བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་འོག ཁ་སང་ཕྱི་ཚེས་ ༨ ཉིན་འཛམ་གླིང་གར་སར་གནས་སྡོད་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་གཅིག་དུས་གཅིག་ལ་མཆོད་འབུལ་སྨོན་ལམ་དང་ཞི་བའི་གོམ་བགྲོད། ཟས་བཅད་སྨྱུང་གནས་སོགས་ལས་འགུལ་སྣ་མང་ཞིག་སྤེལ་ཡོད་འདུག་ལ། ཉིན་མོ་དེ་དང་སྟབས་བསྟུན་ཏེ། བོད་ཀྱི་གྲོགས་པོ་རྙིང་པའམ་ཨ་རིའི་གྲོས་ཚོགས་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་གིས་ཀྱང་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་བསྒྲགས་ཡིག་ཅིག་སྤེལ་འདུག
ལྕམ་ནན་སི་པེ་ལོ་སི་མཆོག་གི་བསྒྲགས་ཡིག་དེའི་ནང་། “ དེ་རིང་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་ཚོས། ཉེ་ལམ་རྒྱ་གཞུང་གིས་བོད་མི་དམར་གསོད་བཏང་བར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བཞིན་ཡོད། བདུན་ཕྲག་ཁ་ཤས་གོང་ནས་རྒྱ་གཞུང་གིས་བོད་མིའི་ཐོག་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་པ་མ་ཟད། ལྷག་པར་དུ། བོད་ཀྱི་ས་ཁུལ་ཁག་ཅིག་ཏུ་ཉེན་རྟོག་པས་བོད་མི་ཞི་རྒོལ་བའི་སྟེང་མེ་མདའ་གང་བྱུང་བརྒྱབ་སྟེ། བོད་མི་ཁག་ཅིག་དམར་གསོད་དང་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད། བོད་མི་ཚོས་རྒྱུན་ཆད་མེད་པར་རང་ལུས་མེར་བསྲེགས་གཏོང་མཁན་དགོས་ནི་བོད་མི་ཚོ་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ཡོད་པ་ཧ་ཅང་གསལ་པོ་རེད། རྒྱ་གཞུང་གིས་བོད་མིའི་ཐོག་འཛིན་པའི་དམ་དྲག་སྲིད་བྱུས་ལ་ངེས་པར་དུ་བསྒྱུར་བཅོས་གཏོང་དགོས་པ་རེད། ལོ་ངོ་བཅུ་ཕྲག་ལྷག་གི་དམ་དྲག་སྲིད་བྱུས་དེའི་འོག་བོད་མི་ཚོར་བརྗོད་དཀའ་བའི་དཀའ་ངལ་འཕྲད་བཞིན་ཡོད་ལ། བོད་མི་ཚོར་བོད་ས་རང་དུ་དཔལ་འབྱོར་དབྱེ་འབྱེད་བྱེད་པ་དང་། ཞི་བའི་ཐོག་བསམ་ཚུལ་འདོན་པར་བཙོན་འཇུག་བྱེད་པ།བཙན་དབང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤྲད་དེ། ༧ཏཱ་ལའི་བླ་མ་མཆོག་ལ་མཚན་སྨད་ཞུ་རུ་འཇུག་པ་སོགས་འགལ་འཛོལ་ཆེ་བའི་སྲིད་བྱུས་ཁག་ལག་བསྟར་བྱེད་ཀྱི་ཡོད། རྒྱ་གཞུང་གིས་བོད་རྒྱ་གཉིས་ལ་ཞི་བདེ་ལྷིང་འཇགས་ཡོང་ཆེད། གོམ་པ་མདུན་སྤོས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བྱ་རྒྱུའི་དུས་ལ་བབས་ཡོད་ ” ཅེས་འཁོད་འདུག
ལྕམ་ནན་སི་པེ་ལོ་སི་མཆོག་ནི་འདས་པའི་ལོ་ངོ་ ༣༠ རིང་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་ཞིག་དང་༧གོང་ས་མཆོག་སྐུ་སྒེར་གྱི་གྲོགས་པོ་ཡག་ཤོས་ཤིག་ཡིན་འདུག
གསར་འགོད་པ། དཔལ་ལྡན།