ་ལྷག་ཕྱིན་ཡོད་ནའང་འཆར་ཅན་གྱི་ལས་གཞི་མང་པོ་ཞིག་ལག་བསྟར་བྱེད་རྒྱུ་ལྷག་ཡོད་ཚུལ་དང་། འབྱུང་འགྱུར་ཕྱི་ཟླ་བཅུ་གཉིས་པ་ནས་ལས་རིམ་བང་སྒྲིག་ནས་ལག་བསྟར་བྱ་འཆར་ཡོད་སྐོར་དང་། ཕྱི་ལོགས་ནས་ཡོད་མཁན་བོད་མི་ཚོར་དཔྱ་ཁྲལ་ལག་དེབ་སྐོར་ནས་དཀའ་ངལ་འཕྲད་བཞིན་རྣམས་བཀའ་ཤག་གིས་བསྐྱར་ཞིབ་བྱས་ཏེ། དངོས་ཡོད་དཀའ་ངལ་རིགས་སེལ་ཐབས་ལ་འབད་བརྩོན་གནང་རྒྱུ་ཡིན་ཚུལ་ཀྱང་གསུངས་ཡོད།
བཀའ་བློན་ཁྲི་བློ་བཟང་སེང་གེ་མཆོག་དེ་རིང་སྔ་དྲོ་ཕ་རི་སིར་ཕེབས་འབྱོར་བྱུང་ཡོད་པ་དང། ཧྥ་རན་སིའི་ཕྱི་སྲིད་ལས་ཁུངས་ཀྱི་གནད་ཡོད་མི་སྣ་དང་། གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའོ་ཚོགས་གཙོ། ཕ་རི་སིའི་གྲོང་ཁག་བཅུ་གཅིག་གི་སྤྱི་ཁྱབ་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འབྲེལ་ཡོད་མི་སྣ་དང་། སྲིད་དོན་ཉམས་ཞིབ་པ་ཁག་ཅིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། གྲོང་ཁག་བཅུ་གཅིག་པའི་ནང་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད།
སང་ཉིན་ནས་ཁོང་གིས་བྷེལ་ཇམ་ནང་འཚམ་འདྲིའི་གཟིགས་སྐོར་གནང་རྒྱུ་ཡིན་ཞིང་། འཆར་ཟླའི་ཕྱི་ཚེས་༢ ཉིན་ཐེངས་འདིའི་ཁོང་གི་ཡུ་རོབ་རྒྱལ་ཁབ་༧ ནང་གཟིགས་སྐོར་དེ་དབྱིན་ལན་ནས་མཇུག་སྒྲིལ་རྒྱུ་ཡིན་འདུག
ས་གནས་གསར་འགོད་པ། ཟླ་བ་ཚེ་རིང་།
རྒྱ་གར་ནང་གི་བོད་པ་ཚོ་ཕྱི་རྒྱལ་ལ་མ་ཐར་པར་སྡེད་ཡོད་པ་མ་རེད་པས།
ད་ལྟ་ཡི་དཀའ་ཁྲི་མཆོག་སློབ་དཔོན་ཟབ་གདོང་རིན་པོ་ཆེ་ནང་བཞིན་ལས་ཀ་ཆེ་ཕྲ་ཀུན་གྱི་ཐོག་དོ་སྣང་མེད་ཚུལ་འདུག
