བྷེལ་རྗེམ་གནས་སྡོད་ཨ་རིག་དགེ་མཚན་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེ་རིང་རྒྱའི་ལོ་སར་ཚེས་ ༡ ཉིན་སྟེ། ཕྱི་ཟླ་ ༡ པོའི་ཚེས་ ༢༣ ཉིན་གྱི་སྔ་དྲོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་མགོ་རྫོང་གི་གེ་འཕན་ལུ་ཁོག་མ་དང་ནོར་པ་ས་ཁུལ་བཅས་ཀྱི་བོད་མི་ཚོས་བོད་ཀྱི་རྒྱལ་དར་འཕྱར་བཞིན་ “ བོད་ལ་རང་དབང་དགོས། ” ཞེས་རྒྱ་ནག་གཞུང་ལ་ཞི་བའི་སྐད་འབོད་བྱས་སྐབས། རྒྱ་ནག་ཉེན་རྟོག་མི་སྣས་མེ་མདས་བརྒྱབ་ཏེ་མིང་ལ་ཡོན་ཏན་འབོད་པའི་བོད་མི་ཞིག་དམར་གསོད་བཏང་བ་དང་། དགེ་འདུན་པ་ ༣ ལ་རྨས་སྐྱོན་ཚབས་ཆེན་བཟོས་འདུག ད་ཆར་ས་གནས་བོད་མི་ཚོས་ཡོན་ཏན་ལགས་ཀྱི་སྐུ་ཕུང་བྲག་མགོ་དགོན་དུ་ཉར་ཐུབ་ཡོད་པ་ལས། དགེ་འདུན་པ་གཞན་རྣམས་ཤི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོགས་མི་འདུག་ལ། དེ་རིང་གི་ལས་འགུལ་ཁྲོད་ཉེན་རྟོག་པས་ཁྱོན་བོད་མི་ ༢༠༠ ཙམ་འཛིན་བཟུང་བྱས་ཡོད་འདུག
ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས། དེ་རིང་ལས་འགུལ་སྐབས་ཉེན་རྟོག་པས་མེ་མདས་བརྒྱབ་ཏེ། ལུ་ཁོག་མ་ནས་ཡིན་པའི་གེ་འཕན་ལོ་བརྒྱ་ཚང་གི་བུ་དང་། ནོར་པ་ནས་ཡིན་པའི་བུ་གཅིག་བཅས་བསད་ཡོད་པ་མ་ཟད། བོད་མི་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་ཚུལ་བརྗོད་ཡོད།
༄༅།།ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡ པོའི་ཚེས་ ༢༣ ཉིན་ཁམས་ཏྲེ་ཧོར་བྲག་མགོའི་སེར་སྐྱ་མང་ཚོགས་ཧ་ཅང་མངས་པོས་བྲག་མགོའི་རྫོང་གི་ཁྲོམ་གཞུང་སུམ་མདོ་རུ་འདུས་ནས་རྒྱ་གཞུང་ལ་ངོ་རྒོལ་ཤུགས་དྲག་བྱས་ཡོད་ཅིང་། དེ་ཡང་ཐོག་མར་མི་མངས་དེ་དག་གིས་རྫོང་གི་གཞུང་ལམ་སུམ་མདོ་རུ་འདུས་ནས་འབོད་ཚིག་ཏུ་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ང་ཚོ་བོད་ལ་རང་དབང་མི་འདུག་པས་ང་ཚོ་ལ་རང་དབང་དགོས་ཞེས་པ་སོགས་ཀྱིས་སྐད་འབོད་བྱས་ཡོད་པ་དང་། རིམ་གྱིས་མི་དམངས་ཇེ་མང་དུ་སོང་ཞིང་ཚང་མས་གཞུང་ལམ་གཤེགས་ནས་བྲག་མགོའི་རྫོང་ཉེན་རྟོགས་ལས་ཁུངས་ཀྱི་ཕྱོགས་སུ་ཐོན་ཡོད་འདུག