གཟའ་ལྷག་པའི་དགོང་མོ་ཟི་ཁྲོན་ཁྲིན་ཏུའུ་ལྕགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང་། བོད་རིགས་སློབ་མ་དང་རྒྱ་རིགས་སློབ་མའི་བར་འཁྲུག་འཛིང་ཤོར་ཏེ་སློབ་ཕྲུག་མང་པོར་རྨས་སྐྱོན་ཕོག་ཡོད་འདུག
ཕྱི་ཚེས་ ༡༤ ཉིན་གྱི་དགོང་མོ་ཟི་ཁྲོན་ཁྲིན་ཏུའུ་ལྩགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང་། རྒྱ་རིགས་སློབ་མ་དང་བོད་རིགས་སློབ་མའི་བར་འཁྲུག་འཛིང་ཤོར་ཡོད་པ་དང་། རྒྱ་རིགས་སློབ་མ་སྟོང་ཕྲག་ ༢ ལྷག་གིས་སློབ་གྲྭ་དེ་གའི་བོད་རིགས་སློབ་བུའི་ཉལ་ཁང་ ༡ ནས་ ༣ བར་གྱི་མཐའ་སྐོར་ཏེ་བོད་རིགས་སློབ་ ༢༠༠ ལྷག་ཁང་པའི་ནང་དུ་བཅུགས་རྗེས། མཚན་གང་བོར་རྡོ་དང་གཡུགས་པ། ཤེལ་དམ། གྲི་སོགས་ལག་ཆ་འདྲ་མིན་སྤྱད་དེ་ཉལ་ཁང་གི་སྒོ་དང་སྒེའུ་ཁུང་ཡོངས་རྫོགས་གཏོར་བཅོམ་དང་། བོད་རིགས་སློབ་མ་ཚོར་རུབ་རྡུང་བྱས་ཏེ་སློབ་མ་མང་པོར་རྨ་བཟོས་ཡོད་པར་མ་ཟད། སློབ་མ་རེ་འགར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་འདུག
འཁྲུག་ཟིང་དོན་རྐྱེན་དེ་བཀག་འགོག་ཆེད་ས་གནས་རྒྱ་གཞུང་གིས་ཉེན་རྟོག་པ་བརྒྱ་སྐོར་ཞིག་སློབ་གྲྭའི་ནང་བཏང་ཡོད་ནའང་། རྒྱ་རིགས་སློབ་མ་དང་ཉེན་རྟོག་པས་ཕན་ཚུན་ངན་འབྲེལ་རྒྱབ་ལངས་བྱས་པར་བརྟེན་འཁྲུག་འཛིང་དུས་ཐོག་བཀག་འགོག་བྱུང་མེད་པར་མ་ཟད། རྒྱ་རིགས་སློབ་མ་ཡོངས་ཀྱིས་གཅིག་གྱུར་གྱི་སྒོ་ནས་སློབ་གྲྭའི་སྒྲིག་ཆས་གྱོན་དེ་དཔུང་སྒྲིག་དགོས་པའི་དྲིལ་བསྒྲགས་དང་། “ བོད་རིགས་ཚོར་རྡུང་བརྡེག་བྱོས། ” སོགས་ཀྱི་སྐད་འབོད་ཀྱང་བྱས་ཡོད་འདུག ད་དུང་། བོད་རིགས་སློབ་མའི་འཛིན་ཁང་དག་གི་སྒོ་གཏོར་ཏེ། སྒྲོག་ཙེ་དང་རྐུབས་སྟེགས་སོགས་ནང་གི་ཅ་དངོས་ཡོངས་རྫོགས་གཏོར་བཅོམ་བྱས་ཡོད་འདུག གནས་ཚུལ་ཛ་དྲག་ཏུ་ཕྱིན་རྗེས་རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པ་ ༡༠༠༠ ཙམ་ཆེད་གཏོང་བྱས་ཏེ། སློབ་མའི་འཁྲུག་འཛིང་འདུ་འཛོམས་ཁྲོད་མིག་སྒྲིབ་བྱེད་ཀྱི་དུག་རླངས་སོགས་བརྒྱབ་སྟེ་ཞི་འཇགས་བཟོས་ཡོད་འདུག ཡིན་ནའང་། རྒྱ་རིགས་སློབ་མ་ཚོས་ཉེན་རྟོག་པ་དང་། དགེ་རྒན། ལས་བྱེད་སོགས་ཀྱི་རླངས་འཁོར་མང་པོ་བཅོམ་སྟེ་མི་འདོད་པའི་རྣམ་འགྱུར་བསྟན་ཡོད་འདུག
ཕྱི་ཚེས་ ༡༥ ཉིན་རྒྱ་བོད་སློབ་མའི་བར་བསྐྱར་དུ་འཁྲུག་འཛིང་མི་འབྱུང་ཆེད། སློབ་མའི་ཉིན་གུང་གསོལ་ཚིགས་སྐབས་རྒྱ་བོད་སློབ་མ་རྣམས་སོ་སོར་བགར་སྟེ། རྒྱ་རིགས་སློབ་མ་ཚོས་ཟ་མ་ཟས་ཚར་དེ་ཕྱིར་ལོག་རྗེས་བོད་རིགས་སློབ་མ་ཚོར་ཟ་མ་བཟའ་རུ་བཅུགས་ཡོད་འདུག ཡིན་ནའང་། རྒྱ་རིགས་སློབ་མ་འགས་བོད་རིགས་སློབ་མ་རྣམས་སློབ་གྲྭའི་ཟ་ཁང་དུ་ཡོད་པ་མཐོང་མ་ཐག སྐད་བརྒྱབ་སྟེ་རྒྱ་རིགས་སློབ་མ་མང་པོ་རིབ་འཚོགས་བརྒྱབ་སྟེ་ཡང་བསྐྱར་བོད་རིགས་སློབ་མ་རྣམས་སློབ་གྲྭའི་ཟ་ཁང་ནང་བཅུགས་ཡོད་འདུག རྗེས་སུ་སློབ་གྲྭའི་འབྲེལ་ཡོད་མི་སྣ་དང་ཉེན་རྟོག་པ་ཡོང་སྟེ་རྒྱ་རིགས་སློབ་མ་རྣམས་ཕྱིར་འགྲོ་རུ་བཅུགས་ཡོད་འདུག རྒྱ་བོད་སློབ་ཕྲུག་བར་གྱི་འཁྲུག་འཛིང་དེ་གཞི་རྩའི་སྟེང་ཞི་འཇགས་བྱེད་མ་ཐུབ་པར་བརྟེན། སློབ་གྲྭ་དེ་གའི་ནང་ཡོད་པའི་བོད་རིགས་སློབ་རྣམས་གནས་སྤོར་བྱེད་དགོས་བྱུང་ཡོད་འདུག
ད་ལྟ་ལྕགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་མཐའ་འཁོར་དུ་དམག་མིས་སྐོར་སྲུང་བྱས་ཏེ། སློབ་གྲྭའི་ནང་ནས་ཕྱི་ལོག་ལ་མི་གཅིག་ཀྱང་གཏོང་གི་མེད་པར་མ་ཟད། རྒྱ་ནག་གི་ཝེ་པའོ་དང་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱ་རཱན་རཱན་དྲ་བ་སོགས་ཀྱི་སྟེང་སྤེལ་ཡོད་པའི་རྒྱ་བོད་སློབ་མའི་འཁྲུག་ཟིང་སྐོར་གྱི་གནས་ཚུལ་རྣམས་ནག་གསུབ་ཏུ་བཏང་སྟེ། དྲ་རྒྱའི་བརྒྱུད་ཁག་ཏུ་དོན་རྐྱེན་དེ་ཁྱབ་བརྡལ་དུ་མི་འགྲོ་བའི་བཀག་སྡོམ་བྱས་ཡོད་འདུག
དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་བོད་སློབ་མའི་བར་འཁྲུག་འཛིང་འབྱུང་རྐྱེན་གཙོ་བོ་ནི། རྒྱ་རིགས་སློབ་མ་རྣམས་ཀྱིས་རྒྱ་གཞུང་གི་དྲིལ་བསྒྲགས་ལྟར་དུས་རྒྱུན་བོད་རིགས་རྣམས་ནི་རྗེས་ལུས་ཡིན་པའི་ལྟ་ཚུལ་བཟུང་སྟེ། བོད་རིགས་སློབ་མ་ཚོར་མཐོང་ཆུང་དང་ལྟ་སྟངས་ངན་པ་བཟུང་བ་དང་། བོད་རིགས་སློབ་མ་ཚོས་རྒྱ་རིགས་སློབ་མའི་མཐོང་ཆུང་གི་རྣམ་འགྱུར་དེར་བཟོད་སྒོམ་བྱེད་མ་ཐུབ་པར། མཚམས་རེར་རྒྱ་རིགས་སློབ་མ་ཚོར་རྡུང་རྡེག་གཏོང་བཞིན་པར་བརྟེན། རིམ་གྱིས་རྒྱ་བོད་སློབ་མའི་བར་འཁོན་སེམས་ཆེ་རུ་གྱུར་ཏེ། ད་ཐེངས་ཀྱི་རྒྱ་བོད་སློབ་མའི་འཁྲུག་འཛིང་དོན་རྐྱེན་དེ་བྱུང་བ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་རེད།
ཟི་ཁྲོན་ཁྲིན་ཏུའུ་ལྕགས་ལམ་བཟོ་སྐྲུན་ཆེད་ལས་འབྲིང་རིམ་སློབ་གྲྭའི་ནང་ཁྱོན་བསྡོམས་རྒྱ་རིགས་སློབ་མ་སྟོང་ཕྲག་ ༣༠༠༠ ལྷག་དང་། བོད་རིགས་སློབ་མ་ ༣༠༠ ཙམ་ཡོད་འདུག སློབ་གྲྭ་དེ་གར་ཡོད་པའི་བོད་རིགས་སློབ་མ་རྣམས་ནི། དེང་སྐབས་རྒྱ་གཞུང་གིས་བོད་རིགས་འཛིན་གྲྭ་ཞེས་པའི་མིང་ཐོག་ནས། རྒྱའི་ནང་ལོག་ས་ཁུལ་ཁག་ནང་བོད་རིགས་སློབ་མ་སྡེབས་གཏོང་བྱེད་ཡོད་པའི་ལས་གཞི་ལྟར་བཏང་བ་ཞིག་ཡིན་འདུག
ད་རིང་རྒྱ་རིགས་སློབ་མ་ཚོས་བྱེད་སྟངས་དེ་ཡི་མ་འོངས་པར་བོད་རྒྱ་གཉིས། ༧རྒྱལ་བའི་བཀའ་དགོངས་བཞིན་གཉིས་སྨན་དབུས་མའི་ལམ་དུ་གནས་ཐུབ་རྒྱུའི་བར་ཆད་ཞིག་མིན་འགྲོ། ད་དུང་མུ་མཐུད་རྒྱ་རིགས་ཚོའི་ང་ཚོ་བོད་པར་མཐོང་ཆུང་མུ་མཐུད་བྱས་པ་ཡིན་ཚེ། གཏན་གཏན་རང་བཙན་གྱི་ལམ་དུ་གོམ་པ་སྤོ་ཀྱང་བྱེད་དགོས། བོད་ཀྱི་གཞོན་ནུ་ཚོགས་པ་རྒྱལ་གྱུར་ཅིག
རྒྱ་ཡིས་བོད་ལ་རྡུང་།་་་་་་་་་ ལོ་ངོ་བརྒྱ་ཁྲག་གི་སྔོན་ནས་འདིའི་བར།
གཏུབ།་་་་་་་་་་་ མེ་སྒྱོགས་འཕྲུལ་འཁོར་དང་རྡོ་དང་གབྱུགས་པས།
བསད།་་་་་་་་་ བྱིས་པ་དམར་འབྱར་ནས་ཁྲིའི་སྟེང་གི་བླ་མ་ཡན་ཆད།
