ནེ་ཇི་རེ་ཡའི་ཌེལ་ཊཱ་མངའ་སྡེའི་སྲིད་སྐྱོང་ཟུར་པ་སྐུ་ཞབས་ཨེ་བྷོ་རེ་ཡིས་གཞུང་དངུལ་ཨ་སྒོར་ས་ཡ་ ༢༥༠ ལྐོག་ཟ་བྱས་པའི་གནས་ཚུལ་ཐོན་འདུག
རང་ལོ་ ༥༣ ཡིན་པའི་སྐུ་ཞབས་ཨེ་བྷོ་རེ་ (James Ibori) ཁོང་། ༡༩༩༩ ལོ་ནས་ ༢༠༠༧ ལོའི་བར་ནེ་ཇི་རེ་ཡའི་ (Nigeria) རྡོ་སྣུམ་ཐོན་སྐྱེད་བྱེད་ཡུལ་ཌེལ་ཊཱ་ (Delta) མངའ་སྡེའི་སྲིད་སྐྱོང་ལ་འོས་འདེམས་བྱུང་ཡོད་ཀྱང་། ༢༠༠༧ ལོར་ལྐོག་ཟ་རུལ་སུངས་ཀྱི་རྙོག་གླེང་གིས་རྐྱེན་པས་ཁོང་སྲིད་སྐྱོང་པའི་ལས་གནས་ནས་དགོངས་ཞུ་བྱས་དགོས་བྱུང་ཡོད། ལོ་དེར་དབྱིན་ཇི་སྲིད་གཞུང་གིས་དབྱིན་ཡུལ་གྱི་དངུལ་ཁང་དུ་ཡོད་པའི་ཁོང་གི་མ་དངུལ་ཨ་སྒོར་ས་ཡ་ ༣༥ ཙམ་བཀག་འགོག་བྱས་སྟབས། ནེ་ཇི་རེ་ཡ་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ཁོང་འཛིན་བཟུང་བཀག་ཉར་བྱས་ཏེ། ༢༠༠༩ ལོར་ནེ་ཇི་རེ་ཡའི་ཁྲིམས་ཁང་གིས་ཁོའི་ཉེས་པ་དག་སེལ་དང་མཉམ་དུ་ཀློད་གྲོལ་བཏང་ཡོད།
༢༠༡༠ ལོའི་ཟླ་ ༥ ནང་དབྱིན་ཇིའི་ཉེན་རྟོག་པས་ཌུ་བྷ་ཡེ་ (Dubai) ཡིས། ཁོང་བསྐྱར་དུ་འཛིན་བཟུང་གིས་ད་བར་འདྲི་གཅོད་དང་ཁོང་གི་ལས་དོན་ལ་ཞིབ་བཤེར་བྱས་མཐར། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་དབྱིན་ཡུལ་ཁྲིམས་ཁང་དུ་ཁོང་གིས་གཞུང་དངུལ་ལྐོག་ཟ་བྱས་པའི་ཉེས་པ་ཁས་ལེན་བྱས་ཡོད་འདུག་ལ། དབྱིན་ཇིའི་ཞིབ་བཤེར་ཉེན་རྟོག་པས་ཁོང་གིས་སྲིད་སྐྱོང་བྱས་པའི་ལོ་ ༨ རིང་ཨ་སྒོར་ས་ཡ་ ༢༥༠ ཙམ་ལྐོག་ཟ་བྱས་ཡོད་སྐོར་བརྗོད་འདུག ཟླ་ ༤ པའི་ཚེས་ ༡༦ ཉིན་དབྱིན་ཡུལ་ཁྲིམས་ཁང་གིས་ཁོང་ལ་ཁྲིམས་ཐག་གཅོད་རྒྱུ་ཡིན་འདུག
གསར་འགོད་པ། བནྡེ་སྐྱབས།
ཕར་བལྟས་ན་ཟ་ཤེས་མདོག་ཁ་བོ་མི་འདུག ཡིན་ན་ཡང་། དོན་དངོས་སུ་ཟ་དགོས་ཁོ་རང་ལ་འགྲན་ཡ་ཞིག་ཡོད་ས་མ་རེད་གོ ཧ་ཧ་གནམ་རྒན་མ་ངོ་མ་བརྟག་དཀའ་གི་ཡ།
འ་ཛི། མི་འདིས་ལྟོ་ཆས་བཟས་ནས། མི་འགྲང་བར། ཤོག་དངུལ་བཟས་ནས་བྲོ་པ་འགྲང་བ་བྱས་པ་འདྲ། ཧ་ཧ།