མི་སེར་སྟོང་ཕྲག་མང་པོས་སྐད་གསང་ཤིན་ཏུ་མཐོན་པོས་མགྲིན་གཅིག་ཏུ་གོང་གི་འབོད་ཚིག་དེ་དག་བསྒྲགས་ནས་ངོ་རྒོལ་མཚམས་མེད་དུ་བྱེད་བཞིན་ཉེན་རྟོགས་ལས་ཁུངས་ཀྱི་འགྲམ་དུ་སླེབས་གྲབས་བྱེད་སྐབས་རྒྱ་གཞུང་གི་དྲག་དམག་དང་ཉེན་རྟོགས་པས་དྲག་གནོན་བྱས་ནས་རང་ལོ་ ༤༩ ཡིན་པའི་མི་སྐྱ་ཡོན་ཏན་གྱི་མགོ་ལ་མེ་མདའ་བརྒྱབ་ནས་དཀྲོངས་ཡོད་པ་དང་། (ད་དུང་གཞན་པ་ཤི་ཡོད་མེད་ཀྱི་གནས་ཚུལ་གསལ་པོ་མ་ཤེས) སྐྱ་སེར་གང་མང་ལ་རྨས་སྐྱོན་ཚབས་ཆེན་ཐེབས་ཡོད་འདུག་ན་ཡང་དེ་དག་གི་མཚན་ཐོས་ཚང་མ་ང་ཚོས་གསལ་རྟོགས་མ་བྱུང་ཡང་ང་ཚོས་ཤེས་གསལ་བྱུང་བ་རྣམས་གཤམ་གསལ་ལྟར་ཡིན།
འདས་གྲོངས་སུ་སོང་བ།
༡༽ ནོར་པ་ཡོན་ཏན། ལོ་༤༩
རྨས་སྐྱོན་ཕོག་རྣམས།
༡ ༽ ཁུ་མིག་ཚུལ་ཁྲིམས། ལོ་༢༨ གྲྭ་པ། ༢ ༽ ཚར་བ་དུང་ལོ། ལོ་༣༡ ༣ ༽ ནོར་པ་བསོད་ནམས། ༤ ༽ ནོར་པ་བསོད་རྒྱས།
༥ ༽ ནོར་པ་བློ་བཟང་མགོན་པོ། ༦ ༽ ནོར་པ་བདུད་འདུལ། ༧ ༽ ནོར་པ་འཇམ་དབྱངས་ཤེས་རབ། ༨ ༽ ནོར་པ་དབང་ཆེན།
༩ ༽ ནོར་པ་ཚེ་རིང་རྒྱལ་མཚན། ༡༠ ༽ ནོར་པ་སངས་རྒྱས་རྒྱ་མཚོ། ༡༡ ༽ ནོར་པ་རྣམ་རྒྱལ་དོན་འགྲུབ། ༡༢ ༽ སུ་རྒྱས་བཀྲིས་རབ་བརྟན།
༡༣༽ རྦ་དག་བསོད་ནམས་འཕྲིན་ལས། ༡༤༽ སུ་རྒྱས་དགྲ་འདུལ། ༡༥ ༽ རྦ་དག་བཀྲིས་ནོར་བུ། ༡༦ ༽ རྦ་དག་བསོད་ནམས་འཕྲིན་ལས། གྲྭ་པ།
༡༧ ༽ ནོར་པ་རིན་ཆེན་འཕྲིན་ལས། ༡༨ ༽ ཚར་ཆུ་ཁ་པ་ཚེ་དབང་། ༡༩ ༽ནོར་པ་ཡེ་ཤེས་རིག་གསལ། གྲྭ་པ། ལོ་ ༤༠། ༢༠༽ཀ་པ་འཇམ་དབྱངས་། ལོ་༢༦
༢༡ ༽ ནོར་པ་བསྟན་པ། ལོ་༢༦ ། ༢༢ ༽ ཚར་ཆུ་ཁ་པ་ཉི་མ། ༢༣ ༽ ལི་ཁོག་འོད་ཟེར། ལོ་༤༥། ༢༤ ༽ ལི་ཁོག་པདྨ་ཆོས་གྲགས།
༢༥ ༽ རིག་འཛིན་དབང་ཕྱུག གྲྭ་པ། ལོ་༢༣ ། ༢༦ ༽ ནོར་པ་གཡུ་ཕྲུག།ལོ་༥༠ ༢༧ ༽ ལི་ཁོག་ཚེ་རིང་དབང་ཕྱུག། ༢༨ ༽ ལི་ཁོག་རྒྱ་ཤེས་འོད་ཟེར། ལོ་༤༦
༢༩ ༽ ནོར་པ་བློ་གྲོས། ༣༠ ༽ ནོར་པ་ཆོས་བཞི། ལོ་༢༧ ༣༡ ༽ དགོན་རྙིང་བ་བསྟན་འཛིན་དར་རྒྱས། གྲྭ་པ། ལོ་༤༣ ༣༢ ༽ འཆི་མེད་བློ་གྲོས།
