དབུས་བོད་མིའི་སྒྲིག་འཛུཊ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ ༧ གྱི་གཟིགས་སྐོར་གྲུབ་རྗེས། ཁ་སང་ཕྱི་ཚེས་ ༢ ཉིན་ལོན་ཊོན་མཁའ་ལམ་བརྒྱུད་ཕྱིར་རྒྱ་གར་དུ་འབྱོར་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༡ ཉིན་ནས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་བདུན་ཙམ་གྱི་ནང་། ཐོག་མའི་གཞུང་འབྲེལ་གཟིགས་སྐོར་གནང་ཡོད་པ་ལྟར། ཕྱི་ཚེས་ ༢༩ ཉིན་བཀའ་ཁྲི་མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དུ། ཁོང་གིས་དབུ་ཁྲིད་པའི་བཀའ་ཤག་གིས་མུ་མཐུད་ལམ་དབུ་མའི་སྲིད་བྱུས་རྒྱུན་འཁྱོངས་དང་། འདི་ལོར་བོད་ནང་བོད་མི་བཅུ་གྲངས་ཤིག་གིས་རང་ལུས་མེར་བསྲེགས་བཏང་བའི་རྒྱུ་རྐྱེན་དང་དེའི་རྒྱབ་ལྗོངས། ༧གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་རྩིས་སྤྲོད་གནང་རྗེས། བཙན་བྱོལ་བོད་མིའི་སྒྲིག་ལ་འགྱུར་བ་ཇི་འདྲ་བྱུང་ཡོད་མེད་སྐོར་ངོ་སྤྲོད་གནང་རྗེས། ཡུ་རོབ་སྤྱི་མཐུན་གྱིས་དུས་ཡུན་རིང་པོར་བོད་མིའི་འཚེ་བ་མེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་། མ་འོངས་པར་ཡུ་རོབ་སྤྱི་མཐུན་ལྟ་བུའི་རྒྱལ་སྤྱིའི་ཚོགས་པ་ཆེ་ཁག་གིས་བོད་དོན་ཐོག་རོགས་རམ་གནང་དགོས་པའི་འབོད་སྐུལ་སོགས་ཞུས་འདུག
ཉིན་དེར་བཀའ་ཁྲི་མཆོག་ཡུ་རོབ་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་གནང་བའི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་ཕེབས་ཏེ། ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་དང་གཞུང་ཚབ་པ།གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཁྱོན་ཚོགས་ཞུགས་པ་ ༣༠༠ལྷག་ལ། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་ཞིག་ཡོང་ཐབས་ཀྱི་གཏམ་བཤད་སྤེལ་འདུག་ལ། མཇུག་ཏུ་དྲི་བ་དྲིས་ལན་གྱི་གོ་སྐབས་ཀྱང་ཕུལ་ཡོད་འདུག