འཕྲོག་་་་་་་་་་ རྒྱུ་ཆུང་ཁབ་ནས་གནམ་ས་སྟིང་འོག།
ཇི་སྲིད་བར་དུ་རྡུང་དགོས་སམ།་་་་་་་་་ བསམ་བློ་རྣ་རུ་ཅུག་ནས་ཅིག་སོམས་དང་།
ཅི་ཕྱིའི་རྡུང་དགོས་སམ།་་་་་་་་་་ གཡུལ་འཐབ་ཀྱི་ལོ་རྒྱུས་དེ་ཅིག་སྒོམས་དང་།
རྡུང་ནས་ཡོང་བའི་བོད་པ།་་་་་་་་་་་་ ཅི་ཞིག་གྲ་སྒྲིགས་ཐུབ་སོང་། ཇི་ལྟར་ཕམ་ལས་རྒྱལ་དགོས།
སྤུན་ཟླ།་་་་་་་་་་ གྲོས་ཅིག་སྟོན་དང་།
མྱི་རྒོད་ཚོར།་་་་་་་་་ གྱོད་ཞིག་གཤོམས་དང་།
བློ་མ་ཕམ།་་་་་་་་་་ བདེན་པའི་དྲིལ་བརྡ་དེ་བཀྲོལ་དང་།
སྙིང་མ་ཞུམ།་་་་་་་་་ རྫུན་པའི་ལྟག་ཁ་གཏོར་དང་།
དགྲ་ཡིས་རྡུང་ན་རྡུང་རུང་།་་་་་་་་་་་ ངོ་མི་ཚ།
གཉེན་གྱིས་རྡུང་ན་རྡུང་མི་རུང་།་་་་་་་་་ གྲི་མ་མ་འཕུར།
དེས་ན་ཆོལ་གསུམ་གྱི་སྤུན་ཟླ།་་་་་་་་་ ཁྱེད་ཅག་ལ་མྱི་གཞིགས་ཚང་ན།
མཐུན་སྒྲིལ་བྱོས་དང་།
ལ་རྒྱ་སོམས་དང་།
སེམས་རྒྱ་བསྐྱོད་ནས་མགོ་བོ་སྒུལ་བའི་མི་རིགས་འདིར་སྐྱོབ་དང་།
དཔུང་པར་གཤིབས་ནས་བདེན་པའི་འཐབ་རྩོད་གནོངས་དང་།
མཐུན་སྒྲིལ་བྱོས་ནས་དབུ་འཕོང་ཡར་ལ་གྱེལ་དང་།
གཏོར་བཅོས་འདིར་བལྟས་ནས་་་་་་་་་་དྲན་པར་སོངས་དང་།
རྡུང་བརྡེག་འདིར་གཟིགས་ནས་་་་་་་་་དཔུང་སྒྲིགས་བྱོས་དང་།
འཁྲུགས་འཛིང་དེར་འཛིན་ནས་་་་་་་་ལམ་ཞིག་སྟོན་དང་།
ངན་འབྲེལ་དེར་སེམས་ནས་་་་་་་་་་་་ལ་རྒྱ་སྒྲོགས་དང་་་་་རང་དབང་སྒྲོགས་དང་་་་་་་བོད་རྒྱལ་དང་་་་་་་བོད་རིགས་སྐྱོབ་དང་་་་་་་རང་བཙན་རྩོད་དང་་་་་་་་ལོངས་ཤིགས་་་་་་་ཆོལ་གསུམ་སྤུན་ཟླ་་་་་་་མཉམ་དུ་ལོངས་ཤིགས་་་་་་ལོངས་ཤིགས་་་་ལོངས་ཤིགས་་་་་་་་་་་་
དྲྭ་བདག་དང་དྲྭ་གྲོགས་ཚོར་ཞུ་རྒྱུར། འོད་ཟེར་ལགས་ཀྱིས་རང་ཉིད་ཀྱི་གདོང་དེབ་ཐོག་གནས་ཚུལ་འདིའི་ཐད་དག་བཅོས་ཤིག་བྱས་འདུག སློབ་གྲྭ་འདིའི་ནང་བོད་རིགས་སློབ་མ་བརྒྱ་ཙམ་ལས་ཡོད་མི་སྲིད་པས་སུམ་བརྒྱ་ཟེར་བ་འདི་མ་དག་པ་རེད། ཅེས་རྒྱ་ཡིག་ཐོག་བཀོད་འདུག་པར་མ་ཟད་གསར་འགྱུར་བརྒྱུད་ལམ་ཁག་ཏུའང་དེ་ལྟར་ནོར་བཅོས་ཡོང་བའི་འབོད་སྐུལ་བྱས་འདུག
