མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ལུས་མེར་བསྲེགས་མི་གཏོང་རྒྱུའི་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཤར་སྤྲུལ་དམ་ཆོས་རྒྱ་མཚོ།


སྙིང་ནས་བརྩེ་བའི་བོད་ཕྱི་ནང་གི་སྤུན་ཟླ་ཡོངས་ལ་ཞུ་རྒྱུར།
ང་ཚོའི་མི་རིགས་ཀྱི་འཐབ་རྩོད་འདི་ཇི་སྲིད་བདེན་མཐའ་མ་གསལ་བར་དེ་སྲིད་རྒྱུན་སྐྱོང་དགོས་པ་བདེན་རུང་། འདི་ནི་བདེན་པའི་འཐབ་རྩོད་ཅིག་ཡིན་པ་ལས། ཨུ་ཚུགས་ངང་རང་སྲོག་རང་གིས་གཅོད་པ་འདི་ནི་རྣམ་དཔྱོད་དང་ལྡན་པའི་ཐབས་ལམ་ཞིག་རྩ་བ་ནས་མིན། བོད་ཀྱིས་རྩ་དོན་ཆེད་བདེན་པའི་འཐབ་རྩོད་འདི་བདེན་མཐའ་མ་གསལ་བར་བོད་མི་ཡོངས་གསོན་པོར་གནས་གང་ཐུབ་ལ་འབད་དགོས་པ་དང་། ལྷག་པར་རྒྱལ་གཅེས་དཔའ་བོ་འདི་དག་མི་རིགས་འདི་དང་རྩ་དོན་འདིའི་ཆེད་ངེས་པར་དུ་སྐུ་གཟུགས་གསོན་པོར་བཞུགས་བཞིན་པའི་ཐོག་ནས་རྒྱལ་ཁ་འཐོབ་པ་གནང་དགོས། ལྷག་པར་བོད་ནང་བཞུགས་པའི་བོད་རིགས་སྤུན་ཟླ་རྣམ་པ་སྐུ་ངལ་འོ་བརྒྱལ་ཇི་ལྟར་ཆེ་རུང་རིན་བྲལ་གྱི་མི་ལུས་འདི་ཉིད་རྒྱལ་ཁབ་འདི་དང་མི་རིགས་འདི་ཡི་ཆེད་ངེས་པར་དུ་གསོན་པོར་བཞུགས་ཐུབ་པ་གནང་རོགས་ཞེས་སྙིང་དབུས་ནས་འབོད་སྐུལ་ཞུ།

གཞན་ཡང་སྲིད་སྐྱོང་བཀའ་ཤག་དང་སྤྱི་མཐུན་གྲོས་ཚོགས། ཁྲིམས་བཟོ་ལྷན་ཚོགས་བཅས་ལ་སྙིང་དབུས་ནས་འབོད་སྐུལ་ཞུ་རྒྱུ་ལ། བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱལ་གཅེས་བོད་མི་འདི་དག་མེར་བསྲེགས་མི་གཏོང་བའི་གཞུང་འབྲེལ་འབོད་སྐུལ་གནང་རོགས་ཞུ་རྒྱུ་ཡིན། ང་ཚོས་དུས་ཚོད་འདི་ལ་ཐབས་ལམ་གཞན་དག་ཐོག་བཀའ་གྲོས་ཞིབ་བསྡུར་གནང་དགོས་པ་མ་གཏོགས། སྙིང་སྟོབས་ཅན་གྱི་དཔའ་བོ་འདི་དག་མུ་མཐུད་ཕན་ནུས་ཆུང་བའི་ཐོག་སྐུ་སྲོག་འདི་ལྟར་ཤོར་ན། འདི་ནང་བཞིན་ལྷག་བསམ་དང་སྙིང་སྟོབས་ཅན་གྱི་བོད་མི་ད་དུང་ག་ཚོད་ལྷག་ཡོང་། སྙིང་རྗེ་མེད་པའི་རྒྱ་མིས་དམར་གསོད་འོག་ཏུ་དཔའ་བོ་དཔའ་མོ་འདས་གྲོངས་ག་ཚོད་ཕྱིན་ཡོད་མེད་ལ་ཐུགས་བསམ་ཞིག་བཞེས་དགོས། སྔར་འཇར་པན་གྱིས་རྒྱ་ནག་ལ་བཙན་འཛུལ་བྱེད་པའི་ལམ་ལུགས་དེ་རྒྱ་ནག་སྲིད་གཞུང་ནས་དེང་སྐབས་བོད་ལ་ལག་བལྟར་བྱས་དང་བྱེད་བཞིན་པ་རེད། སྐབས་དེར་རྒྱ་མི་རིགས་སུ་གང་གིས་ཀྱང་རང་སྲོག་རང་གིས་བཅད་དེ་འཇར་པན་ལ་ངོ་རྒོལ་བྱས་མེད་པ་དོན་གང་ཡིན་ཞེ་ན། ཡ་ང་སྙིང་རྗེ་མེད་པའི་རྒྱལ་ཁབ་ཅིག་ལ་ཐབས་ལམ་དེས་ཕན་ཐོགས་མེད་པ་ཤེས་ཀྱི་ཡོད།

ང་ཚོས་སྤུན་ཟླ་ཚོས་རང་སྲོག་རང་གི་བཅད་པའི་ཐབས་ཤེས་འདི་དག་གོང་ཞུས་ལྟར་ཕན་ཐོགས་མེད་པ་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ནས་མཐོང་སྣང་དང་འབྲེལ་བཤད་འདྲ་མིན་རྒྱག་པ་ལས་ཕན་འབྲས་ལྡན་པའི་ནུས་པ་གང་ཡང་ཐོན་མི་ཐུབ། དཔེར་ན། རྒྱ་ནག་གཞུང་ངོས་ནས་སྙིང་རྗེ་མེད་ཁར། བོད་མིར་རིག་འཚོ་མ་ཟིན་པ་དང་། འཇིགས་སྐུལ་རིང་ལུགས་པས་ངན་སྐུལ་བྱས་པ་རེད་ཅེས་སོགས་ངོ་ཚ་ཁྲེལ་བྲལ་གྱི་ལོག་འགྲེལ་སྣ་ཚོགས་དང་ཁྱབ་བསྒྲགས་ཤུགས་ཆེན་བྱེད་པ་མ་གཏོགས་འདི་དག་ལ་བསམ་ཤེས་བཟང་ཕྱོགས་ལ་བསྒྱུར་བཅོས་གཏོང་བའི་བློ་མེད་པ་ནི། བལྟས་རིག་དངོས་གསལ་རེད། རྒྱུ་མཚན་དེས་ན་སྤུན་ཟླ་ཚོས་ཚེ་སྲོག་གྲོན་པ་དང་རང་རིགས་ལ་གྱོང་གུད་རག་པ་མ་གཏོགས་གང་ཡང་མེད།

དེས་ན་རྣམ་དཔྱོད་ལྡན་པའི་ཐབས་ལམ་ནི། སྐྱ་སེར་དབྱེ་བ་མེད་པའི་ཐོག་ནས། སོ་སོས་ཤེས་འཇོན་ལ་དཔག་པའི་རང་ཉིད་གནས་ཡུལ་གྱི་མི་མང་ནང་གང་ཐུབ་འབྲེལ་བཤད་དང་རོགས་སྐྱོར་གྱི་མཚན་རྟགས་གང་མང་བསྡུ་རུབ་ཐོག གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བརྒྱུད། ས་གནས་གཞུང་དང་དབུས་གཞུང་བཅས་ནས་རིམ་པས་རྒྱབ་སྐྱོར་ཐོབ་ཐབས་ལ་འབད་བརྩོན་གནང་བ་ཡིན་ན། དེ་དག་ལ་རིམ་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་རྟོག་ཞིབ་བྱ་རྒྱུའི་ཕན་ནུས་ངེས་བརྟན་ཐོབ་སྲིད།

