ཟླ་སྔོན་མའི་ཕྱི་ཚེས་ ༡༠ ཡས་མས་སུ་འབྲུག་ཡུལ་ཉེན་རྟོག་པས།འདི་ལོའི་དུས་འཁོར་དབང་ཆེན་གྲུབ་སྟེ་འབྲུག་ནང་གནས་སྐོར་དུ་ཕྱིན་པའི་བོད་མདོ་སྨད་རྔ་པ་ཁུལ་འཛམ་ཐང་རྫོང་ནས་ཡིན་པའི་གྲྭ་བ་ ༣ དང་མི་སྐྱ་ ༢ བསྡོམས་བོད་མི་ ༥ འབྲུག་དང་བོད་ཀྱི་ས་མཚམས་སུ་བུམ་ཐང་ཞེས་པའི་ས་གནས་སུ་འཛིན་བཟུང་བྱས་ཏེ།རྒྱ་གར་གྱི་ཇལ་པེ་གུ་རི་རྫོང་ (Distt. Jalpaiguri ) གི་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་པ་དང་། ཉེ་ལམ་དབུས་སྣེ་ལེན་ཁང་གིས་རོགས་རམ་འོག་གྲྭ་བ་གསུམ་གློད་གྲོལ་ཐོབ་ཡོད་ཀྱང་། གཞན་གཉིས་ད་ལྟའི་ཆར་ཡང་འབྲུག་དང་རྒྱ་གར་གྱི་ས་མཚམས་ཇཱ་གོན་ (Jaigaon) ཞེས་པའི་ས་གནས་ཀྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག
དབུས་སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུ་ལགས་སུ་བཅར་འདྲི་བྱས་པར་ཁོང་གིས། “ གནས་ཚུལ་དེ་ཉེ་ཆར་བྱུང་འདུག ཁོང་ཚོའི་ཁྲོད་ཀྱི་གྲྭ་པ་གསུམ་དེ་སྔ་ལོར་བོད་ནས་དབུས་སྣེ་ལེན་ཁང་དུ་འབྱོར་རྗེས། སྣེ་ལེན་ཁང་གིས་ཁོང་ཚོར་སྐྱབས་བཅོལ་ལག་འཁྱེར་བཟོས་ཏེ་གྲྭ་སར་བཏང་བ་རེད། ཉེ་ཆར་ཁོང་གསུམ་འབྲུག་ནང་འཛུལ་ཆོག་པའི་ལག་འཁྱེར་མེད་པར་གནས་བསྐོར་དུ་ཕྱིན་སྟབས། འབྲུག་ཉེན་རྟོག་པས་འབྲུག་བོད་ས་མཚམས་བུམ་ཐང་ཞེས་པའི་ས་གནས་སུ་འཛིན་བཟུང་གིས་འབྲུག་དང་རྒྱ་གར་ས་མཚམས་ཇཱ་གོན་ཉེན་རྟོག་པར་རྩིས་སྤྲོད་བྱས་འདུག ཕྱིས་སུ་ང་ཚོས་རྒྱ་གར་ཉེན་རྟོག་པ་བརྒྱུད་ཡིག་ཆ་ཚང་མ་བཏང་ཡང་འགོར་འགྱངས་བྱས་ཏེ་ཉིན་ ༡༥ ལ་ལྷག་ཡོད་ཀྱང་། ང་ཚོས་ཉེན་རྟོག་ལས་ཁུངས་རིམ་པ་བརྒྱུད་དེ་འབྲེལ་བ་བྱས་རྗེས། ཁོང་ཚོ་བཙོན་ཁང་དུ་སྡོད་མི་དགོས་པར་མི་རེར་ཧིན་སྒོར་ ༡༠༠༠ གི་ཉེས་ཆད་བཅད་རྗེས། ད་ལྟའི་ཆར་ས་གནས་ཀྱི་བོད་པའི་ཟ་ཁང་ཞིག་ཏུ་བཞག་ཡོད་པ་རེད། ” ཅེས་བརྗོད་བྱུང་།
