ཁ་སང་ཕྱི་ཚེས་ ༡༩ ཉིན་སེ་རི་ཡའི་གཞུང་གིས་ཨ་རབ་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་ལྟ་ཞིབ་པ་དང་གསར་འགོད་པ་སེ་རི་ཡའི་ནང་གཏོང་དགོས་པ་དང་། གྲོང་ཁྱེར་ཁག་ནང་གི་དྲག་ཆས་དམག་མི་ཕྱིར་བསྡུ་བྱ་དགོས་པའི་ཆ་རྐྱེན་ཁས་ལེན་བྱས་འདུག
ཉེ་ཆར་ཨ་རབ་མཐུན་ཚོགས་ཀྱིས་སེ་རི་ཡའི་གཞུང་ལ་རྒྱལ་སྤྱིའི་ལྟ་ཞིབ་པ་དང་གསར་འགོད་པ། རང་དབང་འགྲོ་བ་མིའི་ཐོང་ཐབ་ལས་གཉེར་པ་སོགས་སེ་རི་ཡའི་ནང་གཏོང་དགོས་པ་དང་། དེ་བཞིན་སེ་རི་ཡའི་གྲོང་ཁྱེར་ཁག་ནང་ཡོད་པའི་གཞུང་གི་དྲག་ཆས་དམག་དང་མཚོན་ཆ་རྣམས་ཕྱིར་བསྡུ་བྱས་ཏེ། ཞི་རྒོལ་ཕྱོགས་ཁག་དང་ལྷན་དུ་རྒྱལ་ཁོངས་ཞི་འཇགས་ཡོང་པར་གྲོས་བསྡུར་བྱ་དགོས་པའི་གྲོས་དོན་ཆ་རྐྱེན་བཏོན་ཡོད་ཅིང་། གྲོས་དོན་དེར་ཁས་ལེན་མ་བྱས་ཚེ་ཨ་རབ་མཐུན་ཚོགས་ཀྱི་ཁོངས་མི་རྒྱལ་ཁབ་དག་གིས་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ལ་འབོད་སྐུལ་བྱས་ཏེ། སེ་རི་ཡའི་ནང་རྒྱལ་སྤྱིའི་དམག་དཔུང་གཏོང་རྒྱུ་ཡིན་པའི་ཉེན་བརྡ་བཏང་པར། ཕྱི་ཚེས་ ༡༩ ཉིན་སེ་རི་ཡའི་གཞུང་གིས་ཁས་ལེན་བྱས་ཡོད་འདུག
སེ་རི་ཡའི་ཕྱི་སྲིད་བློན་ཆེན་ཝ་ལེ་ཌི་(Walid al-Moallem) ཡིས་གྲོས་དོན་ལ་ཁས་ལེན་མཚན་རྟགས་བཀོད་པ་དེ་ནི་སེ་རི་ཡའི་གཞུང་དང་ཨ་རབ་མཐུན་ཚོགས་པར་མཉམ་ལས་ཡོང་རྒྱུའི་མགོ་བརྩམས་པ་ཞིག་དང་། ཨ་རབ་མཐུན་ཚོགས་ཀྱི་ལྟ་ཞིབ་མི་སྣ་ཚོར་དགའ་བསུ་ཡོད་པར་བརྗོད་འདུག་ལ། ཨ་རབ་མཐུན་ཚོགས་ཀྱི་ཚོགས་གཙོ་ནཱ་བྷེལ་(Nabil Elaraby) ཡིས་ལྟ་ཞིབ་མི་སྣ་ ༥༠༠ ཙམ་ཉིན་གཅིག་གཉིས་ནང་སེ་རི་ཡར་འགྲོ་རྒྱུ་ཡིན་པ་དང་། ཁོང་ཚོ་སྡེ་ཚན་ ༡༠ ཙམ་དུ་བགོས་ཏེ་སེ་རི་ཡའི་ས་གནས་གང་སར་ལྟ་ཞིབ་ཏུ་འགྲོ་འཆར་ཡིན་པར་བརྗོད་ཡོད་འདུག
གཟའ་ཟླ་བའི་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེ་རི་ཡའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་པའི་དྲག་གནོན་ལ་སྐྱོན་བརྗོད་དང་། འཕྲལ་དུ་གཞུང་གི་དྲག་གནོན་མཚམས་འཇོག་དང་ཨ་རབ་མཐུན་ཚོགས་ཀྱིས་གྲོས་དོན་ལ་ཕྱིར་འགྱང་མེད་པར་ལག་བསྟར་བྱ་དགོས་པའི་གནོན་ཤུགས་སྤྲད་ཡོད་འདུག
རྗེས་སུ་སེ་རི་ཡའི་གྱེན་ལངས་ཕྱོགས་ཁག་གིས་ཕྱི་ཚེས་ ༡༩ ཉིན་གཞུང་དམག་མང་པོ་ཞིག་དམག་སྒར་ནས་ཐོན་ཏེ་གྱེན་ལངས་མི་མང་གི་ཕྱོགས་སུ་ཕྱིན་སྐབས།གཞུང་གིས་ངོ་ལོག་དམག་མི་ཚོའི་སྟེང་མེ་མདའ་བརྒྱབ་སྟེ་མི་མང་ཕྱོགས་སུ་ལངས་པའི་དམག་མི་ ༧༠ ཙམ་དམར་གསོད་དང་། དེ་བཞིན་ས་ཁུལ་གཞན་ཁག་ཅིག་ནང་མི་མང་ ༣༠ ཙམ་དམར་གསོད་བཏང་ཡོད་པར་བརྗོད་འདུག
གསར་འགོད་པ། བནྡེ་སྐྱབས།