དེ་མིན་རང་ལུས་མེར་བསྲེགས་གཏོང་བ་དེ་དག་མུ་མཐུད་མང་དྲགས་ན། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རྒྱུན་ལྡན་ལྟ་བུ་ཞིག་ལས་དོ་སྣང་མེད་པ་ཆགས། ང་ཚོས་སྤུན་ཟླ་དང་རྩ་དོན་ལ་གྱོང་གུད་ཚད་ལས་འདས་པ་ཞིག་རེག་ཀྱང་ཕན་མ་ཐོགས་པ་ལྟ་བུ་འགྱུར་སྲིད། སྲོག་ལྡན་ཀུན་གྱི་ཚེ་སྲོག་ལ་གཅེས་སྤྲས་ཡོད་པ་ལྟར། ང་ཚོས་ཀྱང་སྤུན་ཟླ་ཚོས་ཚེ་སྲོག་ལ་ཤིན་ཏུ་གཅེས་སྤྲས་ཡོད་པ་དེ་དག ཡ་ང་སྙིང་རྗེ་མེད་པའི་རྒྱ་ནག་གཞུང་གི་མདུན་དུ་བློས་གཏོང་བྱེད་པ་དེ་ཕངས་སེམས་དང་བློ་འཚབ་ཀྱི་རང་བཞིན་རེད།

རྗེས་སུ་དེ་ལྟར་མི་ཡོང་བའི་འབོད་བསྐུལ་སྙིང་དབུས་ནས་ཞུ་ཞུ་ཅེས་སྤྱི་ལོ། ༢༠༡༢ ཟླ། ༣ ཚེས། ༢༧ ལ། རྒྱ་གར་བྱང་ཕྱོགས་ཅོན་ཏ་ར་ནས་ལག་ཐལ་མོ་སྦྱར་བཞིན་ཕུལ།།



འབྲེལ་ཡོད་གསར་འགྱུར།

འཕྲུལ་རིག་སྐད་བརྡའི་འཇུག་སྒོ། ཕེ་ཊོན་ (Python) ཞེས་པའི་དཔེ་དེབ། ༢༠༢༥།༦།༣༠
Mobile App

འཕྲུལ་རིག་སྐད་བརྡའི་འཇུག་སྒོ་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
ལོ་རྗེས་མར་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཨ་ཕའི་རྐང་སྤོལ་རྩེད་འགྲན་འཚོག་རྒྱུ་ཡིན་འདུག ༢༠༢༥།༦། ༣༠ ཨ་ཕ་རྐང་སྤོལ་ཚོགས་པའི་པར།
Mobile App

རྡོ་རྗེ་གླིང་གཡག་རུ་ཁག་ལ་འདི་ལོའི་ཨ་ཕ་གསེར་གྱི་བུམ་པའི་རྟགས་མ་ཐོབ་སོང་།

ཆུ་ཚོད་ ༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༥/༠༦/༣༠
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧

མཆན། 30

  1. ནད་པ says:
    ལོ་ 13 སྔོན།

    གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་བྱེད་དགོས། ཞེས་པ་པར་ང་ཚོས་རྟག་པར་ངོ་རྒོལ་བྱེད་དགོས།

    སྐྱེ་བ་རླབས་ཆེ་ལ། ཤི་བ་གཟི་བརྗིད་ཆེ། ཞེས་པ་ལྟར་སྐྱེ་བ་བོད་མི་རིགས་སུ་སྐྱེས་པ་དེ་ཆེས་རླབས་ཆེ་ལ། ཤི་བ་དེ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་ཤི་བ་དེ་གཟི་བརྗིད་གཅིག་རེད།

    རྒྱལ་ཁབ་དང་མི་རིགས་ཞིག་གི་ལས་དབང་ཁ་བསྒྱུར་བར་བྱེད་པར་མ་མཐར་ཚེ་སྲོག་འབུམ་མང་པོས་བློས་གཏོང་མ་བྱས་ན་ཡོང་ཐབས་རྩ་བ་ནས་མེད། བོད་རིགས་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་མྱ་ངན་དང་གུས་བཏུད་གྲངས་མེད་ཞུ།

    བོད་རྒྱལ་ལོ།

    Reply
  2. ཡུལ་གྱར་བའི་མི་ཚེ། says:
    ལོ་ 13 སྔོན།

    དུས་བབ་གསར་ཁང་གི་བྱེད་རྣམས་ལ་དྲི་བ་ཞིག་དྲི་རྒྱུ་ལ་ངའི་བསམ་ཚུལ་ཅིའི་ཕྱིར་མ་སྟོན་པ་ཡིན་ནམ? ངའི་བསམ་ཚུལ་དེ་བརྗོད་གཞི་དང་མ་མཐུན་པ་གང་ཡང་མེད་ ཡང་ན་ངའི་བསམ་ཚུལ་དེའི་རིགས་སྟོན་ཆོག་གི་མེད་པ་ཡིན་ནམ?   གང་ཡིན་ཞེ་ན་ངའི་བསམ་ཚུལ་ཐེང་མ་ཁ་ཤས་སྟོན་མ་བྱུང་། བྱས་ཙང་སྐད་ཆ་འདི་དྲིས་པ་ཡིན་ཁྱེད་རྣམས་དགོང་འགལ་མེད་པ་ཞུ།

    Reply
  3. གྲྭ་རྒོད says:
    ལོ་ 13 སྔོན།

    ཤར་སྤྲུལ་དམ་ཆོས་རྒྱ་མཚོ། ལགས་ཀྱི་གསུང་བ་དེ་ཚོ་འདྲ་བོ་འདུག་བསམ་བློ་གཏོང་དགོས་པ་ཞིག་རེད། མི་སུ་ཡིན་ནའང་གསོན་རྒྱུ་གལ་ཆེ་ལྷག་པར་དུ་སེམས་ཤུགས་དང་ལ་རྒྱ་ཅན་དག་ངེས་པར་གསོན་དགོས། གང་ཡིན་ཟེར་ན་འདི་དག་ལ་བོད་མི་རིགས་ཆེད་ལས་དོན་བསྒྲུབ་ཀྱི་མང་དག་ཞིག་དང་དུས་ཤར་བའི་ཚེ་བསྒྲུབ་དགོས་རེད་བསམ་སོང་།