༣༣ ༽ ནོར་པ་བྱམས་རྣམ། ལོ་༢༧༣༤ ༽ ནོར་པ་དབང་རྒྱལ། ལོ་༣༨། ༣༥ ༽ ནོར་པ་ཡེ་ཚེ། ལོ་༥༤
༣༦ ༽ ནོར་པ་བྱམས་པ་དོན་འགྲུབ།
སོགས་གོང་འཁོད་རྨས་མ་དེ་དག་གི་ཁྲོད་ནས་བསྟན་འཛིན་དར་རྒྱས་ལ་མེ་མདའ་ཕོག་སྟེ་མདེའུ་ཁོག་པའི་ནང་དུ་ལུས་ནས་ད་སྐབས་ཁ་གྲག་ཐུབ་ཀྱི་མེད་པ་དང་། དགྲ་འདུལ་དང་ཡེ་ཤེས་ཚེ་རིང་༼ཡེ་ཚེ༽སོགས་ལ་ཡང་མེ་མདས་རྨས་སྐྱོན་ཚབས་ཆེ་ཐེབས་ནས་ཤིན་ཏུ་ཛ་དྲག་ཏུ་ལུས་ཡོད་པས་ཁོང་ཚོ་ཡང་སྲོག་ཉེན་ལས་ཐར་ཧ་ཅང་དཀའ་བའི་གནས་སུ་གྱུར་ཡོད་འདུག་གནས་ཚུལ་དེ་དག་བྱུང་བའི་རྗེས་སུ་བྲག་མགོའི་ཉེ་འགྲམ་རྟའུ་ནས་ཀྱང་སེར་སྐྱ་མི་མང་རླངས་འཁོར་བཞི་བཅུ་ལྷག་ཙམ་ཞིག་བྲག་མགོ་རུ་འབྱོར་ནས་སྨོན་ལམ་གསུངས་པ་སོགས་གདུང་སེམས་མཉམ་བསྐྱེད་བྱས་ཡོད་པའི་གནས་ཡོད་འདུག་པ་སོགས་ཧ་ཅང་ཛ་དྲག་ངང་གནས་ཡོད་འདུག གནས་ཚུལ་དེ་དག་ང་ཚོས་འཕྲལ་དུ་རྙེད་སོན་བྱུང་བ་ཡིན་པས་ཞིབ་ཕྲའི་གནས་ཚུལ་ད་དུང་འཚོལ་བཞིན་ཡོད།
ཡོངས་ཁུངས་བཀྲ་ཤིས་ཉི་མའི་ངོ་དེབ་ཡིན།
རྒྱ་གཅེས་པ་ཡིན་ཏན་དང་དེའི་ནང་མི་གཙོས་བྲག་མགོ་བ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ།
གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།
མྱ་ངན་དང་གུས་འདུད་ཚད་མེད་ཞུ།།
༢༠༡༢་་་༡་་་༢༣ ཉིན།
ཁམས་བྲག་མགོའི་གནས་ཚུལ་ཛ་དྲག་ཏུ་འགྲོ་བཞིན་པ།
དེ་རིང་ཞོགས་པ་ནས་བཟུང་བྲག་མགོ་རྫོང་དུ་བོད་མི་ཚོས་ཡར་ལངས་བྱས་པར་རྒྱ་གཞུང་གིས་དྲག་གནོན་བྱེད་བཞིན་པར་བརྟེན། ཛ་དྲག་གི་གནས་ཚུལ་ཡོང་བཞིན་ཡོད་པ་དང་། ད་ལྟའི་ཆར་བྲག་མགོ་རྫོང་གི་ཉེ་འགྲམ་རྟའུ་རྫོང་དང་དཀར་མཛེས་རྫོང་གི་བོད་མི་གང་མང་ཞིག་ཀྱང་བྲག་མགོ་རྫོང་ཐོག་ཏུ་ཡོང་གི་ཡོད་འདུག གནས་ཚུལ་ངོ་སྤྲོད་བྱེད་མཁན་དེས་བརྗོད་གསལ་ལྟར་ན་མི་དྲུག་བསད་ཟིན་པ་དང་། རྨས་སྐྱོན་ཕོག་པ་མང་པོ་ཡོད་འདུག