སྦེལ་ཇེམ་གྱི་ལས་འཆར་ཁག་གྲུབ་རྗེས། ཕྱི་ཚེས་ ༣༠ ཉིན་བཀའ་ཁྲི་མཆོག་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་འགྲུབ་ལགས་དང་ས་གནས་བོད་རིགས་མང་ཚོགས་ཀྱི་ཕེབས་བསུའི་ཁྲོད། དབྱིན་ཇིའིི་རྒྱལ་ས་ལོན་ཊོན་དུ་འབྱོར་ཡོད་པ་དང་། ཕྱི་ཟླ་༡༢ཚེས་༡ཉིན་བཀའ་ཁྲི་མཆོག་གིས་འཛམ་གླིང་གྲགས་ཅན་བརྙན་འཕྲིན་བྷེ་བྷེ་སི་(Impact Asia)དང་། ཁྲེ་ལེ་གྷི་རབ་ཧྥི་ (The Telegraph)། ཡུལ་དེའི་ཕྱི་འབྲེལ་དུས་དེབ་བཅས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྟེ། བོད་ནང་གི་གནས་སྟངས་སྐོར་གསལ་བཤད་གནང་ཡོད་ལ། དེའི་རྗེས་དབྱིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ ༡༠ ཙམ་ལ་ཐུག་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། དབྱིན་ཡུལ་ནང་བོད་དོན་ལས་འགུལ་ཐོག་མཉམ་རུབ་གནང་ཕྱོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་མཐུན་ལམ་སྔར་ལས་ཡར་རྒྱས་གཏོང་དགོས་སྐོར་གསུངས་ཡོད།
མཇུག་ཏུ་དབྱིན་ཡུལ་ཕྱི་འབྲེལ་ཚན་པའི་ལས་བྱེད་ཁག་ཅིག་ལ་ཐུག་འཕྲད་གནང་སྟེ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལམ་དབུ་མའི་སྲིད་བྱུས་ཐོག་བོད་ཀྱི་གནད་དོན་སེལ་ཐབས་གནང་བཞིན་ཡོད་སྐོར་དང་། ལངས་ཕྱོགས་དེའི་ཐོག་ནས་རྒྱ་གཞུང་དང་འབྲེལ་བ་གནང་རྒྱུའི་གྲ་སྒྲིག་ཡོད་ཚུལ་སོགས་གསུངས་ཏེ། དབྱིན་གཞུང་གིས་བོད་རྒྱའི་གྲོས་མོལ་ཐོག་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་བཅས་གནང་འདུག
ཡུ་རོབ་རྒྱལ་ཁབ་ཁག་བདུན་གྱི་མཛད་འཆར་ཁག་གྲུབ་རྗེས། ཁ་སང་ཕྱི་ཚེས་༢ཉིན་བཀའ་ཁྲི་མཆོག་རྒྱལ་ས་ལོན་ཊོན་ནས་མཁའ་ལམ་བརྒྱུད་ཕྱིར་རྒྱ་གར་དུ་ཕེབས་ཡོད་འདུག
བཀའ་ཁྲི་མཆོག་གིས་གཟིགས་སྐོར་དང་བོད་མིའི་བདེན་དོན་ཆེད་ཕྱི་སྐྱོད་གནང་བ་འདི་ནི་དགའ་འོས་པ་ཞིག་ཡིན་པར་མ་ཟད་ཁྱེད་གང་དུ་ཕེབས་པ་དེས་ན་བོད་མི་རིགས་ཀྱི་བདེན་དོན་དང་གཞིས་བཞུགས་བོད་མིའི་དཀའ་ངལ་བརྗོད་ཀྱི་ཡོད་པ་དེ་ནི་སྤུན་ཟླ་མི་རིགས་ཚོ་ལ་རྒྱ་ནག་དམར་གཞུང་གིས་དྲག་གནོན་བྱེད་ཀྱི་ཡོད་པས་བདེན་དོན་བསྒྲགས་པ་ཞིག་ཡིན་པས་ཡི་རང་དང་གུས་བཀུར་ཡོད།