    Reply
  4. ཆོས་བཟང་། says:
    ལོ་ 13 སྔོན།

    ཤར་སྤྲུལ་དམ་ཆོས་རྒྱ་མཚོ་ཟེར་བ་འདིས་ཅི་ཡང་མི་ཤེས་པར་ད་དུང་ཅིག་ཅིག་མུག་མུག་དགོས་སྐོར་ངོ་ཚ་མེད་པ་ག་རེས་ཡིན་ནམ། དཔེར་ན། གཞན་ཡང་སྲིད་སྐྱོང་བཀའ་ཤག་དང་སྤྱི་མཐུན་གྲོས་ཚོགས། ཁྲིམས་བཟོ་ལྷན་ཚོགས་བཅས་ལ་སྙིང་དབུས་ནས་འབོད་སྐུལ་ཞུ་རྒྱུ་ལ། ཟེར་བར་ལྟོས་དང་། སྤྱི་མཐུན་གྲོས་ཚོགས་ཟེར་བ་ཞིག་མི་འདུག་ སྤྱི་མཐུན་མ་རེད། སྤྱི་འཐུས་རེད་སྤྲུལ་ཁོ། སྤྱི་འཐུས་ལྷན་ཚོགས་ལབ་ཚར་དུས་ཡང་བསྐྱལ་ཁྲིམས་བཟོ་ལྷན་ཚོགས་ཟེར་དགོས་ཡོད་མ་རེད་སྤྲུལ་ཁོ། སྤྱི་འཐུས་ལྷན་ཚོགས་དང་ཁྲིམས་བཟོ་ལྷན་ཚོགས་གཉིས་གཅིག་པ་རེད་སྤྲུལ་ཁོ། འདི་ཙམ་ལས་ཅང་མ་ཤེས་ན་ཞལ་བཙུམ་ནས་བཞུགས་ཤིག་སྤྲུལ་ཁོ། སྤྲུལ་ལོ་ཁྱེད་ཀྱིས་རང་ལུས་མེ་བསྲེགས་མི་གནང་པར་ས་ཡིག་བསྡུས་ལ་མཉམ་འབྲེལ་ཚོགས་ཀྱིས་དོ་སྣང་ཡོང་པ་ཞིག་གནང་དང་། ཨང་སྤྲུལ་སྐུ་ཚང་། ཨང་སྐུ་ལོ་ཚང་། ཨང་སྤྲུལ་ཁོ་ཚང་། ཨང་ཤར་སྤྲུལ་ཚང་། ད་དུང་ལྷོ་སྤྲུལ་དང་། ནུབ་སྤྲུལ་དང་། བྱང་སྤྲུལ་བཅས་ཀྱིས་རྨོངས་འཆར་རེ་ཐོན་དང་། ཅི་ཡང་མི་ཤེས་ཤིང་། ཉམས་མྱོང་མེད་པའི་སྐུ་ལོ་འདི་ཚོ་མཁྱེན། ཤར་སྤྲུལ་དམ་ཆོས་རྒྱ་མཚོ་མཁྱེན་ནོ། །ཤར་སྤྲུལ་དམ་ཆོས་རྒྱ་མཚོ་མཁྱེན་ནོ། །ཤར་སྤྲུལ་དམ་ཆོས་རྒྱ་མཚོ་མཁྱེན་ནོ། །ཨང་སྐྱབས་སུ་མཆི།

    Reply
  5. འབྲུག་དཀར ། says:
    ལོ་ 13 སྔོན།

    ཚེ་སྲོག་གི་རིན་ཐང་ཙམ་ཡང་མི་ཤེས་པའི་རང་རློམ་ཆེ་དྲག་པའི་ཤར་སྤྲུལ་ལྟ་བུ་འདི་ཚོ་བོད་མི་རིགས་ཀྱི་བདེ་སྡུག་མཐོང་བའི་བློ་མིག་ཞ་ཡོད། ཅིང་མི་ཤེས་ན་མ་བཤད་ན་ཨུ་ཚུགས་རྒྱག་ནི་སུ་གང་ཡང་ཡོད་ནི་མ་རེད། སྙིང་རྗེ་མགོ་ལོག་དེ་འདྲ་མ་གསུང་རོགས་ཐུགས་རྗེས་གཟིགས

    Reply
  6. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ད་ཁྱེད་ཀྱིས་སྐུ་ལུས་མེར་སྲེག་མ་གཏོང་རོགས་ཞེས་རེ་སྐུལ་ཞུས་རྗེས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་སོང་ངོ་། དེ་ལས་འབོད་སྐུལ་ཤུགས་ཆེ་ཙམ་ཞུས་ན།  མེར་སྲེག་གཏོང་མཁན་མང་དྲགས་མེད་ན་ཉུང་དྲགས་མེད་ཡ།། དཔའ་བོ་ཚོ་རེ་རེ་བཞིན་གཤེགས་སོང་ན་ཕམ་པ་ལ།།

    Reply
  7. བཙན་པོའི་བུ། says:
    ལོ་ 13 སྔོན།

    སྤྲུལ་སྐུ་ལགས། ཁྱེད་ཀྱིས་གསུངས་པ་རྣམས་ཀུན་སློང་རྣམ་དག་ཡིན་པར་ཡིད་ཆེས་ཡོད། འོན་ཀྱང་རང་དབང་དང་རང་ཙན་རྣམས་བློས་གཏོང་མི་ཉུང་བ་ཞིག་བྱས་ནས་བརྩོད་དགོས་པ་ལས་འབད་མེད་ལྷུན་གྲུབ་ཡོང་གི་མ་རེད། དེ་གཅིག་ཡིན། གཉིས་ནས་ཉིད་ཀྱིས་སྤྱི་འཐུས་ལ་རང་ལུས་མེར་སྲེགས་གཏོང་བའི་འབོད་སྐུལ་ཞུ་དགོས་ལུགས་གསུངས་པ་དེ་ནི་ཅུང་མི་འཐད་པར་སེམས། བོད་ནང་གི་བོད་མི་ཚོས་རང་ལུས་མེར་སྲེགས་ཀྱི་ལས་འགུལ་ནང་ཞུགས་པའི་འགན་དེ་རྒྱ་ནག་ལས་བོད་གཞུང་ལ་མེད་པ་རེད། བོད་ནང་གི་བོད་མིས་རང་ལུས་མེར་སྲེགས་གཏོང་བའི་ལས་འགུལ་དེ་མཚམས་འཇོག་དགོས་ན་ཐོག་མར་རྒྱ་གཞུང་གིས་བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་གཏོང་པ་རེད། དེ་ནི་བོད་མི་དེ་དག་གིས་མེར་སྲེགས་གཏོང་བའི་རྒྱུ་རྐྱེན་གཙོ་བོ་དེ་རེད། དེར་བརྟེན་བླ་སྤྲུལ་རྣམས་པས་ཆོས་ལུགས་ཀྱི་གཏན་ཚིགས་མི་ཉུང་བ་ཞིག་ཁྱེར་ནས་ང་ཚོའི་ལས་འགུལ་གྱི་ནུས་པ་གཉའ་ནས་མ་ཅོག་རོགས་གནང་།

    Reply
  8. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    རྒྱབ་སྐྱོར་ཡོད།

    Reply
  9. འབྲི་གུང་སྤྲོ་ཚེ། says:
    ལོ་ 13 སྔོན།

    ནུས་པ་མེད་ཅེས་པ་དེ་༼ནུས་པ་ཐོན་དཀའ་༽ཞེས་པར་བཅོས་རོགས།

    Reply
  10. སྙིང་རྩ་སྤར་འཛིན། says:
    ལོ་ 13 སྔོན།

    སྲོག་གི་འགྲོ་སོང་ཆ་ཚང་བློས་གཏོང་བའི་གྲ་སྒྲིག་ཡོངས་སུ་གྲུབ་ཟིན་པའི་མྱི་ཞིག་ལ། གསེར་གྱི་བུམ་པ་ཁོག་སྟོང་ཞིག་ཀྱང་བློས་མི་ཐོང་བའི་མི་ཞིག་གིས་གན་བྱོས། འདི་བྱོས་ཞེས་སྐྱག་ལངས་ལ་ཤོར་བའི་བཀའ་བཀོད་དེ་འགྲོ་ཨེ་མྱོང་ངམ། 
    འདང་མ་བརྒྱབར་སྐད་ཆ་བཤད་ཀ