དངོས་གནས་དེ་རིང་གི་གསར་འགྱུར་འདིས་ངའི་སེམས་པ་ཡོངས་སུ་སྐྱོ་གདུང་ཁེགས་སོང་།
དངོས་ནས་ཧ་ལས་པའི་འཁྲུགས་པ་ཆེན་པོ་ཤོར་ཡོད་ཟོ་འདུག་ག རྒྱ་བོད་གཉིས་ཀྱི་སློབ་མའི་བར་འཁྲུགས་རྩོད་ཤོར་བའི་གནད་དོན་དེ་ཡང་སྙིང་རྒྱུ་རྐྱེན་གང་ལ་རྟེན་ནས་བྱུང་ཡོད་ན། གནས་ཚུལ་དེའི་ཡོང་གཞི་རྩ་བ་གང་ལ་ཐུག་པ་ཡིན་མིན་གསལ་པོ་ཤེས་རྒྱུ་དེ་གལ་འགངས་ཆེ་བར་མཐོང་ལ། གནད་དོན་དེ་ལ་རྒྱ་གཞུང་གི་ངོས་ནས་ལྟ་ཚུལ་གང་འདྲ་ཞིག་དང་། ཐག་གཅོད་གང་འདྲ་ཞིག་བྱེད་ཀྱི་ཡོད་མེད་ལ་ང་ཚོས་ཉམས་ཞིབ་ཡག་པོ་ཅིག་བྱེད་རྒྱུ་ཡང་དེ་བས་གལ་ཆེ། ཕྱིས་སུ་རྒྱ་གཞུང་ནས་ཀྱང་གནད་དོན་དེ་ལ་ཐག་གཅོད་གཙང་མ་གང་འདྲ་ཞིག་བྱུང་མིན་་གྱི་གནས་ཚུལ་ཁོ་སྤྲོད་གནང་རོགས་གནང་། ཐུགས་རྗེ་ཆེ།
གསར་འགྱུར་འདི་མཐོང་དུས་ངོ་མ་རླུང་ལངས་ནི་ཞིག་རེད་ད། ད་ནི་རྒྱ་མི་ཚོས་ཀྱང་ཧམ་པ་ཆེན་པོས་བོད་མི་རིགས་ལ་མཐོང་ཆུང་གནའ་གནོན་བྱེད་པ་ནི་དགོད་བྲོ་བ་ཞིག་ཡིན་ཏེ། ངོ་མ་བཤད་ན་རྒྱ་མི་རིགས་ནི་ལྟོ་རྒྱབ་འགྲིག་སོང་ན། ཟ་རྒྱུ་འཐུང་རྒྱུ་རིགས་ན་རང་དབང་དང་མང་གཙོ་བ་ཟེར་བ་སོགས་ཡོད་ཚད་བློས་གཏོང་མཁན་གྱི་མི་རིགས་སྡར་མ་ཞིག་ཡིན་པ་ནི་འདས་པའི་མི་ལོ་སུམ་བཅུ་ལྷག་གི་རིང་དུ་ཁོ་ཚོས་ལྟོ་རྒྱབ་ཀྱི་སླད་དུ་གཞན་ཅི་བཤད་མ་ནུས་པ་རེད། བོད་མི་རིགས་ནི་ལྟོ་རྒྱབ་འགྲིག་ན་ཡོད་ཚད་འགྲིག་སོང་བའི་མི་རིགས་སྡར་མ་ཞིག་གཞར་ཡང་མིན་པ་ང་ཚོའི་འཐབ་རྩོད་ཀྱི་བརྒྱུད་རིམ་དག་གིས་གསལ་བོ་བསྟན་ཡོད་པ་ཡིན་པས། ད་ནི་བཙན་པོའི་རྡོ་རིང་ན་ཡོད་པའི་རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུན་ན་སྐྱིད་ཅེས་པ་ལྟར་ང་ཚོས་བདག་དབང་འཐབ་རྩོད་བྱེད་དགོས་པ་ལས་དབུ་མིའི་ལམ་ཡིན་ན་ཞིག་ཟེར་ནས་ངོ་དགའ་སྦྲེལ་ལྷད་བྱས་ནས་ཅི་ཡང་ཡོང་རྒྱུ་མེད་པ་གསལ་བོ་ཆགས་འགྲོ་གི་འདུག་ད།
