གཟའ་སྤེན་པའི་ཉིན་རྒྱལ་ཚོགས་དྲུང་ཆེ་གཞོན་པ་ཆེད་དུ་མཱལ་ཌེ་ཝེ་སིར་བསྐྱོད་དེ། སྲིད་འཛིན་གསར་རྙིང་གཉིས་ལ་ཐུག་འཕྲད་ཀྱིས་རྒྱལ་ཁོངས་ཟིང་འཁྲུག་ཞི་འཇགས་ཡོང་རྒྱུར་གྲོས་མོལ་བྱས་ཡོད།
དེ་རིང་ཕྱི་ཚེས་ ༡༠ ཉིན་རྒྱལ་ཚོགས་དྲུང་ཆེ་གཞོན་པ་སྐུ་ཞབས་ཊ་རན་ཀཱོ་(Oscar Fernandez-Taranco) རྒྱ་གར་རྒྱ་མཚོའི་མཚོ་གླིང་དུ་ཆགས་པའི་མཱལ་ཌེ་ཝེ་སི་(Maldives) རྒྱལ་ཁབ་ལ་ཆེད་བསྐྱོད་ཀྱིས་ཡུལ་དེའི་སྲིད་འཛིན་གསར་རྙིང་གཉིས་ལ་ཐུག་འཕྲད་ཐོག ཡུལ་གྱི་ཆབ་སྲིད་རྙོག་གླེང་གི་གནད་དོན་ཞི་འགྲིག་སེལ་ཐབས་བྱ་དགོས་པའི་སྐོར་ལ་འབོད་སྐུལ་དང་གྲོས་མགོ་བཏོན་ཡོད་པ་མ་ཟད། ཆབ་སྲིད་ལས་འགུལ་བ་རྣམས་ཞི་འཇམ་གྱིས་རྒྱལ་ཁོངས་ཟིང་འཁྲུག་མི་འབྱུང་པར་བྱ་དགོས་པའི་འབོད་སྐུལ་ཀྱང་ཞུས་འདུག
འདས་པའི་ཟླ་འགའི་རིང་མཱལ་ཌེ་ཝེ་སིའི་ནང་གི་ཆབ་སྲིད་ཤོག་ཁག་མང་པོ་ཞིག་གིས་སྲིད་འཛིན་ནཱ་ཤེ་ཌི་(Mohamed Nasheed) ཡི་གཞུང་ལ་ངོ་རྒོལ་རིམ་པར་བྱས་མཐར། ཕྱི་ཚེས་ ༧ ཉིན་སྲིད་འཛིན་ནཱ་ཤེ་ཌི་ཡིས་སྲིད་དབང་སྲིད་འཛིན་གཞོན་པ་ཧཱ་ཟན་(Mohammed Waheed Hassan) ལ་རྩིས་སྤྲོད་ཀྱིས་རང་ཉིད་དགོངས་ཞུ་བྱས་ཡོད་པའི་ཁྱབ་བསྒྲགས་བྱས་ཡོད། ཁོང་གིས་སྲིད་འཛིན་གྱི་ལས་གནས་ནས་དགོངས་ཞུ་བྱ་དགོས་དོན་ནི། རྒྱལ་ཁོངས་སུ་ཟིང་འཁྲུག་ངོ་རྒོལ་བྱུང་བཞིན་པའི་ཁར་ཉེན་རྟོག་པ་དང་དམག་མིའི་ཤོག་ཁག་མང་པོ་ཞིག་གིས་ཀྱང་ཁོང་ལ་རྒྱབ་སྐྱོར་བྱས་མེད་པ་དང་། ལྷག་པར་དུ་ཡུལ་གྱི་ཆབ་སྲིད་ཟིང་འཁྲུག་ཞི་འཇགས་ཡོང་རྒྱུར་དམག་གིས་དམ་དྲག་བྱ་དགོས་པ་དང་།རང་ཉིད་རྒྱལ་ཁབ་འདིའི་སྲིད་འཛིན་ཡིན་སྟབས་ཟིང་འཁྲུག་ལ་དྲག་གནོན་བྱས་ཚེ་མི་མང་པོ་ཤི་རྨས་ཐེབས་རྒྱུ་ཡིན་པ་དང་།དྲག་གནོན་གྱི་འགན་འདི་རང་ཉིད་ཀྱིས་འཁུར་ཐུབ་ཐབས་མེད་སྟབས་སྲིད་འཛིན་གྱི་ལས་གནས་ནས་དགོངས་ཞུ་བྱེད་དགོས་བྱུང་པ་དང་།རང་ཉིད་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཛིན་རྒྱུར་འདོད་པ་མེད་ཚུལ་བརྗོད་ཡོད་འདུག
སྲིད་འཛིན་ཁོང་དགོངས་ཞུ་བྱས་རྗེས་མཱལ་ཌེ་ཝེ་སིའི་ཉེས་དོན་ཁྲིམས་ཁང་གིས་སྲིད་འཛིན་ནཱ་ཤེ་ཌི་དང་ཁོང་གི་བདེ་སྲུང་བློན་ཆེན་གཉིས་གྱེན་ལངས་པ་ཡིན་པའི་ཉེས་མིང་འོག་འཛིན་བཟུང་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་མ་ཟད། སྲིད་འཛིན་ནཱ་ཤེ་ཌི་བཙན་ཤེད་ཀྱིས་དགོངས་ཞུ་བྱས་བཅུག་ཡོད་པར་བསྒྲགས་ཡོད་ཀྱང་། གནད་དོན་དེའི་ཐད་ད་ལྟའི་སྲིད་འཛིན་གསར་པ་ཟཱན་གྱིས་སྲིད་འཛིན་ཟུར་པ་ནཱ་ཤེ་ཌི་དང་བླང་གིས་དགོངས་ཞུ་བྱས་ཡོད་པ་དང་། ཁོང་གི་སྲིད་གཞུང་གིས་སྲིད་འཛིན་ཟུར་པ་ཁོང་འཛིན་བཟུང་བྱ་རྒྱུའི་ཐག་གཅོད་གང་ཡང་མེད་ཚུལ་བརྗོད་འདུག