    Reply
  11. འབྲི་གུང་སྤྲོ་ཚེ། says:
    ལོ་ 13 སྔོན།

    ལུས་སྲོག་མཆོད་མེར་འབུལ་པའི་ལས་འགུལ་འདིས་བོད་དོན་ལ་ནུས་པ་དེ་ཙམ་མ་ཐོན་ན། རིན་པོ་ཆེ་མཆོག་ལ་བོད་དོན་ལ་ནུས་པ་བླ་མེད་ཐོན་ཐུབ་པའི་ཐབས་ལམ་ཅི་ཞིག་ཡོད་དམ། མ་ཟད་ཆོས་ཕྱོགས་དང་སྲིད་ཕྱོགས་གཉིས་ཁ་ཁར་ཕྱེ་ནས་བཤད་དགོས་པ་ལས་ཆོས་མེད་སྲིད་མེད་ཀྱི་བཟོས་པའི་དཀའ་ངལ་དེ་ད་དུང་མི་རབས་རྗེས་མའི་ཆེད་དུ་འཇོག་མི་རུང་། ཁོང་རྣམས་ཀྱི་རང་ལུས་མཆོད་མེར་འབུལ་བའི་ལས་འགུལ་དེ་མཐའ་མེད་པའི་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་མ་ཡིན་པར་བོད་མི་ས་ཡ་དྲུག་གི་དོན་དུ་སྐུ་སྲོག་བློས་བཏང་བ་ཡིན་པ་ངེས་པར་དུ་མཁྱེན་པ་དགོས། ད་དུང་ཁོང་རྣམས་ལ་བསྔགས་བརྗོད་ཞུ་བའི་སྤོབས་པ་མེད་ན་ལས་འགུལ་དེར་ནུས་པ་མེད་ཅེས་སྨྲ་བའི་སྤོབས་པ་དེ་སུ་ཡིས་བསྟེར་རམ།

    Reply
  12. གཡུ་དྲུག་དཀར། says:
    ལོ་ 13 སྔོན།

    བོད་དོན་འཐབ་རྩོད་པ་ཚོ་རྒྱ་དམར་གྱིས་བཙན་གྱིས་འགོག་བཞིན་ཡོད་ལ། སྐོར་ཞིག་གིས་ཐབས་ཀྱིས་འགོག་བཞིན་ཡོད། བཙན་དབང་བྱས་མ་བྱས་ཙམ་ལས་དོན་ལ་བོད་དོན་འཐབ་རྩོད་ལ་བར་ཆད་གཏོང་བཞིན་པ་གཅིག་པ་རེད། འོ་ན་ཚང་མ་ཉལ་ནས་སྡོད། བོད་དོན་འཐབ་རྩོད་འདི་མཐའ་གང་ཞིག་ལ་ཟགས་ན་ཟགས་བཅུག ཚང་མ་གཟིམས་བདེ།

    Reply
  13. དེད་དཔོན། says:
    ལོ་ 13 སྔོན།

    གང་ལྟར་རྒྱ་དམར་པོའི་དྲག་གནོན་གྱི་སྲིད་རྒྱུས་ལ་འགྱུར་བ་ཨེ་འདུག་དང་
    རྒྱ་ཚོགས་ཀྱིས་རྒྱབ་སྐྱོར་འདྲ་གང་འདུག
    གནས་སྐབས་རིང་དེར་གཟིགས་པ་ལས།
    རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ཀྱིས་
    ཨུ་ཚུགས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་རང་ལུས་མེར་
    སྲེག་མ་གནང་རོགས་ཞེས་སྙིང་དབུས་ནས་རེ་སྐུལ་ཞུ་རྒྱུ་དང་།
    བོད་ཕྱི་ནང་དུ་བཞུགས་པའི་མཁྱེན་ལྡན་དག་གིས་ལམ་སྟོན་འདི་
    བཞིན་གནང་རོགས་ཞེས་གསོལ་བ་ལན་བརྒྱར་འདེབས་པ་ལགས་སོ།།

    Reply
  14. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 13 སྔོན།

    ཆོས་འཕེལ་གྱི་གསུང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ གསུང་པར་ལ་མངོན་པར་བསྟོད་དོ། དམ་པའི་སྐྱེས་བུ་སྐུ་ཞབས་འཇམ་དཔལ་ཡེ་ཤེས་མཆོག་ཐར་ལམ་ལ་བར་ཆད་མེད་པའི་སྨོན་འདུན་ཞུ།

    Reply
  15. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 13 སྔོན།

    ཤར་སྤྲུལ་ལགས་ཀྱི་རེ་སྐུལ་དེ་ཤ་ཚ་བའི་བསམ་ཚུལ་ཡིན་ངེས་ལ་རྗེས་སུ་ཡི་རང་ཞུ། ཡིན་ནའང་སྐུ་ཉིད་ཀྱིས་བསྟན་པའི་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་ལྟ་བུའི་ལས་འགུལ་དེ་དག་ད་བར་གྲངས་ལས་འདས་པ་སྤེལ་དང་སྤེལ་མུས་ཡིན་པ་མཁྱེན་མེད་ཚོད་ལ་བློ་ཕམ་ཆེ། སླད་སྐུ་ཉིད་ཀྱང་བོད་བསྟན་སྲིད་སླད་གཟེངས་སུ་ཐོན་པའི་ལས་འགུལ་གྱི་སྣེ་ཁྲིད་ཡག་པོ་ཞིག་གནང་བའི་རེ་སྐུལ་དང་སྨོན་འདུན་ཞུ།།།།

    Reply
  16. རྒྱ་མཚོ། says:
    ལོ་ 13 སྔོན།

    ཤར་སྤྲུལ་ཟེར་བ་འདིས།

    ༼དེས་ན་རྣམ་དཔྱོད་ལྡན་པའི་ཐབས་ལམ་ནི། སྐྱ་སེར་དབྱེ་བ་མེད་པའི་ཐོག་ནས། སོ་སོས་ཤེས་འཇོན་ལ་དཔག་པའི་རང་ཉིད་གནས་ཡུལ་གྱི་མི་མང་ནང་གང་ཐུབ་འབྲེལ་བཤད་དང་རོགས་སྐྱོར་གྱི་མཚན་རྟགས་གང་མང་བསྡུ་རུབ་ཐོག གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བརྒྱུད། ས་གནས་གཞུང་དང་དབུས་གཞུང་བཅས་ནས་རིམ་པས་རྒྱབ་སྐྱོར་ཐོབ་ཐབས་ལ་འབད་བརྩོན་གནང་བ་ཡིན་ན། དེ་དག་ལ་རིམ་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་རྟོག་ཞིབ་བྱ་རྒྱུའི་ཕན་ནུས་ངེས་བརྟན་ཐོབ་སྲིད། ༽