འབྲེལ་ཡོད་བརྒྱུད་གནས་ཚུལ་འབྱོར་གསལ་ལྟར་ན། ད་ནངས་ཞོགས་པ་ནས་བཟུང་བྲག་མགོ་རྫོང་དུ་བོད་ལ་རང་དབང་དགོས་པ་དང་རྒྱ་མིའི་འོག་ཏུ་སྡོད་འདོད་མེད་པའི་སྐད་འབོད་བྱས་ཡོད་པ་དང་། རྒྱ་གཞུང་གིས་དྲག་གནོན་བྱས་ནས་བོད་མི་ལྔ་དྲུག་ཅིག་བསད་ཡོད་པ་དང་། བོད་མི་གང་མང་ཞིག་ལ་རྨས་སྐྱོན་བཏང་ཡོད་འདུག བོད་མི་རྣམས་ཀྱིས་ཐོག་མ་ཞི་རྒོལ་ཁོ་ན་བྱས་ཡོད་ཀྱང་། བོད་པ་གང་མང་ཞིག་དམར་གསོད་དང་རྨས་སྐྱོན་བཏང་བའི་རྗེས་སུ་བོད་མི་རྣམས་འུ་ཐུག་ནས་འཁྲུགས་འཛིངས་བྱུང་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད། ད་ལྟའི་ཆར་འཁྲུགས་འཛིང་ཅུང་ཙམ་མཚམས་ཆད་ཡོད་ཀྱང་། རྟའུ་རྫོང་ཁོངས་ཀྱི་བོད་མི་དང་། དཀར་མཛེས་རྫོང་ཁོངས་ཀྱི་བོད་མི་གང་མང་ཞིག་ཀྱང་བྲག་མགོ་ཁུལ་དུ་ངོ་རྒོལ་བྱེད་པར་ཡོང་དང་ཡོང་བཞིན་ཡོད་འདུག
རྨས་སྐྱོན་ཕོག་པ་རྣམས་ད་ལྟའི་ཆར་བྲག་མགོ་དགོན་པའི་སྨན་ཁང་དུ་ཡོད་པ་དང་། བྲག་མགོ་རྫོང་གི་སྨན་ཁང་དུ་སྐྱེལ་རྒྱུར་དོགས་པ་བྱེད་མཁན་གང་མང་བྱུང་ཡོད་འདུག བསད་ཟིན་པའི་ཁོངས་ནས་བྲག་མགོ་རྫོང་ཁོངས་གེ་འཕན་ལུ་ཁོག་མའི་གེ་འཕན་ལོ་བརྒྱ་ཚང་གི་བུ་གཅིག་དང་། བྲག་མགོ་ནོར་པ་འབྲོག་སྡེ་ནས་ཡིན་པ་བྲག་མགོ་རྫོང་ཁོངས་ཆ་ནང་དགོན་པའི་སྤྲུལ་སྐུ་བྱམས་པ་མགོན་པོའི་སྤུན་ཆེ་བ་ཡོན་ཏན་གཉིས་ཡིན་པ་དང་། ད་དུང་མི་གསུམ་བཞི་ཞིག་བསད་ཡོད་ཚུལ་ཡང་བརྗོད་སོང་། རིམ་པས་གནས་ཚུལ་ཁ་གསལ་བྱུང་མཚམས་མུ་མཐུད་འགོད་རྒྱུ་ཡིན།།
རྨས་མའི་ཁོག་ནས་མདེའུ་འདོན་མ་ཐུབ་པར་ཛ་དྲག་ཏུ་གྱུར་པ།
ད་ལྟའི་ཆར་ཁམས་བྲག་མགོ་རྫོང་དུ་རྨས་སྐྱོན་ཕོག་པ་གང་མང་ཞིག་ཡོད་འདུག་པ་དང་། དེའི་ནང་ནས་བྲག་མགོ་དགོན་པའི་སྨན་པ་རྒན་བསྟན་འཛིན་དར་རྒྱས་ཞེས་པར་རྒྱ་དམག་གི་མེ་འདའ་ཕོག་ཡོད་པ་དང་། ད་ལྟའི་ཆར་ཁོག་ནས་མདེའུ་འདོན་མ་ཐུབ་པར་ཁོང་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་འདུག
འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ད་ལྟའི་ཆར་བྲག་མགོ་དགོན་པའི་ཆོས་རའི་ནང་དུ་བོད་མི་སྟོང་ཕྲག་དྲུག་ལྷག་འཛོམས་ཡོད་པ་དང་། རྟའུ་རྫོང་ནས་བོད་མི་རླངས་འཁོར་བཞི་བཅུ་ཙམ་བྲག་མགོ་རྫོང་དུ་སླེབས་ཟིན་ཡོད་འདུག