དེ་རིང་ངྷ་ས་གཙུག་ལག་ཁང་དུ་འབའ་ཐང་གཞིས་བྱེས་མི་མང་གིས་༧གོང་ས་མཆོག་ལ་བརྟན་བཞུགས་ཕུལ་སྐབས། ༸གོང་ས་མཆོག་གིས་འབའ་པ་ཕུན་ཚོགས་དབང་རྒྱལ་སྤུན་མཆེད་གཉིས་དང་བཀྲ་ཤིས་ཚེ་རིང་། ཡང་གླིང་རྡོ་རྗེ་སོགས་ཀྱི་མི་རིགས་ཀྱི་ལ་ཞེན་ལ་བསྟོད་བསྔགས་མཛད་སོང་།
དེ་རིང་ཞོགས་པར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མདོ་ཁམས་འབའ་ཐང་གཞིས་བྱེས་སེར་སྐྱ་ཡོངས་ནས་༧གོང་ས་མཆོག་ལ་བརྟན་ཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་། སྒ་རྗེ་ཁམས་སྤྲུལ་རིན་པོ་ཆེ་མཆོག་རྣམ་རྒྱལ་གྲྭ་ཚང་གི་མཁན་ཟུར་འབྲས་བློ་གླིང་གོ་བོ་བློ་བཟང་བསྟན་འཛིན་མཆོག ལཱ་ཁ་རིན་པོ་ཆེ་མཆོག་བཅས་བླ་སྤྲུལ་དགེ་བཤེས་ཞལ་གྲངས་ ༡༢༠ ཙམ་གྱིས་ཉིན་གསུམ་རིང་སྐུ་ཚེའི་སྒྲུབ་ཆོག་སྔོན་དུ་བཏང་བ་ལྟར། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
བརྟན་བཞུགས་མཛད་སྒོར། ལཱ་ཁ་རིན་པོ་ཆེ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་དང་ཟངས་གླིང་མཆོག་སྤྲུལ་རིན་པོ་ཆེ་འཇིགས་མེད་བསྟན་པའི་རྒྱལ་མཚན། དབུས་བོད་མིའི་སྒྲིག་འཛུགས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ་གཞན། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་སེར་སྐྱ་མིང་མང་ ༢༠༠༠ ལ་ཉེ་བ་འདུ་འཛོམས་བྱུང་འདུག
བརྟན་བཞུགས་དངོས་གཞིའི་ལས་རུམ་གྲུབ་རྗེས་༸གོང་ས་མཆོག་གིས་འབང་ཐང་སེར་སྐྱ་མི་མང་ལ་བཀའ་སློབ་ལམ་སྟོན་གནང་སྟེ། འབང་ཐང་ལུང་པ་ཆུང་ཆུང་དེར་བསྟན་འཛིན་གྱི་མཁས་པ་མང་པོ་འཁྲུངས་མྱོང་ཡོད་པ་དང་། དེ་དག་ཁྲོད་ཀྱི་རྒན་པདྨ་རྒྱལ་མཚན་དང་རྒན་ཉི་མ་རྒྱལ་མཚན་གཉིས་ནི་རིག་སྟོབས་ཕུལ་དུ་བྱུང་བ་ཡིན་ཞིང་། ཁོང་གཉིས་ཀྱི་ཡང་སྲིད་རྣམ་པས་སྐུ་གོང་མའི་མཛད་རྗེས་ཟིན་པ་གནང་དགོས་སྐོར་གསུངས་ཏེ། “ གྲྭ་ཚང་མཁན་པོ་བསམ་གཏན་རྒྱལ་པོ་ཁོང་གྲྭ་ཚང་མཁན་པོ་དང་། འདུལ་བའི་མཁན་པོ་གནང་སྟེ་ཧུར་ཐག་བྱས་པ་རེད། སྐབས་དེར་ཁོང་གིས་དོལ་རྒྱལ་བསྟེན་པ་རེད། དེ་དུས་ངས་འདེམ་ཀ་བྱས་མེད། གལ་སྲིད། ཁོང་ཡོད་པ་ཡིན་ན། ངས་བཤད་པ་དེར་བརྒྱ་ཆ་བརྒྱ་ཐམ་པའི་ཡིད་ཆེས་བློ་གཏད་བྱེད་པ་ལས། ལོག་པ་རྩ་བ་ནས་མི་བྱེད་པ་ངས་ཤེས་ཀྱི་ཡོད། རྒན་པདྨ་རྒྱལ་མཚན་ཁོང་ཐོག་མ་ཉིད་ནས་འབྲེལ་བ་ཡོད་པ་མ་རེད། ཁོང་གིས་སོ་སོའི་རང་ལུགས་བཟུང་སྟེ་བརྟན་པོར་བཞུགས་པ་རེད། ཕྱིས་སུ་བསམ་བློ་གཏོང་དུས་རྒན་ལགས་ཀྱི་མཛད་རྗེས་ཧ་ཅང་ཆེན་པོ་རེད། གདན་ས་སྤོར་ཚར་བའི་རྗེས་སུ་ཨར་པོ་འཛུགས་སྐྲུན་ཚུན་ཆད་ལ་ཧ་ལས་པའི་ཐུགས་འཁུར་བསྐྱེད་དེ་སྐུ་གཟུགས་སྐྱོ་བོ་ཆགས་ཡོད་ཀྱང་། གཟིགས་ཞིབ་ཏུ་ཕེབས་པ་སོགས་ཁོང་ཚོའི་ཆོས་ཕྱོགས་ཀྱི་མཛད་རྗེས་ལ་ང་ཚོས་རྗེས་དྲན་ཞུ་དགོས་པ་རེད། ” ཅེས་གསུངས་བྱུང་།
ཡང་༸གོང་ས་མཆོག་གིས། “ ཆབ་སྲིད་ཀྱི་ཐོག་ནས། ང་རྒྱ་ནག་ནང་ཕྱིན་པའི་སྐབས་ ༡༩༥༤ རེད། དེ་སྔོན་ནས་ཕུན་ཚོགས་དབང་རྒྱལ་ངོ་ཤེས་ཀྱི་ཡོད། གུང་ཁྲན་ཡིན་པའི་དོགས་ཡོད་མཁན་གང་ཙམ་ཞིག་ ༡༩༤༨ དང་ ༤༩ བར་དེར་ཕྱིར་འཕུད་བཏང་བ་རེད། སྐབས་དེར་ཁོང་ཡང་ཕྱིར་འཕུད་བཏང་བའི་གྲས་རེད། རྗེས་སུ་ཕུན་ཚོགས་དབང་རྒྱལ་ཀྲང་ཀོ་ཧཱ་མཉམ་དུ་ནོར་གླིང་དུ་ང་ཐུག་ཏུ་སླེབས་སོང་། སྐབས་དེར་ཁོང་གིས་བོད་ཆས་ཤིག་གྱོན་འདུག་ལ། མགོར་ཝ་ལྤགས་ཀྱི་ཞྭ་མོ་ཞིག་གོན་ཏེ་རྒྱ་མིའི་དཔོན་རིགས་དང་མཉམ་དུ་སླེབས་སོང་། ངའི་གམ་དུ་བསླེབས་སྐབས་ཞྭ་མོ་འཕུད་དེ་ཕྱག་གསུམ་འཚལ་སོང་། ཁོ་རང་གུང་ཁྲན་ཏང་གཙང་མ་རེད། སྐབས་དེར་ཆོས་ལ་དོ་སྣང་ཆེན་པོ་མེད་ནའང་། སོ་སོའི་མི་རིགས་ཀྱི་ལྟ་བ་ཧ་ལས་པའི་ཤུགས་ཆེན་པོ་རེད། ཡང་སྐབས་ཤིག་ངེད་གཉིས་པེ་ཅིན་དུ་སྡོད་སྐབས་ལོ་རྒྱུས་དང་ད་ལྟའི་གནས་ཚུལ་ཁ་བརྡ་བྱས་པ་ཡིན། སྐབས་དེར་ཁོང་གིས་སྔོན་མ་ནོར་གླིང་དུ་མཇལ་ཁར་བཅར་སྐབས་ང་བཞུགས་ཁྲིའི་སྟེང་ཆུང་ཆུང་ཞིག་ལས་མི་འདུག ད་ཆ་འདི་འདྲ་ཆགས་འདུག་ཟེར། དེ་དུས་ང་ལོ་ ༢༡ དང་ ༢༢ ཡས་མས་རེད། སྐབས་དེར་ཁོང་ཕྲུ་གུ་ངུ་བ་ཞིན་དུ་ངུས་སོང་། ཆོས་ལ་དད་པ་མེད་ཀྱང་། མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། གང་ལྟར། བོད་མི་རིགས་ཀྱི་ཞེན་ཁོག་གི་ཐོག་ནས་༸རྒྱལ་བ་རིན་པོ་ཆེར་དགའ་ཞེན་དེ་འདྲ་ཞིག་ཆགས་བསྡད་པ་རེད་ལ། མིའི་རྣམ་དཔྱོད་དང་བསམ་བློ་ཧ་ཅང་ཆེན་པོ་རེད། རྗེས་སུ་ངེད་གཉིས་རྒྱ་མིའི་བཤད་ཚུལ་ལྟར་བློ་མཐུན་རང་ཆགས་པ་རེད། ཁོང་གི་གམ་ནས་ངས་མར་ལེ་རིང་ལུགས་བསླབས་པ་རེད། ཁོ་རང་ཡང་ཡིད་ཆེས་གཙང་མ་ཡོད་པ་རེད་ལ། ང་ཡང་ཡིད་ཆེས་གཙང་མ་བསླེབས་ཏེ། པེ་ཅིན་དུ་སྡོད་སྐབས་ང་གུང་ཁྲན་ཏང་ནང་འཛུལ་རྒྱུ་ཡིན་ཞེས་ལབ་པ་ཡིན། དེ་དུས་རྒྱ་མིའི་དཔོན་པོ་ལིའུ་ཁན་མེན་ཡིན་པ་ཡོད། སྔོན་ལ་བྲེལ་བ་ཡོད་པ་མ་རེད་ཅེས་དེ་མུར་བཞག་པ་རེད། ཁོང་མི་རིགས་ཀྱི་ཞེན་ཁོག་ཡོད་པ་མ་ཟད། སོ་སོ་རང་ཉིད་ཀྱི་ཡིད་ཆེས་དང་ལག་ལེན་ཐོག་དམར་པོའི་ལྟ་གྲུབ་འཛིན་མཁན་ཞིག་རེད། རྗེས་སུ་ཁོ་རང་ཤི་ལི་སྒུ་རིར་སླེབས་པའི་སྐབས་ངོས་ཁ་པར་བཏང་སྟེ་ཁ་པར་ཐོག་འབྲེལ་བ་ཐེངས་ཁ་ཤས་བྱུང་། ཉིན་ཞིག་ངོས་ཁ་པར་བརྒྱུད་ཁོང་ལ་ད་ཆ་སྤྱི་ཚོགས་རིང་ལུགས་ག་རེ་བྱས་སོང་ཞེས་ལབ་པར་ཁོང་གིས་ཧཱ་ཧཱ་ཞེས་གད་མོ་བགད་ནས་བསྡད་སོང་། ཁོང་གི་སྤུན་ཐུབ་དབང་ཡང་གུང་ཁྲན་ཏང་ཡོན་གྱི་བསམ་བློ་ཡོད་མཁན་དེ་འདྲ་རེད། ཐུབ་དབང་གི་གམ་ནས་ངས་རྒྱ་ཡིག་སྦྱངས་མྱོང་ཡོད། ཁོང་ཡང་མི་རིགས་ཀྱི་ཞེན་ཁོག་ཧ་ལས་པ་རེད། ཁོང་སྤུན་གཉིས་ང་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཆགས་བསྡད་ཡོད།
དེའི་རྗེས་སུ་འབའ་བ་བཀྲ་ཤིས་ཚེ་རིང་དང་ཡང་གླིང་རྡོ་རྗེ་ཁོང་ཚོའི་གྲས་རེད། ཁོང་ཚོ་མི་རིགས་ཀྱི་ལྟ་བ་ཧ་ལས་པ་རེད། ཀྲོ་ཙི་ཡཱང་རྒྱ་ནག་གི་མགོ་ཁྲིད་དུ་བསླེབས་རྗེས་ཀྱི་བསམ་འཆར། ཡང་གླིང་རྡོ་རྗེས་བྲིས་པའི་དེབ་ཅིག་ཉེ་ཆར་ཧོང་ཀོང་པར་བསྐྲུན་ཁང་ཞིག་གིས་བཀྲམས་འདུག དེ་དངོས་ནས་ཧ་ལས་པ་རེད། ཡང་གླིང་རྡོ་རྗེའི་བསམ་འཆར་ལྟར་རྒྱ་ནག་དབུས་གཞུང་གིས་ལག་ལེན་བསྟར་ཡོད་ཚེ། བོད་ནང་ཟིང་ཟིང་རྩ་བ་ཉིད་ནས་མེད་པར། གཅིག་བྱས་ན་བོད་ནང་གནས་ཚུལ་ཡག་པོ་ཞིག་ཡོང་བའི་རེ་བ་འདུག བར་སྐབས་ཤིག་ནས་རྒྱ་ནག་གི་མགོ་ཁྲིད་ཚོས་མཁྲེགས་པོའི་སྐད་ཆ་བཤད་པ་དང་སྲིད་ཇུས་དེའི་སྒང་ལ་ཕྱིན་སྟབས། བོད་པ་ཚོར་དཀའ་ངལ་ལོ་ནས་ལོ་བསྟུད་དེ་ཡོང་བསྡད་པ་ཞིག་ཆགས་བསྡད་ཡོད།” ཅེས་གསུངས་བྱུང་།