    འདི་ཁྱེད་རང་གིས་མེར་བསྲེག་མ་གཏོང་། འདི་ལྟར་བྱེས་དགོས་པའི་ཞེས་པའི་ལམ་སྟོན་རེད། ད་ལམ་སྟོན་འདི་ཙམ་ལས་མེད་ན། ད་ལྟ་བོད་མི་སུམ་ཅུ་སོ་བཞིས་རང་ལུས་མེར་བསྲེགས་བཏང་ཡོད། འདི་ཚོའི་ཁྲོད་དུ། ལྷ་སྡེ་མི་སྡེས་སྤྱི་གཙུག་གི་བླ་མ་དང་བསླབ་པ་སློབ་གཉེར་མཐར་ཕྱིན་མཁན་གྱི་ངེས་པ་དོན་གྱི་མཁས་པ། གཞན་ཡང་ཞིང་པ་དཀྱུས་མ་བཅས་ཁྱེད་རང་ཁྱེད་འདྲ་བ་ལས་སྔོན་ཐོན་དུ་བགྲངས་ཆོག་པ། མཁས་པར་བགྲངས་ཆོག་པ། མཁྱེན་དཔྱོད་གཉིས་ལྡན་དུ་བགྲངས་ཆོག་པ་ཞེ་ཅིག་གིས་འདམས་པའི་ལམ་ཁ་འདི་ཕན་མེད་དུ་སྒྲོག་པའི་ཁ་ཕོ་ཆེ་བ་ཙམ་ལ་ཅི་ཡང་མེད་དེ། བཤད་སྟངས་འདི་ནི་དམ་པ་ལྷ་ཆོས་ཕར་ཟད། འཇིག་རྟེན་མི་ཆོས་ཀྱི་ལུགས་ཀྱང་མི་མཁྱེན་པའི་རང་རྟགས་བསྟན་པར་མཐོིང་སོང་། སླད་ཕྱིན་ཆད་གླེན་བཤད་འདི་འདྲ་མི་གནང་བའི་རེ་བ་ཡོད།

    Reply
  17. རྒྱང་མིག says:
    ལོ་ 13 སྔོན།

    རྒྱ་དམར་གཞུང་གི་རྣ་བར་སྙན་པའི་སྐད་ཆ་སྟེ་༼་མེར་བསྲེགས་མ་གཏོང་རོགས་༽ཞེས་ཨ་ཀྱཱ་དང་ཤར་སྤྲུལ་སོགས་སྐོར་ཞིག་གིས་མི་རིགས་བདེ་དོན་ལ་འགན་མི་ཁུར་པའི་ཁྲིམས་འགལ་ཀྱི་བྱ་སྤྱོད་ལ་ངོ་རྒོལ་དང་སུ་ལའང་དེ་ལྟར་བཤད་པའི་ཐོབ་ཐང་མེད་ལ་དེར་སྐུལ་མ་བྱེད་པའི་ཐོབ་ཐང་ཡང་མེད། ཅིའི་ཕྱིར་ཞེ་ན་རང་གི་ཚེ་སྲོག་གི་བདག་དབང་དེ་རང་ལས་གཞན་སུ་ལ་མེད་པས་སོ།།

    Reply
  18. ཁ་བ་སྐམ་པོ། says:
    ལོ་ 13 སྔོན།

    སྤྱིར་དྲ་འབུ་ཁ་ཤས་ཀྱིས་ཁྱི་ཁ་ཙུམ་དགོས་ཚུལ་དང་དེ་མིན་ན་ཁྱི་སྐྱག་སྟེར་ཚུལ་ལྟ་བུའི་ཤ་ཟའི་སྐད་དེ་དག་བྱུང་ངས་བཤད་མི་འདོད། སྤྲུལ་སྐུའི་མང་ཅན་ཞིག་ཡིན་པ་ཁྱོད་ལ་སྐད་ཆ་འགའ་བཤད་ན། དང་པོ་ཁྱོད་ཀྱིས་བཤད་པ“འདི་ནི་བདེན་པའི་འཐབ་རྩོད་ཅིག་ཡིན་པ་ལས། ཨུ་ཚུགས་ངང་རང་སྲོག་རང་གིས་གཅོད་པ་འདི་ནི་རྣམ་དཔྱོད་དང་ལྡན་པའི་ཐབས་ལམ་ཞིག་རྩ་བ་ནས་མིན།”ཞེས་པ་འདི་ཁྱོད་ཀྱིས་བདེན་པ་གང་ཡིན་དང་རྫུན་པ་གང་ཡིན་དབྱེ་འབྱེད་མ་ཤེས་བ་ཞིག་དང་བདེན་པ་རྩོད་སྟངས་ཡང་མ་ཤེས་བ་ཞིག་སྟེ། བདེན་པ་རྩོད་ལུགས་ནི་འཚེ་བ་མ་བྱས་པར་ཅི་ལྟར་བརྩད་ནའང་ཆོག་པ་ཞིག་ཡིན་པ་ལས་“ཨུ་ཚུགས་”བདེན་པ་མིན་པ་དང་“མཚན་རྟགས་བསྡུ་རུབ”བདེན་པ་ཡིན་པའི་སྒྲུབ་བྱེད་ཅི་གདའ། འདི་དག་ལ་འབྲས་བུ་མི་ཐོན་པ་༸གོང་ས་མཆོག་གི་མ་མཁྱེན་གོང་ཁྱོད་ཀྱིས་ཅི་ལྟར་མཁྱེན་སོང་ཐལ་འདི་གཅིག་ཡིན། ང་ཚོ་བོད་འདི་ད་དུང་ཡང་བླ་སྤྲུལ་གྱིས་སྣེ་ཁྲིལ་ན་གང་དུ་ཡང་ཤར་སྐྱོད་བྱེད་པ་ཤེས་ཤེ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་ལས་གཞན་ཁྱོད་དང་ཁྱོད་ལྟ་བུ་གདོང་ལ་མི་ཐོན་པ་ཅི་ཡིན་འདི་གཅིག་ཡིན། ཁྱོད་ཀྱི་བྲིས་རྩོམ་གྱི་འགོ་ལྔ་གང་དུ་ཡང་མྱེ་བསྲེག་ལས་འགུལ་འདི་ལ་སྣང་ཆུང་གྱི་ཆ་དང་ཟུར་མང་པོ་ཞིག་འདུག་པ་འདི་ཁྱོད་རང་སྣང་མཐོ་རྒྱུ་ཅུང་མང་དྲགས་པ་ཞིག་ལས་གཞན་གང་ཡང་མཐོང་མི་ཐུབ་པ་འདི་གཅིག་ཡིན། སྤྱི་འཐུས་ལྷན་ཚོགས་དང་ཁྲིམས་བཟོ་ལྷན་ཚོགས་གཉིས་སུ་བགྲང་འདུག་པ་འདི་ཡང་ཁྱོད་བོད་དོན་ལ་དོ་སྣང་ཡོད་མཁན་ཞིག་མིན་པ་ཤེས་ཀྱི་འདུག་འདི་གཅིག་ཡིན། ཡང་རྒྱ་ནག་ལ་འཇར་པན་གྱིས་བཙན་འཛུལ་སྐབས་དག་བོད་ལ་སྤྱར་བ་འདི་ཡང་ཧ་ཅང་མ་ཤེས་བ་ཞིག་སྟེ། སྐབས་དེ་དང་སྐབས་འདིའི་བར་ལ་དུས་རབས་ཀྱིས་བར་ཆོད་པ་དང་མི་རབས་ཀྱིས་བར་ཆོད་པ་བསམ་བློ་གསར་བའི་བར་ཆོད་ཧ་ཅང་ཆེ་བས་འདི་གཉིས་གཤིབ་ས་མི་འགྲོ་བ་འདི་ཤེས་དགོས་འདི་གཅིག་ཡིན། ཨུ་ཚུགས་ལ་ཟམ་གདོང་རིན་པོ་ཆེའི་ད་དུང་རེ་བ་རྒྱག་གི་འདུག་དུས་ཁྱོས་ཚོད་ཚོད་ལ་ཅིག་མཁྱེན་ཁུལ་མ་བྱེད་མིན་མིང་ཐོ་ཟེགས་བསྐྱལ་ཡིན་རྒྱུ་རེད་འདི་གཅིག་ཡིན། ད་དུང་ཁྱོས་ཚིག་ཐག་ཆོད་པའི་ངང་“ ང་ཚོས་སྤུན་ཟླ་ཚོས་རང་སྲོག་རང་གི་བཅད་པའི་ཐབས་ཤེས་འདི་དག་གོང་ཞུས་ལྟར་ཕན་ཐོགས་མེད་པ་མ་ཟད།”ཟེར་བ་འདི་ཅི་འདྲའི་དགོད་བསྐྱལ་ཞིག་མ་རེད་དམ།