བོད་དམངས་གཙོའི་གཞུང་གི་་སྲིད་སྐྱོང་ཐོག་མ། བཀུར་འོས་བློ་བཟང་སེང་གེ་མཆོག་གིས། སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ཟླ་ཤས་ལས་མ་སོང་ཡང་། ཁོང་གིས་རླབས་ཆེན་གྱི་ཕྱག་ལས་ཁ་ཤས་གནང་དུས། ངས་ང་ཚོ་འབངས་རྣམས་ཀྱིས་རེ་བ་འཆང་ས་དེ་ནོར་མེད་བ་ཤེས་སོང་། ལུག་ཁྱུ་བདག་མེད་ལའང་བདག་པོ་བཟང་བོ་ཞིག་བྱུང་སྙམ། ལུག་ལ་གཟས་པའི་སྤྱང་ཀིའི་ཁ་གཏད་དང་གདོང་ལེན་བྱེད་པ་ལ་སྙིང་སྟོབས་དང་ཐབས་ཤེས་ལྡན་ཞིང་། སྤྱང་གྲུང་དང་ཤ་ཞེན་ཆེ་བའི་ལུག་བདག་གསར་པ་ཞིག་སླེབས་བྱུང་།
གངས་རིའི་འདབས་ཀྱི་གཡང་དཀར་ལུག་རྣམས་ཤི་གསོན་ཕྱེད་བགོས་བྱེད་དུས་འདིར། སྔར་གྱི་ལུག་རྫི་རྒན་པོ་དེ་འགྲེས་ཡོལ་ལ་ཕེབས་སོང་། རང་རེ་ཡིད་ཐང་ཆད་པའི་སྐབས་འདིར། དུས་རབས་ཀྱི་རླབས་ཕྲེང་དང་མཚུངས་པའི་སྣེ་ཁྲིད་ཁྱེད་ཀྱིས་ང་ཚོར་རེ་བ་གསར་པ་ཞིག་དང་། བློ་སྟོབས་གསར་པ་སྦྱིན་སོང་། ང་ཚོས་རེ་སྒུག་བྱེད་བཞིན་པའི་སྤྱང་ཀིའི་ཁ་ནས་ཐར་པའི་རེ་བའི་སེམས་ཤུགས་དེ་སླར་ཡང་རྒྱས་བཅུག་སོང་། འོན་ཀྱང་སྔར་གྱི་ལས་དབང་ལས་གྲུབ་པའི་ལུག་རྫི་རྒན་པོས་རང་རེ་ལ་རྐྱང་པའི་ཐུགས་བརྩེ་དེ་དོར་མེད་ལ་འདོར་ཡང་མི་སྲིད། རེ་ཞིག་རྒྱང་གཟིགས་གནང་དོན་དེ།ཁོང་གཞན་དོན་བཤེགས་དགོས་བྱུང་ཚེ། རང་རེ་རང་སྐྱ་ཐོབ་ཕྱིར་ཡིན་པ་སྨོས་ཅི་དགོས། ཁོང་གིས་བཅོས་མིན་གྱི་ཐུགས་བརྩེ་དེ། རང་ཅག་གི་རྣམ་ཤེས་ཕྲ་མོ་རེ་རེ་ལ་དུས་རྟག་ཏུ་ཁྱབ་ཡོད། རང་ཅག་ཁ་བ་ཅན་རྣམས་ཚེ་རབས་ཀུན་ཏུ་ཁོང་གི་རྗེས་སུ་བཟུང་བའི་ལས་སྐལ་ཡོད་དོ།།
བཀའ་ཁྲི་མཆོག་གིས། ཁ་སང་ཧྥ་རན་སིར་མི་དམངས་ལ་གསུང་བཤད་གནང་སྐབས་ཁོང་གིས་སྐུ་ངལ་མང་པོ་བསྐྱོན་གྱིན་ཡོད་ཚུལ་དང་འབྲེལ་སྐུ་སྲུང་བ་དང་བཞུགས་ཤག་སོགས་མང་པོ་ཞིག་ནས་ཆ་རྐྱེན་མི་ཚང་ཚུལ་གྱི་གནས་བབ་ཅིག་ཀྱང་གསུང་སྟངས་མཁས་པོ་ཞིག་གི་ཐོག་ནས་གསུངས་སོང། དེ་བདེན་པ་རེད། དེ་བས་སྐུ་སྲུང་བ་ཞིག་དང་གསོལ་ཐབ་པ་ཞིག་ངེས་པར་གྲ་སྒྲིག་བྱེད་ཐུབ་པ་ཞིག་ཡིན་པས་བྱས་ན་བཟང་གི་སྙམ། ངས་བཟང་གི་ཟེར་དོན་ཁོང་གི་ཕྱག་ལས་ཐད་ལ་ཕན་ཐོགས་ཡོད་རྒྱུ་རེད་བསམས་པ་ཡིན།