མཐར་༸གོང་ས་མཆོག་གིས། “ འབའ་བར་མཚོན་ན་ཡུལ་ལུང་ཆུང་ཆུང་ཞིག་ཡིན་ཡང་། ཆོས་དང་འཐབ་རྩོད་གཉིས་ཀར་བྱས་རྗེས་ཡོད་པའི་ངའི་ངོ་ཤེས་མང་པོ་ཞིག་ཡོད། ཧ་ཅང་ཡག་པོ་རེད། དེ་རིང་འདིར་ཁྱེད་རང་ཚོ་གཞིས་བྱེས་སེར་སྐྱ་གཉིས་ཐུན་མོང་གིས་བརྟན་ཞུགས་གནང་བ་རེད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབའ་བའི་འདས་པོ་ཚོ་བྱས་རྗེས་ཆེན་པོ་ཡོད། འབྱུང་འགྱུར་གཞོན་པ་ཚོས་གང་ཅིའི་ཐོག་ཞབས་འདེགས་བསྒྲུབ་ཐུབ་པའི་སྙིང་སྟོབས་གཅིག་པུས་མི་འདང་པར། ཤེས་ཡོན་དང་རྣམ་དཔྱོད་དགོས་ཀྱི་ཡོད་སྟབས། སློབ་སྦྱོང་ཐོག་འབད་པ་བྱ་རྒྱུ་དང་། རྣམ་དཔྱོད་ཀྱི་རྩལ་བཏོན་ཏེ་ལྷག་བསམ་སྙིང་སྟོབས་ཟུང་འབྲེལ་ཐོག་འགྲོ་ཐུབ་པར་བྱ་རྒྱུ་གལ་ཆེན་པོ་རེད། ” ཅེས་གསུངས་བྱུང་།
༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་ཉིན་མོ་དང་བསྟུན་ཏེ། དེ་རིང་བོད་ནང་གི་འབའ་བའི་མི་མང་ཡོངས་ཀྱིས། ཞལ་འདོན་དང་ཚེ་ཐར་གཏོང་བ་སོགས་ཆོས་ཕྱོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད་འདུག
གསར་འགོད་པ། དོན་གོ
འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་གི་དཔའ་བོའི་སྙིང་སྟོབས་དང་མི་རིགས་ལ་བཅིངས་པའི་ལྷག་བསམ་། འགྲན་ཟླ་མེད་པའི་རྣམ་དཔྱོད་བཅས་ལ་ཡི་རང་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ། ཁོང་གིས་བོད་མི་རིགས་ལ་བཞག་པའི་མཛད་རྗེས་དག་ནམ་ཡང་ཡལ་བ་མེད། ཕུན་དབང་རྒྱལ་གྱུར་ཅིག
འབའ་པ་ཕུན་དབང་ལ་༸གོང་ས་མཆོག་གིས་བསྟོད་པ་གནང་འདུག་པས་དེ་ནི་ཆེས་ཤིན་ཏུ་འོས། འབའ་པ་ཕུན་དབང་གི་ལོ་རྒྱུས་ཀྱི་དེབ་དེར་གཟིགས་ན་ངོ་མ་ངེད་བོད་པ་ཚང་ལ་དགོས་ངེས་པའི་ཕོ་རྒོད་ཅེས་ཡིན། འོན་ཀྱང་སྐབས་དེར་ཁོང་གི་དམིགས་ཡུལ་ཇི་བཞིན་འགྲུབ་མ་ཐུབ་པར་ངོ་མ་བློ་ཕམ་རེད།