    Reply
  19. ལུང་རྟོགས། says:
    ལོ་ 13 སྔོན།

    བོད་མི་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་ནི་བོད་མི་ས་ཡ་དྲུག་གི་རང་དབང་དང་ཐོབ་ཐང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་ཡིན་པ་ལས་དོན་ཆུང་ཞིག་གི་ཆེད་དུ་མ་རེད། དེས་ན་མེར་སྲེག་གི་ལས་འགུལ་སྤེལ་དགོས་ཞེས་བཤད་མི་ཐུབ་ཀྱང་ལས་འགུལ་འདི་མཚམས་འཇོག་དགོས་པའི་འབོད་སྐུལ་སུས་ཀྱང་ཞུ་མི་ཐུབ། གང་ཡིན་ཞེ་ན་ང་ཚོས་ལས་འགུལ་འདི་མཚམས་འཇོག་བྱས་ན་རྒྱ་གཞུང་གིས་ང་ཚོར་རང་དབང་དང་ཐོབ་ཐང་སྤྲོད་སྲིད་དམ། བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་དང་བཅས་པ་གནས་འཇུག་གི་རེད་དམ། འདི་ཚོ་ཡོང་མི་སྲིད་པ་ནི་འདས་པའི་ཉམས་མྱོང་ལས་ཤེས་ཐུབ། གལ་ཏེ་གོང་གསལ་འདི་ཚོ་བརླག་པ་ཡིན་ན་བོད་མིའི་ཚེ་སྲོག་གནས་ཀྱང་སྙིང་པོ་ཇི་ཙམ་འདུག་དགེ་མཚན་ཇི་ཙམ་འདུག་རིན་ཐང་ཇི་ཙམ་འདུག་འདི་ཚོ་ལ་བསམ་བློ་གཏོང་དགོས། ལས་འགུལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་མཁན་ཚོས་བོད་མིའི་ཚེ་སྲོག་གནས་ན་གོང་གསལ་འདི་ཚོ་མི་དགོས་ཤེས་གསུང་ཐུབ་བམ། གསུང་མ་ཐུབ་ན་ཁ་བཙུམ་ནས་བཞུགས་ཟེར་རྒྱུ་ལས་ཅི་ཡོད། གོང་ས་མཆོག་ནས་ཀྱང་ད་བར་དུ་འདིའི་ཐད་གང་ཡང་མ་གསུངས་པའི་རྒྱུ་མཚན་ཡང་འདི་ཚོ་ཡིན་པར་འདོད། ལས་འགུལ་གཞན་དག་སྤེལ་རྒྱུ་ཡོད་ན་ཡང་ལས་འགུལ་ཆུང་ཙག་གིས་རྒྱ་གཞུང་གི་མདུན་ལ་ནུས་པ་ཐོན་མི་ཐུབ་པ་འདས་པའི་ཉམས་མྱོང་ལས་ཤེས་ཐུབ། བོད་ནང་གི་བོད་མི་ཚོས་ཀྱང་ལས་འགུལ་ཆུང་ཙག་གིས་ནུས་པ་ཐོན་མ་ཐུབ་པར་འུ་ཐུག་པ་ལས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བར་ལས་སླ་པོ་མེད་པ་སུས་ཀྱང་ཤེས་གསལ་རེད། དེས་ན་དུས་འདི་འདྲའི་སྐབས་སུ་མི་སུ་ཡིན་རུང་བསམ་བློ་ཡག་པོ་བཏང་ནས་སྐད་ཆ་བཤད་རྒྱུ་གལ་ཆེ་།

    Reply
  20. རླུང་རྟ་རྒྱལ། says:
    ལོ་ 13 སྔོན།

    དམ་ཆོས་ཟེར་བ་འདིས་ག་རེ་ཟེར་གྱིན་ཡོད་དམ།སྐད་ཆ་འདི་དག་གནའ་སྔ་མོ་ཞིག་ནས་བཟུང་མི་མང་གིས་བཤད་བཞིན་ཡོད་པས་ད་ལྟ་སྐད་ཆ་འདིར་རུལ་དྲི་བྲོ་བ་མ་གཏོགས་ཅི་ཡང་མི་འདུག རང་ལུས་མེར་སྲེག་གཏོང་བ་ནི་རང་འགུལ་སྒོས་གསོན་པ་ལས་འཆི་བ་བཟང་འདུག་ཅེས་པའི་མཚོན་དོན་ཡིན་ལ།དེ་ནི་གཅིག་གོ་གཉིས་ཆོད་དུ་གྱུར་ཡོད་པ་རེད།མེར་སྲེག་གཏོང་བ་དེས་བོད་དོན་ལ་སྔར་ལས་ལྷག་པར་འཛམ་གླིང་ཡོངས་ཀྱི་མི་དམངས་ཁྲོད་ངེས་ཤེས་ཟབ་མོ་ཞིག་སྤྲད་པ་མ་ཟད།རྒྱ་ནག་པོའི་གདུག་རྩུབ་ཆེན་པོ་དེའང་གོ་ལ་ཧྲིལ་པོ་འདིར་ཁྱབ་གདལ་དུ་བཏང་ཡོད།དེ་ནི་ང་ཚོ་བོད་ཀྱི་བདེན་དོན་འཐབ་རྩོད་ཐད་ལ་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད་པ་རེད།
    འོན་ཀྱང་ཕྱི་རྒྱལ་ཁག་གི་སྲིད་གཞུང་གིས་བོད་དོན་ཚབས་ཆེན་ཡིན་པ་ཤེས་ཞོར་དུ་བདེན་དོན་ལག་ལེན་མ་བྱས་པ་དེ་ནི་བོ༹ད་དོན་འཐབ་རྩོད་ཕམ་ཉེས་སུ་བྱུང་བ་ཅི་ཡང་མཚོན་མི་ཐུབ་བོ།
    བོད་མི་རང་གིས་རང་ཉིད་སྐྱོབ་པ་ལས་གཞན་སུ་ཞིག་གིས་ལག་ཡོང་རེ་མེད་ཚེ་སྐེ་མི་བསྲིང་པ་ནི་ངོ་ཚོ་ཀུན་གྱིས་ཤེས་གསལ་རེད།

    Reply
  21. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    ཤར་སྤྲུལ་དམ་ཆོས་རྒྱ་མཚོ་ལགས་ཀྱི་གསུངས་ལ་རྗེས་སུ་ཡི་རངས་དང་རྒྱབ་སྐྱོར་ཡོད།