སེམས་མ་སྐྱོ། བློ་མ་ཕམ། རླབས་ཆེན་གྱི་མི་རིགས་ཤིག་གི་ཁྱད་རྟགས་མངོན་འོངས་ས་འདི་འདྲའི་སྐབས་ཡིན་པས། གང་ལྟར་ཀྱང་བཙན་པོའི་བུ་རྒྱུད་ཡིན་པའི་གནས་ལུགས་ནི་ནམ་ཡང་འབྲི་དགོས།
གོང་ལ་ཞུ་གཏུགས་དང་།
ཁྲིམས་ཐོག་ནས་གནད་དོན་གཙང་བཟོ་ལ་འབད་དགོས།
བོད་རིགས་ཚོ། འུ་ཐུག་ན་མ་གཏོགས་ལམ་སེང་མཆོངས་རྒྱག་བྱེད་མི་ཉན།
གནས་ལུགས་འགྲོ་ས་ཡོད་མེད་ལ་མ་ལྟོས་པར་ངེས་པར་དུ་བཤད་དགོས།
བོད་རིགས་ཚོ། ང་ཚོ་བོད་པ་བོད་ཡུལ་ཡོད་དུས་གཉའ་ཆག་དགོས་བགྱིད་ཡོད་མ་རེད། འོན་ཀྱང་ཡ་རབས་ཉམས་ཆུང་དང་། དྲང་བདེན་རྣམ་དཔྱོད་དང་། ལྡན་པའི་སྒོ་ནས་ཡར་ལེན་ཨ་མ་དྲན་དགོས་པ་ཅིག་སློག་དགོས་རེད་གདའ། དེ་ཡང་འཚེ་མེད་ཞི་བའི་སྒོ་ནས་་་་་་་
བློ་རིག་བཀྲ་བའི་བོད་ཀྱི་ན་གཞོན་སློབ་མ་རྣམས་ཀྱང་མཐོང་ཆུང་དང་ཁྱད་གསོད་དེའི་འདྲའི་འོག་ནས་གཉའ་གནོན་གཏོང་བཞིན་པའི་གནས་འདི་མཐོང་མ་ཐག་སེམས་ནང་ན་ཟུག་དང་སྡུག་བསྔལ་གྱི་འཚོར་བས་སེམས་ནང་སྐྱོ་སྣང་ཞིག་སྐྱེས་བྱུང་ཡ།
རྒྱ་རིགས་དང་བོད་རིགས་སློབ་མའི་དབར་གནས་ཚུལ་དེ་འདྲ་ལྷག་དགོས་པའི་རྒྱུ་རྐྱེན་གཙོ་བོ་དེ་གང་ལ་ཐུག་ཡོད་མེད་ཀྱི་གསར་འགྱུར་གསལ་ཁ་མེད་སྟབས། གང་མགྱོགས་གནས་ཚུལ་གསལ་པོ་ཆགས་པའི་རེ་བ་ཡོད།
མ་གཞི་ད་ལྟའི་འཆར་བོད་དང་བོ་རིགས་རྣམས་ངན་སོང་གི་སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་སྐབས་ཡིན་ནའང་ཉིན་གཅིག་ང་ཚོར་རྒྱལ་ཁ་འཐོབ་རྒྱུའི་རེ་བ་སྙིང་ལ་བཅངས་ནས་མུ་མཐུད་འཐབ་རྩོད་བྱེད་དགོས།
གནས་ཚུལ་འདི་མདང་ནུབ་གོ་སོང་། འོན་ཀྱང་རྒྱ་བོད་སློབ་མའི་བར་དོན་དངོས་ཐོག་རྩོད་གཞི་ཅི་ཞིག་བྱུང་མིན་སུས་ཀྱང་བཤད་མི་འདུག རུབ་རྡུང་། ཉལ་ཁང་གཏོར་བཅོམ། ཚིག་འདི་མཐོང་བ་དང་སྔར་སུ་ཇ་སློབ་གྲྭའི་རུབ་རྡུང་དྲན་ཡོང་གི་འདུག
ངོ་མ་སྐྲག་གི ཤ་གསེང་ནས་འདར་སིག་རྒྱག་གི