བསམ་འཆར་གཞན་ཞིག་ཞུ་འདོད་པ་ནི། ཁ་སང་གི་དུས་ཚོད་བཀོད་སྒྲིག་དེ་ཡག་པོ་བྱུང་མ་སོང། མི་དམངས་མང་ཆེ་བས་ཆུ་ཚོད་བཅུ་གཅིག་ནས་བསྒུགས་ཀྱང་ཆུ་ཚོད་དང་པོ་ཟིན་ལ་ཡོད་གྲབས་ཤིག་ལ་མ་གཏོགས་ཕེབས་མ་སོང། དེ་ནས་ཆུ་ཚོད་གཅིག་ཙམ་རིང་ལ་གསུང་བཤད་གནང་མ་ཐག་མི་མང་ངོས་ནས་དྲི་བ་གཅིག་ཙམ་ཡང་འདོན་པའི་གོ་སྐབས་བྱུང་མ་སོང། ངས་བལྟས་ནས་བཀའ་ཁྲི་མཆོག་གིས་མར་ལ་གསུང་དགོས་པ་གལ་ཆེ་བར་མ་ཟད་མི་དམངས་ཀྱིས་ཡར་ལ་ཞུ་རྒྱུ་དེ་ཡང་གལ་ཆེ་བར་གཟིགས་དགོས། གལ་ཏེ་ས་ཁུལ་གཞན་དག་ལ་དུས་ཚོད་འདང་ངེས་བྱུང་ཡོད་ན་སྐྱོན་མི་ཆེ། དེ་བཞིན་ཧྥ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་ཀྱང་བཀའ་ཁྲིར་མཇལ་འཕྲད་ཀྱི་དུས་ཚོད་ཧ་ཅང་ཐུང་སོང་བའི་དགོངས་ཚུལ་བྱུང་འདུག དེ་བཞིན་གསུང་བཤད་ཚང་མ་དབྱིན་སྐད་ཐོག་ལ་གནང་བར་ཡང་དགའ་བོ་བྱུང་མི་འདུག རྒྱལ་ཁབ་ཅིག་གི་དབུ་ཁྲིད་ངོས་ནས་རྒྱལ་ཁབ་གཞན་དང་འབྲེལ་བ་གནང་དུས་རང་གི་སྐད་ཡིག་བེད་སྤྱོད་གནང་རྒྱུ་ཧ་ཅང་གལ་ཆེན་པོར་གཟིགས་ཀྱིན་ཡོད། དེའི་སྐོར་ཁོང་ལ་བཀའ་འདྲི་གནང་དུས་དེ་ནི་སྐད་སྒྱུར་བ་མེད་པའི་དཀའ་ངལ་ཡིན་ཚུལ་གསུངས་འདུག དེ་བས་དེ་ནི་བདེན་པ་མ་རེད། འདིར་སྐད་སྒྱུར་གནང་མཁན་ཡོད་ཡོད་པ་རེད། ད་དུང་བོད་དོན་རྒྱབ་སྐྱོར་བ་ལ་ལས་ཁོང་ཚོས་ངོས་ནས་དམིགས་བསལ་རྒྱབ་སྐྱོར་ག་འདྲ་གནང་དགོས་སྐོར་བཀའ་འདྲི་ཞུས་པར་ཡང། སོ་སོའི་ངོས་ནས་གང་ཐུབ་གནང་རོགས་ཟེར་བ་ཙམ་ལས་དམིགས་བསལ་ལམ་སྟོན་གནང་མ་སོང་ཟེར་ནས་འདོད་པ་ཁེངས་མི་འདུག
