ཕྱི་ཚེས་ ༥ ཉིན་འཇར་མན་གྱི་གྲོང་ཁྱེར་བྷོན་(Bonn) ནང་ཨབ་གྷན་གྱི་གནད་དོན་ཐད་རྒྱལ་སྤྱིའི་ཚོགས་ཆེན་ཞིག་ཚོགས་ཡོད་ཅིང་། ཚོགས་ཆེན་དེར་འཛམ་གླིང་རྒྱལ་ཁབ་ ༡༠༠ ཙམ་གྱི་འཐུས་མི་མཉམ་ཞུགས་དང་། འཐུས་མིའི་ཁྲོད་ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཧེ་ལཱ་རེ་ཁི་ལེན་ཊོན་ཚུད་པའི་ཕྱི་སྲིད་བློན་ཆེན་ ༦༠ འདུས་ཡོད་འདུག
ཐེངས་འདིའི་ཚོགས་ཆེན་སྟེང་ཨབ་གྷན་ནང་ཡོད་པའི་རྒྱལ་སྤྱིའི་དམག་དཔུང་རྣམས་ ༢༠༡༤ ལོ་བར་ཇི་ལྟར་ཕྱིར་འཐེན་བྱ་རྒྱུ་དང་། རྒྱལ་སྤྱིའི་དམག་དཔུང་ཕྱིར་འཐེན་བྱས་རྗེས་ཨབ་གྷན་གྱི་ཆབ་སྲིད་དང་སྤྱི་ཚོགས་བརྟན་བརླིང་ལ་འགན་འཁུར་ཕྱོགས། ཊཱ་ལེ་བྷན་(Taliban) ཕྱོགས་ཁག་ལ་ཁ་གཏད་ཇི་ལྟར་གཅོག་རྒྱུ་བཅས་ཀྱི་གནད་དོན་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག པཱ་ཀི་སི་ཐན་ཐེངས་འདིའི་ཚོགས་ཆེན་དུ་ཞུགས་མེད་པ་མ་ཟད། ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་ཎཱ་ཊོ་མཁའ་དམག་གིས་པཱ་ཀི་སི་ཐན་གྱི་མཐའ་མཚམས་དམག་མི་ ༢༤ དམར་གསོད་བཏང་པའི་རྒྱུ་རྐྱེན་འོག་ཨབ་གྷན་ནང་ཨ་རི་དང་ཎཱ་ཊོ་དམག་གིས་ཐེ་ཇུས་བྱ་རྒྱུར་ངོ་རྒོལ་བྱས་ཡོད་པ་རེད།
ཉིན་དེའི་ཚོགས་ཆེན་སྟེང་ཨབ་གྷན་སྲིད་འཛིན་ཁར་ཛའེ་ (Hamid Karzai) ཡིས། འདས་པའི་ལོ་བཅུ་ཕྲག་ནང་ཨབ་གྷན་ལ་ཕྱོགས་ཡོངས་ནས་རྒྱལ་སྤྱིའི་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད་ལ། ཨབ་གྷན་ནང་ཊཱ་ལེ་བྷན་ཕྱོགས་ཁག་གིས་རྐྱེན་པའི་སྤྱི་ཚོགས་བརྟན་བརླིང་མེད་པ་དང་། ཨབ་གྷན་གྱི་དཔལ་འབྱོར་གནས་བབ་སྐྱོ་སྟབས། འབྱུང་འགྱུར་ལོ་བཅུ་ཕྲག་རིང་རྒྱལ་སྤྱིའི་དམག་རོགས་མུ་མཐུད་ཨབ་གྷན་ནང་འདུག་རྒྱུ་སོགས་རྒྱལ་སྤྱིའི་རྒྱབ་སྐྱོར་མུ་མཐུད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ལོ་བཅུའི་གོང་ཊཱ་ལེ་བྷན་ཕྱོགས་ཁག་ཨབ་གྷན་གྱི་རྒྱལ་ས་ཀཱ་བྷུལ་(Kabul) ནས་ཕྱིར་འབུད་བཏང་སྐབས་རྒྱལ་སྤྱིའི་ཚོགས་ཆེན་ཐེངས་དང་པོ་འཇར་མན་གྱི་བྷོན་གྲོང་ཁྱེར་ནང་ཚོགས་ཏེ། ཨབ་གྷན་བསྐྱར་གསོ་བྱ་ཕྱོགས་སྐོར་ལ་གྲོས་བསྡུར་བྱས་ཡོད་ལ། ལོ་བཅུའི་རྗེས་དེ་ཁ་སང་ཕྱི་ཚེས་ ༥ ཉིན་ཚོགས་ཆེན་ཐེངས་གཉིས་པ་ཚོགས་སྐབས། འབྱུང་འགྱུར་ལོ་གསུམ་ནང་ཨབ་གྷན་ནས་རྒྱལ་སྤྱིའི་དམག་དཔུང་ཕྱིར་འཐེན་དང་རྒྱབ་རོགས་ཇི་ལྟར་བྱ་དགོས་པའི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
རྒྱལ་སྤྱིའི་དྲང་བདེན་གྱི་མཉམ་འབྲེལ་དང་མཉམ་ལས་ལ་དགའ་བསུ་ཞུ། བོད་ནང་གི་མི་རིགས་བཙན་གནོན་པ་རྒྱ་དམག་དཔུང་ཆེན་དེ་དག་ཐོག་ལ་ཡང་འདི་ལྟར་ཚོགས་ཆེན་ཞིག་སྐོང་ཐུབ་ན་ཅི་མ་རུང།
རེད་རེད། མུ་མཐུད་ལོ་ལྔ་བཅུ་རིང་རྒྱལ་སྤྱིའི་དམག་ཨྥ་གྷན་ལ་དགོས་ངེས་རེད་ལ་མི་རིགས་དེ་ལ་དཔལ་འབྱོར་གྱི་རོག་རམས་བྱེད་དགོས་རེད།