    Reply
  22. དཔའ་ཆེན་དོན་གྲུབ། says:
    ལོ་ 13 སྔོན།

    སྤྱི་མོས་གྲོས་ཆོད་ཅིག་དང་གསར་འགོད་བསྒྲགས་གཏམ་ཞིག

    ཐོབ་ཐང་རྣམས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་གྱི་རྒྱ་ལས་མ་འགོངས་པར་རྩོད་ལེན་ཞུ་རྒྱུ་གལ་འགངས་ཆེ་བའི་གཞེན་སྐུལ་ནན་ཏན་ཞུ

    བོད་ཀྱི་རྩ་དོན་ལ་ཉེ་བར་མཁོ་བའི་མི་ཆའི་མཐུན་འགྱུར་སྐྲུན་སྟེ་འཐབ་རྩོད་སྲ་བརྟན་དུ་གཏོང་ཐུབ་པ་བྱུང་ན་བོད་ཀྱི་རྩ་དོན་ལ་ཕུགས་རྒྱང་རིང་པོའི་དགེ་མཚན་ཆེ་བ་ཡོད། དེར་བརྟེན་ང་ཚོས་སླར་ཡང་བོད་མི་ཚོར་འུ་ཐུག་གི་བྱ་སྤྱོད་རིགས་མ་སྤེལ་རོགས་ཞེས་དྲན་སྐུལ་ཞུ་རྒྱུ་ཡིན།
    འདི་བོད་ཕྱི་ནང་གཉིས་ཀྱི་མིའི་ཚེ་སྲོག་གི་ཁྱད་པར་ཡིན་རྒྱུ་མ་རེད།

    Reply
  23. ཐོས་བསམ་ says:
    ལོ་ 13 སྔོན།

    ཁྱེད་ནས་འབོད་སྐུལ་གནང་བར་བཀའ་དྲིན་ཆེ་། འོན་ཀྱང་ཁྱེད་ཀྱི་གསུངས་སྟངས་ལ་ལྟད་ན་རྒྱ་གཞུང་གིས་བཤད་པ་ལྟར་སྐུ་ལུས་མེར་སྲེགས་ཀྱི་ལས་འགུལ་དེ་བཙན་བྱོལ་གཞུང་ནས་སྐུལ་སློངས་བྱས་པ་རེད་དམ་། འབོད་སྐུལ་ཞུས་པར་ཐུགས་རྗེ་ཆེ་འོན་ཀྱང་སྐབས་རེ་གསུངས་སྟངས་ཐད་ཟབ་ཟབ་གནང་དགོས།

    Reply
  24. ཆོས་འཕེལ says:
    ལོ་ 13 སྔོན།

    བོད་ཀྱི་ཆབ་སྲིད་དང་། གནད་དོན། ཆོས་དང་། ལྷག་པར་ཐེག་ཆེན་དོན་ལ་ཞིབ་འཇུག་མཐིལ་ཕྱིན་མ་བྱས་པའི་གཏམ་འཆལ་སྣ་ཚོགས་ཤིག དོན་གྱི་བོད་ཀྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྐུ་གཤེགས་དཔའ་བོ་དཔའ་མོ་འདི་དག་གི་གཤེགས་རྗེས་སུ་སྨྲ་བ་འདི་དག་སོ་སོས་ཀུན་སློང་རྣམ་དག་གིས་སྨྲས་པ་ཡིན་སྲིད་ཀྱང་ཤུལ་ལུས་གཞི་བྱེས་གཉིས་ཀྱི་དབུ་ནག་བོད་པ། ལུས་སེམས་གཉིས་ལ་མནར་གཅོད་མྱོང་བཞིན་པ་རྣམས་ལ་མཚོན་ན། རྨའི་ཐོག་ཏུ་རྒྱ་ཚ་བཞག་པ་བཞིན། སྙིང་གཏིང་ལ་ཟུང་ངུ་འབྱིན་བྱེད་ཙམ་དུ་ཟད་དོ།

    གོང་ས་སྐྱབས་མགོན་ཆེན་པོ་དབུས་པའི་གཞིས་བྱེས་བོད་མི་མགོ་ལ་ཚད་ལྡན་གྱི་ཀླད་པ་དང་། ཁོག་ཏུ་བོད་བཙན་པོའི་གདུང་རྒྱུད་ལས་ཆད་པའི་སྙིང་ཁམས་ཡོད་ཚད་ཀྱིས། ཐབས་ཤེས་ཡོད་དགུ་རྩལ་དཀྲུག་གིས། འཚེ་མེད་ཞི་བདེའི་ལམ་རྩ་བའི་རྨང་གཞིར་བཞག་ནས་མི་ལོ་བརྒྱ་ཕྱེད་ལྷག་གི་རིང་ཉིན་མཚན་དུས་ཀུན་དུ་བོད་དོན་ལ་འབད་ཀྱང་།
    ལམ་ལྷོང་གང་ཡང་མ་སོང་བ་མཁྱེན་གསལ་ཐོག ད་དུང་རྒྱ་གཞུང་གིས་བོད་ཀྱི་ལོ་རྒྱུས་དང་རྒྱལ་རབས་ལ་གསར་བཟོས་རྙིང་བསྣན་གྱིས་འཁྱོག་བཤད་དང་། གོང་ས་མཆོག་ལ་གཞི་མེད་ཀྱི་བཀུར་འདེབས་རང་ཅག་ཁ་བ་རི་བས་ཁ་ནས་བཏོན་ནུས་རྒྱུ་ཕར་ཚད་དུ་བཞག་ཁོག་ཏུ་རྨི་ལམ་ཚུན་དུ་དྲན་མི་ཕོད་པ་འཛེམ་ཟོན་མེད་པ་སྨྲ་རྐྱང་བྱེད་པ་དང་།
    སྤྱང་གྲུང་དང་སྙིང་སྤོབས་ལྡན་པའི་བོད་པའི་གསར་ཚར་རྣམས། ཉེས་མེད་ཉེས་འཛུག་གིས་མནར་གསོད་དངོས་ལྐོག་གཉིས་ཆར་ནས་ཅི་ཐུབ་གང་ཐུབ་བྱེད་པ་དང་། སློབ་ཁང་མཛེས་ཆོས་ཅན་བརྩིགས་ན་ཡང་། ཏང་ལ་དགའ་ཞེན་ཡོད་མཁན་གྱི་བོད་ཡིག་ཀློག་སྦྱོར་ཙམ་ཡང་མི་ཐུབ་པའི་དགེ་རྒན་ཤ་སྟག་བསྐོས་ནས་བོད་ཀྱི་གསར་ཚར་རྣམས་མི་རིགས་ལས་དུད་འགྲོའི་གྲལ་དུ་མངག་པའི་ཆ་གཞི་ཉེས་ཚབ་ཅན་གཏིང་བ་དང་།
    ལོ་གྲངས་སྟོང་ཕྲག་མང་པོའི་་ལོ་རྒྱུས་ཅན་གྱི་རིགས་གཞུང་དང་། ཆོས་ལུགས། གོམས་བཤིས་ཡོངས་རྫོགས་ལན་ཚ་ཆུ་རུ་གཏིམ་པ་བཞིན་གཡོ་སྒྱུ་ཕྲམ་གསུམ་གྱི་སྤྱོད་ངན་ཅན་གྱི་ཧིན་གྱི་རྒྱ་རིགས་ནང་དུ་ཡལ་བར་བྱེད་པའི་ངན་ཇུས་ཆ་ཚང་གཏིང་བ་དང་།
    སོ་སོའི་སྐད་དང་རིགས་གཞུང་གོམས་བཤིས་ལ་ལོངས་སུ་སྤྱད་པའི་རང་དབང་དོན་གྱིས་མེད་པར་བཟོས་ནས་། གནད་འགག་འདི་དག་ཤེས་་མཁན་གྱི་བོད་པ་རྣམས་རིམ་གྱིས་མེད་པར་བཟོ་བ་སོགས། མདོར་ན་དམྱལ་བ་མི་ཡུལ་དུ་ཕོས་པའི་དུ་ཁ་བོད་ནང་དུ་གནས་པས་མྱོང་བཞིན་པ་ཡིན་པ་དེ། འཛམ་གླིང་སྤྱི་ཡིས་ཤེས་དགོས་ན་ཡང་། རྒྱ་གཞུང་གི་དཔལ་འབྱོར་དང་སྟོབས་ཤུག་གི་གྲིབ་ནག་འོག་དུ་སྒྲིབ་ནས། འཛམ་གླིང་སྐྱེ་བོ་ཀུན་ཀྱང་ལོང་པ་ཤ་སྟག་ཏུ་བསྒྱུར་ཡོད།
    ང་ཚོ་ལ་ང་ཚོའི་གནས་ཚུལ་དེ་འཛམ་གླིང་ཡོངས་ལ་ཕྱི་གསལ་ནང་གསལ་བྱེད་པའི་དཔལ་འབྱོར་ནི་མེད་ལ། དམག་མཚོན་གྱི་སྟོབ་ཤུགས་དེ་ལས་ཀྱང་མེད།

