བོད་
རྒྱ་གཞུང་ལ་ངན་རེངས་ལང་ཤོར་གྱི་གཤིས་ཀ་ཞིག་ཡོད་པ་ནི། རྒྱལ་ཁབ་ནང་ཁུལ་དུ་རྙོག་དྲ་རུལ་སུངས་ཀྱི་གནས་ཚུལ་ཆེ་ཆུང་གང་ཞིག་ལྷག་ཀྱང་། ཕྱི་ཕྱོགས་ལ་བདེ་བདེ་འཇམ་འཇམ་གྱི་གཡོ་ཟོལ་བསྟན་ཏེ་གུང་ཁྲན་ཏང་གི་ངན་མཚང་སྦེད་ཐབས་བྱེད་པ་དང་། ནང་ལོགས་སུ་ཞི་དྲག་གི་བྱེད་སྟབས་སྣ་ཚོགས་སྤྱད་དེ་མི་མང་ལ་མགོ་སྐོར་བསླུ་བྲིད་གཏོང་བ་དང་མི་རིགས་ནང་ཁུལ་དཀྲུག་ཤིང་རྒྱག་པ། ལྷག་པར་དུ་གྲངས་ཉུང་མི་རིགས་ཁག་ལ་དཀའ་རྙོག་གང་ཞིག་བྱུང་ཡང་། རྒྱལ་ཁབ་ཁ་བྲལ་དང་བདེ་འཇགས་གཏོར་བརླག་ལ་ཁག་དཀྲིས་ཏེ་གཉའ་གནོན་དང་འབུར་འཇོམ་གཏོང་རྐྱང་བྱེད་པ་འདི་དག་ཡིན།
གྱ་བདུན་ལོར་ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་གིས་ཞི་བའི་གྲོས་འཆར་དོན་ཚན་ལྔ་གསལ་བསྒྲགས་བསྐྱངས་རྗེས། རྒྱ་གཞུང་གིས་དེ་ནི་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་ཡིན་པའི་སྐྱོན་བརྗོད་བྱས། སྐབས་དེར་འབྲས་སྤུངས་དང་སེ་རའི་དགེ་འདུན་པ་ཚོས་སྣེ་འཁྲིད་དེ་ལྷ་སར་ཡར་ལངས་བྱུང་ཡོད། ཉིན་འགའི་རྗེས་༼ ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་དབང་བསྐྱངས་པའི་ལོ་བཅུ། ༽ཞེས་པའི་ཡིག་ཆ་དང་གཞུང་འབྲེལ་གསར་ལམ་ཁག་ཅིག་ནང་། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས “ཁྲིམས་ལུགས་གཞི་རྩར་བཟུང་སྟེ་བྱེད་གཏེ་ལ་ཉེས་ཆད་ནན་པོ་གཅོད་དགོས་པ་དང་། ཡོལ་བའི་རྒྱབ་ནས་བཀོད་ཇུས་བྱེད་མཁན་གཏིང་འབྲུ་བྱེད་དགོས” ཞེས་གསུངས་ཡོད་ཚུལ་ཤུགས་ཀྱིས་དྲིལ་བསྒྲགས་བྱས་སྐབས། མི་མང་པོ་ཞིག་ལ་བློ་ཕམ་བྱུང་ཞིང་། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་ཚོས་ཁོང་ཁྲོ་མ་བཟོད་པར་སྦྱར་ཡིག་བཀྲམས་ཏེ་ཡར་ལངས་རྒྱག་རྩིས་བྱས་པར། སློབ་སྤྱི་རྡོ་རྗེ་རྒྱལ་མཚན་གྱིས་སློབ་མ་རྣམས་ལ་ཚོགས་འདུ་བསྡུས་ཏེ། པཎ་ཆེན་རིན་པོ་ཆེས་སྐད་ཆ་དེ་འདྲ་ཞིག་བཤད་མེད་པ་དང་། དྲིལ་བསྒྲགས་རྫུན་མ་དེར་པཎ་ཆེན་རིན་པོ་ཆེ་ཁོང་རང་ཉིད་ཀྱིས་ཀྱང་ཐུགས་ཕམ་ཧ་ཅང་ཆེན་པོ་མཛད་དེ་རྩད་ཞིབ་གནང་གི་ཡོད་པ་གསལ་བཤད་བྱས་ཡོད།