ཡང་ཁོང་ལ་བོད་མི་དེ་དག་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་དོན་དང་བོད་མི་གཞན་གཉིས་ཀྱི་གནས་སྟངས་གང་འདྲ་ཡིན་མིན་དྲིས་པར་ཁོང་གིས། “ ཁོང་ཚོ་འབྲུག་ནང་འཛིན་བཟུང་བྱས་དོན་ཡིག་ཆ་གཅིག་ཀྱང་མེད་པར་གནས་སྐོར་དུ་ཕྱིན་པའི་རྐྱེན་གྱིས་རེད། རྗེས་སུ་རྒྱ་གར་ཉེན་རྟོག་པར་རྩིས་སྤྲད་དེ་སྔོག་བཤེར་བྱས་སྐབས། གྲྭ་པ་གསུམ་གྱི་ལག་ཏུ་ཧིན་སྒོར་འབུམ་ ༣ ཡས་མས་ཀྱི་རིན་ཐང་ཡོད་པའི་གསེར་དང་རྒྱ་ནག་སྒོར་མོ། རྒྱ་ནག་ལག་འཁྱེར་ཁ་པར། ད་དུང་གློག་ཀླད་བཅས་ཅ་དངོས་ཁག་ཅིག་རྙེད་སོན་བྱུང་ཡོད་སྟབས། ཁོང་ཚོའི་ཞིབ་ཕྲའི་གནས་ཚུལ་ཞིབ་འཇུག་བྱ་ཆེད་ཉེན་རྟོག་པས་ཨཱ་ལེ་པུར་ས་གནས་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་འདུག ཕྱིས་སུ་ཅ་དངོས་དེ་དག་ལ་ཧིན་སྒོར་སྟོང་ཕྲག་ ༤༥ ལྷག་སྤྲད་རྗེས་དེ་རིང་ཅ་དངོས་ཚང་མ་རག་སོང་། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཁྲིམས་ཁང་གི་ཡིག་ཆ་རག་རྗེས་ཕྱིར་ལོག་ཆོག་གི་རེད། གཞན་གཉིས་དེ་གྲྭ་བ་གསུམ་བཟུང་རྗེས་ཀྱི་ཉིན་ ༥ ནང་བཟུང་འདུག རྗེས་སུ་ཞིབ་འཇུག་བྱེད་སྐབས་ཁོང་གཉིས་རྔ་པ་ཁུལ་འཛམ་ཐང་རྫོང་གི་རེད། སྣེ་ལེན་ཁང་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་བཏང་རྗེས་རྩ་དགོངས་ཞུས་འདུག ཉེ་ལམ་ཁོང་གཉིས་ཀྱི་སྐྱབས་བཅོལ་ལག་འཁྱེར་བརྩད་གཅོད་བྱས་ཏེ་རག་རྗེས། དེ་རིང་ང་ཚོ་སྣེ་ལེན་ཁང་གིས་ཉེན་རྟོག་ལས་ཁུངས་བརྒྱུད་ཁོང་གཉིས་ཀྱི་རྒྱབ་གཉེར་ཡིག་ཆ་ཆ་ཚང་བཏང་ཡོད། ད་ལྟའི་ཆར་ཁོང་གཉིས་ལ་ཉེས་པ་ག་ཚོད་གཏོང་མིན་དང་ལམ་སེང་ཀློད་གྲོལ་ཐུབ་མིན་སོགས་ཤེས་ཀྱི་མི་འདུག ང་ཚོའི་ངོས་ནས་ལས་ཀ་ཆ་ཚང་བསྒྲུབས་ཡོད། ”ཅེས་བརྗོད་བྱུང་།
ཨོ་ད་དུང་པར་འདི་ཅི་ཞིག་གི་པར་རེད། འདི་དང་འབྲེལ་ཅི་ཡོད་རེད།
གཅིག ཁོང་ཚོ་སྡོད་ས་ནས་སྡོད་མ་ཚུགས་པ་རེད།
གཉིས། སྣེ་ལེན་ཁང་གིས་རོགས་ཡག་པོ་གནང་འདུག་པར་རྗེས་སུ་ཡི་རང་རེད།
གསུམ། བལ་འབྲུག་གཉིས་བོད་པར་ཐུབ་ཚོད་གཏོང་མཁན་ཨང་༢ ་ ༣ ་རེད། ནམ་ཞིག་་་་་་་