དེ་བས་འདི་དག་ཉམས་མྱོང་དུ་བླངས་ན་རྗེས་མ་ནས་སྐོར་སྐྱོད་གནང་དུས་ཐུགས་ཕན་རེ་སོས་ན་ཐང་སྙམ་པའོ།
འོག་གི་མཆན་ནང་༡༩༦༤༢ལོ་དེ་གཏགས་ནོར་ཤོར་འདུག་༡༦༤༢ལོ་རེད།
སྲིད་སྐྱོང་བ་མཆོག་རྒྱལ་དོན་འཚམས་གཟིགས་ཕེབས་ནས་ལས་དོན་ལེགས་པར་བསྒྲུབས་ཡོད་པའི་དགའ་བསུ་ཡོད།དྲ་འབུ་དག་གིས་སྐད་ཆ་ཁུངས་མེད་ལུགས་མེད་བཤད་ན་ངལ་བའི་རྒྱུ་རུ་ཟད་དོ།
བསམ་བློ་གཏོང་དགོས་ས་ཞིག
༸གོང་ས་མཆོག་གིས་སྲིད་སྐྱོང་སྟག་བྲག་ནས་ཁོང་ལ་གནང་བའི་བོད་ཀྱི་ཆབ་སྲིད་སྐུ་དབང་དེ་༡༩༦༤༢ལོ་ནས་བཟུང་བའི་བོད་ཀྱི་ཆབ་སྲིད་བདག་དབང་ཙམ་ལ་གོ་ན་འགྲིག་གམ།
གལ་ཏེ་གསུངས་སྟངས་འདིས་ཕྱོགས་གཞན་ཞིག་ནས་ད་ལྟའི་བཀའ་ཁྲི་ནས་བཟུང་འབྱུང་འགྱུར་བཀའ་ཁྲི་རྣམ་པའི་སྐུ་དབང་དེ་ཡང་དེ་སྔའི་༸གོང་ས་མཆོག་གི་སྐུ་དབང་དང་གཅིག་མཚུངས་ཀྱི་ཐོབ་དབང་ཡོད་པར་གོ་དགོས་ཚུལ་ཞིག་སྟོན་གྱིན་མེད་དམ། དེ་ལྟར་གོ་འོས་སམ། གལ་ཏེ་འོས་ན་ད་ལྟའི་བཅའ་ཁྲིམས་ཀྱིས་གཏན་འབེབས་གནང་བའི་བཀའ་ཁྲི་གཉིས་ལ་འགལ་བ་ཤོར་བ་མ་ཡིན་ནམ།
ངོ་མ་གོ་རྒྱུ་ཅན་དང་བསམ་རྒྱུ་ཅན་གྱི་སྐད་ཆ་གནད་འགག་ཅན་རེ་འདུག་ཨང།
སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱི་མཛད་འཕྲིན་ལ་མངོན་པར་བསྟོད། བོད་ལ་ཤ་ཚའི་གཏམ་གླེང་བ་དག་ལ་ཁ་བྲོ་ཞུ་ཡག་དང་། རང་འདོད་གྱི་གཏམ་རྙོགས་སུ་དག་འཚམས་འཇོག་བྱེད་ན་དགེ་མཚན་ཆེ།
ཁ་སང་གོང་གི་གསར་འགྱུར་དེའི་མཇུག་ཏུ། ” ས་གནས་གསར་འགོད་པ། དོན་འགྲུབ་བཀྲ་ཤིས ” ཞེས་འགོད་ནོར་ཐེབས་འདུག་པས་ན། ཀློག་པ་པོ་ཡོངས་ལ་དགོངས་སེལ་དང་བསྒྲགས་འདིར་བསྐྱར་བཅོས་བྱས་ཡོད།
ས་གནས་གསར་འགོད་པའི་མིང་ནོར་བ་རེད་དམ། བརྗེ་བ་རེད།
བོད་ཀྱི་སྲིད་སྐྱོང་བ་མཁས་དབང་བློ་བཟང་སེངྒེ་མཆོག་གིས་ད་ཐེངས་ཀྱི་གཟིགས་སྐོར་འདི་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།