རྔ་པའི་རང་ལུས་མེར་བསྲེགས་ལས་འགུལ་གྱི་མེ་སྟག་དཀར་མཛེས་དང་མགོ་ལོག་ཕྱོགས་སུ་ཐོར་ཞིང་། སེར་མོ་ནས་སྐྱ་བོ་དང་སྐྱ་བོ་ནས་བླ་སྤྲུལ་ཚོའི་ཕྱོགས་སུ་འབར་ཏེ། ལྕགས་ཡོས་མེ་མཆོད་ཆེན་མོའི་རླབས་ཕྲེང་ཆུ་འབྲུག་ལ་མཆེད་ཡོང་སྐབས། རྒྱ་གཞུང་གིས་སླར་ཡང་མདའ་གཅིག་གིས་ཤ་གཉིས་གསོད་པའི་བྱེད་ཐབས་བཀོལ་ཏེ། འཐབ་ཕྱོགས་གཅིག་ལས་ཁུངས་དང་ཆོས་ལུགས་སྡེ་ཁག་མཉམ་འབྲེལ་ཐོག་མགོ་ལོག་དང་ཡུལ་ཤུལ། སྐུ་འབུམ་སོགས་བོད་ཁུལ་གྱི་དགོན་སྡེ་ཁག་གི་བླ་སྤྲུལ་ཚོར་ཁ་བྲལ་ལ་ངོ་རྒོལ་དང་། དད་ལྡན་མང་ཚོགས་ལ་གོ་བསྐོན་སློབ་གསོ་གཏོང་དགོས་པའི་བཙན་བཀའ་བཏང་ཡོད་ལ། སྲིད་བློན་ཝུན་ཅ་པོ་པཎ་ཆེན་རྒྱལ་མཚན་ནོར་བུར་དངོས་སུ་ཐུག་འཕྲད་བྱས་ཏེ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་རྒྱག་དགོས་པའི་རེ་འདུན་བཏོན་ཡོད།
རྒྱ་གཞུང་གིས་བྱེད་ཐབས་འདིར་རེ་བ་གཉིས་བཟུང་ཡོད་ཅིང་། དང་པོ་བོད་རིགས་ནང་ཁུལ་ལ་འགལ་བ་བཟོ་ཐབས་དང་། གཉིས་པ་ཆོས་ལུགས་པའི་སྟོབས་ཤུགས་སྤྱད་དེ་མང་ཚོགས་ཀྱི་མགོ་གནོན་རྒྱུ་དེ་ཡིན། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས“ ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད” ཅེས་གསུངས་པ་ལྟར། བླ་སྤྲུལ་མང་པོ་ཞིག་གིས་དབུ་དཔུང་ལ་བཞག་སྟེ་རྩ་བའི་བླ་མར་རྒྱབ་འགལ་དང་། ཤ་རུས་གཅིག་པར་ནང་འགལ་མི་བྱེད་པའི་དམ་བཅའ་བརྟན་པོར་སྲུང་ཡོད།
འོན་ཀྱང་། བླ་འཚོང་ཞབས་འདྲེན་བླ་སྤྲུལ་རེ་ཟུང་དང་ལས་བྱེད་འགའ་རེས་གྲུང་མདོག་དང་མཁས་མདོག་བསྟན་ཏེ། “རང་བསྲེགས་ཀྱི་བྱ་སྤྱོད་དེ་ནི་ཆོས་ལུགས་པའི་འདུལ་ཁྲིམས་དང་། རྒྱལ་ཁབ་ཀྱི་རྩ་ཁྲམས་གཉིས་ཀར་འགལ་ཡོད་”ཅེས་རང་ཉིད་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཉེས་ཅན་ཆགས་པ་མ་ཟད། བོད་གཞིས་བྱེས་གཉིས་ཀྱི་མི་མང་ལ་བློ་ཕམ་ཆེན་པོ་བཟོས་ཤིང་། མ་འོངས་ཡང་སྤྲུལ་གསེར་རིའི་ཕྲེང་བའི་ལོ་རྒྱུས་ནང་དུའང་ནག་ཐིག་ཕབ་ཡོད།