བོད་མི་རྨས་སྐྱོན་ཕོག་པ་ཧ་ཅང་མང་པོ་ཞིག་ཡོད་འདུག་པ་དང་། དེའི་ནང་ནས་བྲག་མགོ་དགོན་པའི་སྨན་པ་བསྟན་འཛིན་དར་རྒྱས་ཞེས་པ་ཞིག་ཡོད་པ་ཁོང་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། མེ་མདའི་མདེའུ་ཁོག་པའི་ནང་དུ་ལྷག་ཡོད་པ་བྲག་མགོ་དགོན་པའི་སྨན་ཁང་ནས་འདོན་ཐུབ་ཀྱི་མེད་པ་དང་། བྲག་མགོ་རྫོང་གི་སྨན་ཁང་དུ་སོང་ན་མདེའུ་ཁོག་ནས་འདོན་ཐུབ་ཀྱང་། རྒྱ་གཞུང་གིས་རྐྱེན་འདས་གཏོང་སྲིད་པ་དང་། ཐ་ན་ཕུང་པོ་ཡང་ཕྱིར་རྩིས་སྤྲོད་མི་བྱེད་པར་དོགས་པ། གལ་སྲིད་རྨས་སྐྱོན་དྲག་ཙམ་བྱུང་ཡང་བཙོན་ཁང་དུ་འཇུག་སྲིད་པ་སོགས་ལ་དོགས་ནས་རྒྱ་གཞུང་གི་སྨན་ཁང་དུ་སྐྱེལ་ཕོད་ཀྱི་མེད་པས་ཁོང་གི་གནས་ཚུལ་ཛ་དྲག་ཏུ་གྱུར་ཡོད་འདུག།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༢, ༠༡, ༢༣’ )
དཔའ་བོ་འབོད་སྒྲ་ནམ་ཡང་རྒྱུན་ཆད་མི་སྲིད་ལ་
དཔའ་བོའི་མཛད་རྗེས་ནམ་ཡང་ལོག་འགྲེལ་བྱེད་མི་རུང
གནས་ཚུལ་ཅི་བྱུང་ཡང་དྲང་ཐད་ནས་གསར་ལམ་ཁག་ཏུ་བསྒྲགས་པ་ལས་
མི་སྒེར་དང་སྒེར་གིྱ་བསམ་ཐོག་ཏུ་འཐེན་བར་གནས་ཚུལ་མཁོ་སྤྲད་རྣམས་ཀིྱས་ཡིད་འཇགས་པ་གིྱས
གཞིས་ལུས་བོད་མི་རྣམས་ལ་ངས་ནམ་ཡང་བསྔགས་བརྗོད་དང་འབྲེལ། ཡིན་ན་ཡང་ཁྱེད་ཚོའི་ནམ་ཡང་སོ་སོའི་གཅེས་པའི་རང་སྲོག་བློས་བཏང་མ་བྱེད་རོགས།
འདི་ནི་ང་ཚོ་བོད་ལ་མཚོན་ན་ཆེས་ཧུ་ཐུག་ཐབས་ཟད་གི་གནས་ཚུལ་ཞིག་མ་རེད།
ཡུལ་གྱར་བ་ཚོ། ད་ལོངས་རན་སོང་། ཁྱེད་རང་ཚོ་ངོ་ཡང་མི་ཚའམ། ད་དུང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་བཅས་ཁྱེད་ཚོས་གང་ཞིག་བྱེད་གི་ཡོད་དམ། ཁྱེད་ཚོའི་དུས་འཁོར་དབང་ཆེན་ཚེ་ལ་ཞབས་འདེབས་སློང་བའི་དངུལ་རྣམས། ཟོས་ཏེ་ཉལ་ནས་བསྡད་ཡོད་དམ།
ཕོ་ཤུ་རེ། ཕོ་ཤུ་རེ། ཡུལ་གྱར་བ་ཚོ་་་་་་་་་་་་་་་་་་་་་་་
ཞི་བའི་ལས་འགུལ་དང་། དྲག་པོའི་དམར་གསོད། བདེན་པ་ཉིད་དུས་རྟག་ཏུ་རྒྱུ་རེད། འོན་ཀྱང་ང་ཚོ་དུས་རྟག་ཏུ་མིག་ཆུ་དང་མཉམ་དུ་ཕམ་ཡོད་ཡ།
གཞིས་བཞུགས་སྤུན་ཟླའི་སྙིང་སྟོབས་ལ་ཡི་རང་དང་མྱ་ངན་གུས་འདུད་ཞུ།