འཇིགས་སེང་ལགས། RC ཡིན་རྒྱུ་རེད་པ།
ཁག་མེད། བཀའ་ཁྲིས་སྲིད་སྐྱོང་ཟེར་བའི་༧གོང་ས་མཆོག་གི་ཚིག་འདི་སྐྱོར་ནས་མི་རྣམས་ཀྱི་རྣ་བ་རྒྱགས་ནས་ཡོད་ནའང་། ཁོང་གིས་ད་དུང་མཚམས་མི་འཇོག་པ་དེ་རེད། དོན་དམ་སྤྱི་ལྷན་གྱིས་༧གོང་ས་མཆོག་གི་བླ་ན་མེད་པའི་མཛད་འཕྲིན་དང་། བཀའ་ཁྲི་ལྟ་བུའི་༧གོང་ས་མཆོག་ཡོངས་སུ་དགོངས་པ་ཞུ་དགོས་བསམས་མཁན་གྱི་གཟུགས་ཅན་གཟུགས་མེད་ཡོངས་ལ་སྤྱན་གྱིས་གཟིགས་ནས། སྲིད་སྐྱོང་པ་ཞེས་པའི་མཚན་འདི་ཁོང་ལ་གནང་མེད། དེ་ནི་དུས་བསྟུན་ཤེས་རབ་ཅན་གྱི་ཐག་གཅོད་ཅིག་རེད། དངོས་གནས་བྱས་ན། འཇུ་ཆེན་དང་པད་མ་ཆོས་འབྱོར་གྱི་ཁ་ར་ཁོར་ཡུག་ནས་གསོན་ཤུགས་རྒྱས་པའི་བཀའ་ཁྲི་འདི་བ་ཚང་ལའང་། ཕྱོགས་སྒྲིལ་དཔུང་ངོམས་ཁེ་ཕན་རྩོད་ལེན་བྱེད་པའི་རིག་པ་ཐབས་ཆག་ཅིག་ལྷན་གཤིས་སུ་ཡོད་པས། ཁོང་གིས་སྲིད་སྐྱོང་པ་ཟེར་བའི་ཚིག་འདི་ཁྲི་སྟོང་དུ་བསྐྱོར་རྒྱུ་ནི་གནའ་ནས་བར་མ་ཆད་པར་ཡོང་བའི་ལས་ཀྱི་བགྱི་སྟངས་ཤིག་རེད་འདུག་པས། དེ་བསྐྱོར་དོན་སྲིད་དབང་ཁྲིམས་མཐུན་གྱིས་ཁྱབ་བསྒྱུར་གནང་བའི་སྒྲུབ་བྱེད་ཁོ་ན་མིན་པའང་གླེན་པ་ལུག་འདྲ་བ་དག་གིས་ཤེས་རྒྱུ་གལ་ཆེན་རེད།
དེ་ནས་༼ མ་འོངས་པར་རྒྱ་གར་ནང་གི་བོད་པའི་གནས་སྟངས་ལ་འགྱུར་བ་གང་ཡང་འགྲོ་གི་མ་རེད། དེ་གསལ་བོ་བཟོས་ཟིན་པ་ཡིན།༽སྐད་ཆ་འདི་འདྲ་ཞིག་གསུངས་འདུག འདི་ལ་བཀུར་འོས་སྤྱི་འཐུས་ཚོས་དོ་སྣང་གནང་དགོས་པ་འདྲ། ཆུང་ས་ནས་བཤད་ན། རྒྱ་གར་གཞུང་གིས་བོད་པར་ལྟ་སྟངས་ལ་འགྱུར་བ་ཐེབས་ནས། ༢༠༠༣ མན་གྱི་གསར་འབྱོར་བ་ཚོ་གཏན་སྡོད་ལག་ཁྱེར་་RSཐོག་དཀའ་ངལ་མང་དག་ཅིག་འཕྲད་ཀྱི་ཡོད། འདི་ནི་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀའི་གཟིགས་གསོལ་ཞེ་དྲག་གནང་རྒྱུར་མི་དགའ་བའི་རྒྱ་གར་ས་ཐོག་གི་རྒྱ་གར་གཞུང་གི་འགྱུར་བ་གསར་བ་ཞིག་རེད། གནས་སྐོར་འཁོད་པའི་RSརྣམས་དུས་ཡུན་བསྲིངས་རྒྱུ་བྱས་པ་དེའང་བཀའ་ཤག་སྔོན་མའི་ཕྱི་ཟླ་༦ ནང་ཞུས་པའི་རེ་འདོད་ཅིག་ཡིན་ས་རེད། དུས་དབང་ལ་དམིགས་བཙུགས་ནས་ནན་ཞུ་ཞུས་འབྲས་ད་ལྟ་གཞི་ནས་ཕྱི་ཟླ ༤ བར་འགྱངས་རྒྱུ་ཁས་ལན་གནང་འདུག
གཞན་རྒྱ་གར་གྱི་གནད་ཡོད་དང་ཧིན་བོད་མཛའ་ཚོགས་ཀྱི་འཐུས་མི་མང་པོས་བཀའ་ཁྲི་གསར་བས་རྒྱ་གར་གྱི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པའི་གནང་སྟངས་ཤིག་མཐོང་མེད་པ་ཧི་མ་ཅལ་དུ་ཚོགས་པའི་ཚོགས་འདུའི་སྟེང་ཡང་གསལ་བོ་བཟོས་འདུག་པ་སོགས་ནི་མངོན་སུམ་མིག་ལ་བྱུང་བཞིན་པའི་དོན་དག་རེད། བཀའ་ཁྲིས་དེ་རྣམས་བསྐྱུར་ནས་ས་ཐག་རིང་ཕ་རན་སིའི་བོད་མི་ཚོར་རྒྱ་གར་གྱི་གནས་སྟངས་ཐད་ཁ་ཞིམ་པོ་བཤད་པ་འདི་ཁོང་བཀའ་ཁྲི་ལངས་པའི་བརྒྱུད་རིམ་ནས་དེ་རིང་བར་གྱི་གཤིས་ཀ་དང་གཅིག་མཚུངས་རེད་འདུག་པས། རེ་བ་རྒྱག་མཁན་དང་ཡིད་ཆེས་བྱེད་མཁན་ཡོད་ཚོད་མ་རེད་བསམས་སོང་། གང་ལྟར་རྒྱ་ཆེའི་མི་མང་གིས་སྐད་ཆ་འདི་ཚོ་རྩིས་རྒྱག་རྒྱུར་ཕྱི་ཟླ ༣ པའི་གྲོས་ཚོགས་ལ་རེ་སྒུག་བྱས་ནས་གང་ཆགས་ལྟོས་ན་བོད་དོན་ལ་འགན་ཁུར་སྟངས་ཤིག་རེད། བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་ཀྱི་སྣེ་མོ་བས་བྱེད་ཕྱོགས་ལ་བྱ་ར་བྱས་པའང་ཡིན།
སློབ་མའི་ཚགས་པར་རྩོམ་སྒྲིག་པར་འབྲེལ་བ་གནང་མཁན་ཚོས། ཁ་པར་ཨང་གྲངས། ༩༨༨༢༢༣༢༣༡༨ འདི་དང་། གློག་འཕྲིན་ཁ་བྱང་ tseringnorbu82@yahoo.com
འདིའི་ཐོག་འབྲེལ་བ་གནང་རོགས།
གསར་འགོད་པ། དོན་གོ