ད་ལྟ་སྲིད་འཛིན་ཟུར་པ་ནཱ་ཤེ་ཌི་མཱལ་ཌེ་ཝེ་སིའི་གྲོང་ཁྱེར་མཱ་ལེ་(Male) ནང་ཡོད་པ་དང་། ཁོང་སྲིད་འཛིན་གྱི་ལས་གནས་ནས་དགོངས་ཞུ་བྱས་རྗེས། ཁོང་ལ་རྒྱབ་སྐྱོར་ཡོད་མཁན་མི་སྟོང་ཕྲག་མང་པོས་མཱ་ལེ་གྲོང་ཁྱེར་སོགས་སུ་ཉེན་རྟོག་པ་དང་དམག་མིར་ངོ་རྒོལ་དང་། ཉེན་རྟོག་ལས་ཁུངས་དང་དམག་སྒར་མང་པོ་གཏོར་བཤིག་བཏང་ཡོད་འདུག
སྲིད་འཛིན་ཟུར་པ་ནཱ་ཤེ་ཌི་ཡིས་ནེའུ་ཡོག་དུས་བབ་ལ་བརྗོད་པ་ལྟར་ན། མཱལ་ཌེ་ཝེ་སིའི་ལོ་བཅུ་ཕྲག་གསུམ་རིང་གི་སྲིད་དབང་གཅིག་སྡུད་པ་མཇུག་སྒྲིལ་རྗེས་ཀྱི་འདས་པའི་ལོ་ ༣ དང་ཕྱེད་ཙམ་རིང་། ཁོང་གིས་མཱལ་ཌེ་ཝེ་སི་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ནས་བཅོས་སྒྱུར་གྱིས་ད་ཆར་དམངས་གཙོ་དང་དེང་རབས་སྤྱི་ཚོགས་ཤིག་གི་རྨང་གཞི་བསྐྲུན་ཐུབ་ཡོད་ཀྱང་། གཞུང་དང་མང་ཚོགས་ཁྲོད་སྔར་གྱི་སྲིད་དབང་གཅིག་སྡུད་པའི་ཕྱོགས་གཏོགས་ཤུགས་ཆེན་པོ་ལྷག་ཡོད་སྟབས། ཐེངས་འདིའི་ཟིང་འཁྲུག་དང་རྩོད་རྙོག་རིགས་བྱུང་ཡོད་པར་བརྗོད་འདུག་ལ། གནད་དོན་དེའི་ཐད་ཁོང་གིས་ “སྲིད་དབང་སྒེར་འཛིན་པ་ལས་གནས་ནས་ཐོན་ཡང་། སྲིད་དབང་སྒེར་འཛིན་ལམ་ལུགས་འཆི་བའི་ངེས་པ་ཡོད་པ་མ་རེད།”ཅེས་བརྗོད་འདུག
ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་མཱལ་ཌེ་ཝེ་སིའི་ཆབ་སྲིད་ཀྱི་རྩོད་རྙོག་འདི་ནི་ནང་ཁུལ་གྱི་ཆབ་སྲིད་དབང་ཆ་དང་ཆབ་སྲིད་ལམ་ལུགས་ཀྱི་འཐབ་རྩོད་ཅིག་ཡིན་པ་དང་། གཅིག་ནི་དེ་སྔོན་གྱི་སྲིད་དབང་གཅིག་སྡུད་པའི་ཤོག་ཁག་རོ་ལངས་རྒྱག་གི་ཡོད་པ་དང་། གཞན་དེ་ནི་དམངས་གཙོའི་ལམ་ལུགས་ཐོག་འགྲོ་བཞིན་པའི་ད་ལྟའི་གཞུང་གསར་པ་དེ་གཉིས་ཆགས་ཡོད་པར་གླེང་། གནད་དོན་དེའི་ཐད། ཕྱི་ཚེས་ ༩ ཉིན་ཨ་རིའི་གཞུང་གིས་མཱལ་ཌེ་ཝེ་སིའི་ནང་གི་ཟིང་འཁྲུག་ཞི་འཇགས་ཡོང་རྒྱུར་ནང་ཁུལ་ནས་ཞི་འགྲིག་བྱ་དགོས་པའི་འབོད་སྐུལ་དང་། ཨ་རིའི་གཞུང་གིས་མཱལ་ཌེ་ཝེ་སིའི་ད་ལྟའི་གཞུང་གསར་པ་ཁྲིམས་མཐུན་ངོས་ལེན་བྱེད་ཀྱི་ཡོད་པར་བརྗོད་ཡོད་པ་རེད།
རྒྱ་ནག་མི་མང་ནང་ཞི་འཇགས་མེད་ནའང་། འགོ་ཁྲིད་ཚོ་དང་དེའི་རྒྱུགས་ཁྱི་ཚོ་དེ་ཙམ་སྙོག་གླིང་མེད་པ་ལྟ་བུར་ཡོད་པ་ནི། ཁོང་ཚོའི་སྐོག་ཟ་རུལ་སུངས་གཙོས་རང་གི་ཁེ་ཕན་ཁོ་ནར་ཁ་མཐུན་དུ་ཡོད་པས་ཡིན། གལ་སྲིད་གཅིག་གི་ཁེ་བཟང་ལ་དོ་ཕོག་ཤོར་སོང་ད་ལྟད་མོ་ཡོད་ཀྱི་རེད།