ཡུལ་བྱོལ་ཚོ་ངོ་མ་ཚ། བོད་ནང་རང་ལུས་བསྲེགས་པ་དེ་སེམས་ཀྱིས་མ་བཟོད་པར་མི་དམངས་མེ་མདའི་ཁ་རུ་ལངས། ཡར་ལངས་ཀྱི་འགན་འཁྲི་དེ་རང་དབང་ཡོད་པའི་ཡུལ་བྱོལ་ཚོར་ཡོད། ཚོགས་སྡེ་ཁག་གི་རྒྱུན་ལས་དང་མགོ་ཁྲིད་ཚོ། ཟ་རྒྱུ་རག་ན་བོད་ནང་ལས་འགུལ་ཅི་འདྲ་སྤེལ་ན་ཉམས་སྣང་ཅི་ཡང་མི་འདུག
ད་དུང་ལས་འབྲས་ཡིན་ནམ་ཅི།
ད་ནི་ཚོགས་སྡེ་ཁག་ལ་རེ་བ་གཏིང་ཆད་དུ་འགྲོ་ཉེན་འདུག བོད་ནང་གནས་ཚུལ་རེ་རེ་མཐོང་དུས་རྒྱ་ལ་ཁོང་ཁྲོ་མ་ཟོས་གོང་། བཙན་བྱོལ་བར་འཚིག་པ་གཏིང་ནས་ཟ་ཡོང་ངོ་།།
བོད་ནང་རང་ལུས་སྲེག་མཁན་ཕལ་ཆེར་གྱིས། བོད་རང་བཙན་དང་། རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་གསུངས་པ་རེད། ཡིན་ཡང་། བཙན་བྱོལ་བས་རྒྱབ་སྐྱོར་བྱེད་རྒྱུ་ཕར་ཞོག རང་བཙན་གྱི་འབོད་སྒྲ་དེ་རང་དབང་ལ་བསྒྱུར་བཞིན་ཡོད། ཞབས་འདྲེན་དེ་ལས་ཐུ་ཞིག་གང་དུ་ཡོད། གསར་འགྱུར་རྒྱུད་ལམ་ཁག་ནས་ཡང་། གཡོ་ལས་དེ་བྱེད་མུས་རེད། ད་ངོ་མ་སེམས་ཕམ་གི་ཡུལ་དང་། དགོད་བྲོའི་གནས་རེད། མི་བྱེ་བྲག་པ་ཞིག་ཡིན་ན་སློབ་བསོ་སྤྲད། མ་མཐའ་ལས་འགུལ་ལ་བཙན་ཁྲིད་བྱེད། སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་བབས་འདི་འདྲར་ཆགས་དུས་ཧོན་ཐོར་ཧ་ལས་ནས་བསྡད་པ་ལས་བྱ་ཐབས་བྲལ་ལོ།།
རྒྱ་ལོའི་ཚེས་གཅིག་ཉིན་མོར་ཡང་འདི་ལྟར་མྱ་ངན་དང་ངོ་རྒོལ་གནང་བའི་རྒྱ་ཆེའི་མི་དམངས་ལ་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། སྐུ་གཤེགས་དཔའ་བོ་རྣམས་ལ་མྱ་ངན་གུས་འདུད་ཞུ། ཡིད་བཞིན་ནོར་བུའི་མཛད་འཕྲིན་རྣམ་པར་རྒྱས་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
གོང་གསལ་གནས་ཚུལ་འདི་དང་ཆ་མཚུངས་ཤིག དེ་རིང་ཨ་མདོ་རྔ་བ་རྨེའུ་རུ་མའི་མང་ཚོགས་རྣམས་ཀྱང་ཡར་ལངས་ཀྱིས་རྔ་བ་ཁྲོམ་གཞུང་དུ་འཛོམས་ཏེ། སྟོད་གོས་མ་གྱོན་པར་འདས་ཟིན་པའི་དཔའ་བ་དཔའ་མོ་ཚོར་རྗེས་དྲན་བྱས་པའི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པ་དང་། ལས་འགུལ་སྐབས་བོད་མི་རྣམས་ཀྱིས་ཚོང་སྒོ་བརྒྱབ་སྟེ་རྩམ་སྐྱ་གཏོར་བ་སོགས་བྱས་པའི་གནས་ཚུལ་གོ་རྒྱུ་འདུག