ང་རང་ཉིད་ས་ཆ་དེ་ན་ཡོད། བཀའ་བློན་ཁྲི་བ་མཆོག་ས་ཆ་དེར་སླེབས་སྐབས་བོད་མི་ཁ་ཤས་ལས་མི་འདུག་ལབ་ན་དེ་ནི་བོད་མི་རིགས་ཀྱི་ངོ་ཚ་ཞིག་རེད་བསམ་ནས་རང་གི་བུ་མོ་ཁྲིད་ནས་སོང་བ་ཡིན། ང་ཚོར་བོད་མི་ཆིག་སྟོང་ཙམ་ཡོད་པའི་ནང་ནས་ལྔ་བརྒྱ་ཙམ་འབྱོར་འདུག་པས་དགའ་སོང་། དེ་ནི་བློ་བཟང་སེང་གེ་ལ་བརྩི་བཀུར་བྱས་བ་མ་ཡིན་པར་རང་གི་རྒྱལ་ཁབ་དང་དེའི་འགོ་ཁྲིད་ལ་ཡིད་ཆེས་ཡོད་པའི་རྣམ་པ་ཞིག་རེད་འདོད་ཀྱིན་ཡོད།
བཀའ་ཁྲིས་སྐད་ཆ་བཤད་པ་དེ་བསམ་བློའི་རིམ་པ་རབ་འབྲིང་མཐའ་གསུམ་གྱི་དབང་དུ་བྱས་ནས་རིམ་པ་མཐའ་མ་བར་བལྟས་ནས་གསུངས་སོང་།
ཡིན་ན་ཡང་ཁོང་གིས་ཚིག་གཅིག་ལ་ངས་དོ་སྣང་བྱས་བ་ཡིན། ཁོས་བོད་ནང་ནས་མི་མང་བོས་རང་ལུས་མེ་རུ་སྦར་སོང་། ད་ལྟ་ཝང་མས་གྲངས་ཀ་རྒྱག་གིན་འདུག འདི་ནི་གྲངས་ཀའི་གནད་དོན་ཞིག་མ་རེད། མི་ཞིག་གི་ཚེ་སྲོག་ཡིན་པའི་སྟེང་ནས་བསམ་བློ་ཐོངས། ཨ་མ་ཞིག་གི་བུ་ཕྲུག་ཡིན་པའི་སྟེང་ནས་བསམ་བློ་ཐོངས། འདི་གྲངས་ཀ་ཞིག་གི་གནད་དོན་མ་རེད་ཟེར། དེ་ནི་ང་ལ་མཚོན་ན་ངོ་མ་རེད་འདོད་སོང་། དེ་ལ་བསམ་བློ་གཏོང་རྒྱུ་འདུག
བཀའ་ཁྲིའི་མཛད་འཕྲིན་རྒྱས་པ་དང་། བོད་མིའི་བསམ་དོན་འགྲུབ་པར་ཤོག །
ས་གནས་གསར་འགོད་པས་གསན་ཚུལ་གང་རྒྱས་བཏང་གནང་བྱུང་བར་ཐུགས་རྗེ་ཆེ།
ཨ་རིའི་བརྙན་འཕྲིན་ཁང་གིས་བཀའ་ཁྲིའི་གཟིགས་བསྐོར་སྐོར་གྱི་གསར་འགྱུར་རིགས་འཚོལ་སྒྲུབ་ཀྱིས་བདུན་རེ་གསར་འགྱུར་སྐབས་སྟོན་ཐབས་ལ་འབད་གལ་ཆེ།
བཀའ་ཁྲི་མཆོག་གིས་ལས་དོན་གང་སྒྲུབ་ལམ་འགྲོ་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།
བོད་མིའི་བསོད་ནམས་ཡར་ལ་བསྟོད། བཀའ་ཁྲིའི་དབང་ཐང་མཁའ་ལ་ཤར། མཛད་འཕྲིན་ཉི་ཟླ་ཤར་པ་འདི། བོད་མིའི་བསམ་དོན་འགྲུབ་རྟགས་རེད།
རྒྱ་གར་ནང་གི་བོད་པའི་གནས་སྟངས་ད་ཆ་གསལ་པོ་བཟོས་ཟིན་པ་དེ་བདེན་ན། གསལ་ལ་མ་གསལ་དེ་སུས་བཞག་པ་ཡིན་ནམ?????