བཀའ་ཁྲི་མཆོག་ལ་གུས་བཀུར་ཡོད་ཀྱང་ཁ་ཡག་མི་བཤད། བོད་སྤྱི་བོ་གནམ་བསྟན་གྱི་ལས་དོན་མ་ནོར་ཡོང་རྒྱུ་མཁྱེན།
བཀའ་ཁྲི་མཆོག་ལ་འཚམ་འདྲི་ལན་བརྒྱར་ཡོད། ཁོང་གི་གཟིགས་སྐོར་དེ་ནི་བོད་མི་རིགས་ཀྱི་གཟི་བརྗིད་དང་མ་འོང་པའི་རེ་བ་ཞིག་ཀྱང་བྱུང་སོང་། བོད་རྒྱལ་ལོ།
མཆོག་ཏུ་བཀུར་འོས་བཀའ་ཁྲི་མཁས་དབང་བློ་བཟང་སེང་གེའི་མཛད་འཆར་དག་ལེགས་འགྲུབ་བྱུང་སྟེ་ཕྱིར་བཞུགས་སྒར་ངྷ་སར་འབྱོར་བ་སེམས་ནས་དགའ་བསུ་ཞུ། ཁྱེད་གང་དུ་ཕེབས་པ་དེ་ན་བོད་དོན་གླེང་གིན་ཡོད་པས་བོད་གཞིས་བྱེས་གཉི་ག་ལ་མཁོ་བ་དེ་རེད། དེ་མིན་རང་བཙན་དང་དབུ་མའི་ལམ་བརྩད་ནས་ནང་ཁུལ་ཕོགས་ཐུག་རྒྱུ་འདི་མཚམས་བཞག་ན་ལེགས། སྤྱིར་བཏང་རང་བཙན་དང་དབུ་མའི་ལམ་གཉི་ག་བོད་རིགས་ཀྱི་ཚེ་སྲོག་ལྟ་བུར་བཟུང་སྟེ་སྲིད་བྱུས་ལ་བཅོས་བསྒྱུར་དང་རྩ་དོན་གླེང་དགོས་མོད། གང་ཟག་རེ་ཟུང་གིས་ཕན་ཚུན་གྱི་སྒེར་བདག་ལྟ་བུ་བྱས་ཏེ་ཉོག་གླེང་བཟོ་པ་འདི་ཁྱོན་ནས་ཡག་པོ་མཐོང་མ་སོང་།
བཀའ་ཁྲི་མཆོག་གིས་གཟིགས་སྐོར་ལེགས་པར་གྲུབ་ནས་ཕྱིུར་རྒྱ་གར་ལ་འབྱོར་བར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
མུ་མཐུད་དེ་ཕྱིའི་རྒྱལ་ཁབ་ཁག་ཏུ་གཟིགས་སྐོར་ལ་ཕེབས་ནས་བོད་དོན་དྲིལ་བསྒྲག་དང་རྒྱབ་སྐྱོར་པ་གསར་པ་རྙེད་ཐབས་ལ་འབད་བརྩོན་སྔར་ལས་ལྷག་པ་ཞིག་གནང་དགོས་པ་དུས་བབས་ཀྱིས་ང་ཚོར་བསྐུར་བའི་ལས་འགན་ཆེན་མོ་ཞིག་རེད།
བཀའ་ཁྲི་མཆོག་ལ་གུས་འདུད་འཚམས་འདྲི་དང་།
ཕྱིར་རྒྱལ་ས་ལ་ཕེབས་པར་འགའ་བསུ་ཞུ།
འདི་འདྲའི་གཟི་བརྗིད་དང་ལས་བཟང་བསྒྲུབ་ནས་ཕེབ་པར་བསུ་བ་བྱེད་དགོས་ངེས་རེད་དེ. ཉུང་ཐར་མང་ཚོགས་འགའ་གནམ་ལ་བཅར་དགོས་མོད. འདིར་དེའི་སྐོར་མེད་པས་་་་་གསུང་རོགས་ཞུ
ད་རྒྱལ་གཅེས་མེར་སྲེག་གཏོང་མཁན་ཚོའི་རིན་ཐང་ག་རེ་བྱུང་མིན་དྲི་བ་གཏོང་དགོས་ཀྱི་རེད། དེ་མིན་ཕྱི་རྒྱལ་ཁག་ཏུ་བསྐྱོད་པ་ཙམ་དང་ཐུག་འཕྲད་བྱས་པ་ཙམ་གྱིས་ཅང་ཡོང་གི་མེད་པ་རྒྱ་རི་རིན་པོ་ཆེས་གསུངས་འདུག དེ་བས་དོན་དག་ཅིག་འབྱུང་རྒྱུ་གལ་ཆེན་རེད། དེ་མིན་གནམ་གྲུའི་གླ་ཆ་དེ་ཚོ་ཕངས་བ་ལ།