༸གོང་ས་མཆོག་གིས་འབའ་པ་ཕུན་ཚོགས་དབང་རྒྱལ་སྤུན་མཆེད་གཉིས་དང་བཀྲ་ཤིས་ཚེ་རིང་། ཡངས་གླིང་རྡོ་རྗེ་སོགས་ཀྱི་མི་རིགས་ཀྱི་ལ་ཞེན་ལ་བསྟོད་བསྔགས་གནང་འདུག་ལ་གནང་འོས་པ་རེད། འབའ་པ་ཕུན་དབང་ནི་མི་རིགས་ཀྱི་ཆེད་དུ་ལན་གྲངས་མང་པོར་རང་སྲོག་བློས་བཏང་གི་ལས་ཀ་མང་པོ་བྱས་ཡོད། བོད་མི་རིགས་ཆེད་དུ་མི་ལོ་ཧྲིལ་པོ་བཅོ་བརྒྱད་ལ་རྒྱ་དམར་གྱི་བཙོན་དུ་ལྷུང་བ་མ་ཚད་ཁོང་གི་སྐུ་ཟླ་ཡང་རྒྱ་མིས་གསད་པ་རེད། ཕུན་དབང་མེད་ན་གྲོས་ཆོད་དོན་ཚན་བཅུ་བདུན་ལམ་ལྷོང་མ་བྱུང་བ་མ་ཚད་བོད་ལ་དྲག་གནོན་ཧ་ཅང་ཚད་ལས་འདས་བ་བྱུང་ངེས་རེད། ཕུན་དབང་གིས་བོད་བདེ་བ་གཞུང་ལ་རེ་སྐུལ་ཞུས་པ་ལྟར་བོད་ཆོལ་ཁ་གསུམ་ཆིག་འགྲིལ་དང་དམག་གི་འགྲིག་འཛུགས་གང་སར་བཙུགས་ཡོད་ན་རྒྱ་དམར་བཙན་འཛུལ་བྱེད་ཁག་པོ་ཆགས་ཡོད། དེ་ལས་ལྡོག་སྟེ་བདེ་བ་གཞུང་གིས་ཕུན་དབང་ལྷ་ས་ནས་ཕྱིར་ཕུད་བཏང་ཡོད། སྐབས་དེར་ཀྲུང་དབྱང་གིས་བོད་ལ་ཐལ་དྲགས་པའི་སྲིད་ཇུས་ལ་མཐོ་རིམ་མགོ་ཁྲིད་མདུན་དུ་བསམ་འཆར་བཤད་མཁན། བཤད་ན་ཀྲུང་དབྱང་དཔོན་རིགས་ཀྱིས་ཉན་འཇོག་བྱེད་ས་བོད་རིགས་ནང་གི་མཐོ་རིམ་དཔོན་རིགས་གཅིག་པོ་དེ་ཡིན།
བོད་རང་སྐྱོང་ལྗོངས་ཀྱི་རྩ་ཁྲིམས་གཏན་འབེབས་སྐབས་སུ་ཕུན་དབང་གིས་བསམ་འཆར་སྟོན་ཏེ་རྩ་ཁྲིམས་འགྱུར་བ་མང་པོ་བཏང་དགོས་བྱུང་ཡོད། དང་པོ་རྒྱ་དམག་བོད་ཁུལ་ལ་བསླེབས་དུས་རྒྱ་དམག་གིས་བྱེད་སྟངས་ལ་ཚོད་འཛིན་མང་པོ་བྱས་ཡོད། ད་དུང་དེ་ལས་མང་བ་ཡོད་ཀྱང་། དེ་དག་ཚང་མ་སྐབས་འདིར་འབྲི་དགོས་དོན་མེད།
མཁས་དབང་དཔའ་བོ་ཕུན་དབང་བཞིན།
བོད་ཞེན་བོད་ལ་ཤིན་ཏུ་དཀོན།
ལན་བརྒྱར་ཕམ་ཡང་ཞུམ་པ་མེད།
སྔོན་ཐོན་རྟོགས་སད་ཕུན་དབང་བསྟོད།
རྒན་ཉི་མ་རྒྱལ་མཚན་མཆོག་དང་། རྒན་པདྨ་རྒྱལ་མཚན་མཆོག་རྣམ་གཉིས་ཀྱི་མཚན་སྙན་དང་ཁོང་རྣམ་གཉིས་ཀྱིས་སྤེལ་བའི་བོད་བསྟན་དེ་རྟག་ཏུ་རྒྱས་འགྱུར་ཅིག ཡང་སྲིད་རྣམ་གཉིས་སྐུ་ཚེ་ཡུན་བརྟན་ཤོག །
༸གོང་ས་མཆོག་གི་གསུང་ཚིག་འདི་མཉམ་དུ་ཕུན་དབང་མཆོག་ཀྱང་མཇུག་རྫོགས་པ་རེད། ང་ཚོས་ཆབ་སྲིད་ཀྱི་དབྱེ་མཚམས་དང་། ཆོས་ལུགས་ཀྱི་བྱེད་སྒོ་དངོས་གནས་བྱས་ན་བསྲེ་མི་རིང་ཞིང་། ཆོས་དང་མཉམ་དུ་ཆབ་སྲིད་ཀྱང་བྱང་ཆུབ་པ་ཞིག་སྦྱོང་དགོས་ཀྱི་ལོས་ཡོད། འདི་མི་རིགས་ཤིག་ལ་མཚོན་ན་སྲོག་རྩ་ལྟ་བུ་རེད།