    གཞན་གྱི་ཞི་བདེའི་ཐབས་ལམ་ཇི་ལྟར་སྤྱད་ནས་འབད་ཀྱང་། མཐོང་ཆུང་སྣང་མེད་བཞག་རྐྱང་བྱས་པས། བོད་ཀྱི་དཔའ་བོ་དཔའ་མོ་དེ་དག་གིས་ལམ་འགག་ཆེས་མཐའ་མི་ནང་གི་མཐའ་མ། ཨུས་ཐུག་ཐབས་ཟད་ཀྱི་ལས་ཁ་རང་ལུས་མེད་སྲེག་གཏོང་ནས་འཛམ་གླིང་སྐྱེ་བོ་རྣམས་ལ་ངེད་ཅག་བོད་གྱི་དངོས་ཡོད་གནས་ཚུལ་དེ་སྒྲོགས་རྒྱུ་དེ་གདེམས་པ་རེད།

    སྲོག་མཆོད་ཀྱི་ལས་ཀ་འདི་ནི་མི་ཞིག་གི་གཞན་གྱི་ཐབས་ལམ་གང་ཡང་མ་རྙེད་ནས་གདམ་པའི་ལས་ཀ་ཞིག་ཡིན་པ་དེ་ཤེས་པར་གྱིས།

    ཁོང་རྣམ་པའི་ལྟ་བ་གང་ཡིན་པ་དང་། ཀུན་སློང་གང་ཡིན་པ་དེ། མགོ་ལ་ཀླད་པ་ཚད་ལྡན་ཞིག་ལྡན་ནས་ཤེས་ཐུབ སོ་སོའི་སྲོག་ལ་ཐུག་ཀྱང་གཞན་ལ་གནོད་པ་མི་བྱེད་ཟེར་བའི་དམ་བཅའ་དེ་ལ། འཚེ་བ་མེད་པའི་ལྟ་གྲུབ་དང་ཉམས་ལེན་ཟེར་འཇོག་པ་ལས་ཁས་སྙན་པོ་ཞིག་བཤད་ཤེས་པ་ཞིག་ལ་ཟེར་གྱི་མ་རེད། ད་ལྟའི་དཔའ་བོ་འདི་དག་གིས་སོ་སོའི་སྲོག་ལ་ཐུག་ཀྱང་གཞན་ལ་གནོད་པ་ནུས་ན་ཡང་བྱེད་ཀྱི་ཡོད་མ་རེད།

    ཀུན་སློང་ཡང་གཞན་ཁོ་ནའི་ཆེད་དུ་ཡིན་པ་གསལ་བོ་རེད། སྐུ་གཤེགས་ཀྱི་དཔའ་བོ་དཔའ་མོ་དེ་དག་གིས་ང་ཚོའི་དལ་འབྱོར་འདི་རྙེད་པ་དཀའ་བ་ཡིན་པ་ཤེས་མཁན་ཤ་སྟག་རེད། འོན་ཀྱང་རྙེད་དཀའ་བ། སོ་སོ་སྒེར་ལ་མཚོན་ན་ཡོད་ཚད་ལས་དགའ་ཤོས་ཀྱི་ཚེ་སྲོག་དེ། གཞན་གྱི་བདེ་སྡུག་ཁོ་ནའི་ཆེད་དུ་གཏོང་པ་འདི་ལ། བདག་བས་གཞན་གཅེས་ཟེར་འཇོག་རྒྱུ་མིན་ན། བདག་ལས་གཞན་གཅེས་ཟེར་བའི་དོན་བསྐལ་བའི་བར་དུ་སུས་ཀྱང་འགྲེལ་མི་ཤེས།
    དེས་ན་ཆོས་རྗེས་བླུན་པོ་སྨྲ་བ་ཉུང་ན་མཛེས་གསུང་པ་ཤིན་ཏུ་མད་དོ།

    འོན་ཀྱང་ངས་ང་ཚོ་བོད་རྣམས་གཅིག་རྗེས་གཉིས་འཐུད་ཀྱིས་མེ་རུ་འཆང་དགོས་རེད་ཞུ་རྒྱུ་རྨི་ལམ་ཚུན་དུ་དྲན་མི་སྲིད་ན་ཡང་། སྐུ་གཤེགས་དམ་པ་རྣམས་ལ། སྙིང་གཏིང་ནས་གུས་འདུད་དང་། དེ་དག་གིས་མི་རིགས་ཆེད་དུ་འཆང་བའི་བརྩེ་སེམས་ལ་བཀའ་དྲིན་རྗེས་དྲན། བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་དོན་དུ་གཏོང་བའི་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་བསྟོད་བསྔགས་སོ་སོས་མ་ཤེས་ན་མ་གཏོགས་པ་བྱེད་པ་ལས། སོ་སོས་བོད་དོན་ལ་སྐད་འབོད་ཙམ་ཡང་རྒྱག་རེ་མེད་བཞིན། སྐུ་གཤེགས་ཐུབ་མཁན་རྣམས་ཀྱི་མཛད་རྗེས་ལ་ནོར་དང་མ་ནོར་ཟེར་བརྗོད་པའི་ཁ་དེ་རྒྱ་གཞུང་དང་དེའི་ཕྱོགསག་ཏོགས་མིན་པ་སུ་ལའང་ཡོད་འོས་མེད།

    Reply
  25. ནགས་ཕྲན་པ་བསོད་ནམས་ཚེ་རིང་། says:
    ལོ་ 13 སྔོན།

    སྐབས་འདིར་སྤྲུལ་སྐུ་ཁྱེད་ཀྱིས་སེམས་ཁུར་ཀྱི་སྐད་ཆ་ཞིག་གསུང་བ་ཡིན་པ་ངས་ཡིད་ཆས་བྱེད་ཀྱི་ཡོད། འོན་ཀྱང་། གུས་པས་ཁྱེད་ལ་དཔལ་ལྡན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་རང་ལུས་མེར་བསྲེགས་ཀྱི་སྐོར་ལ་བཀའ་སློབ་འདི་འདྲ་ཞིག་གསུང་འདུག་པར་ཡང་ཁྱེད་ཀྱིས་མཁྱེན་པ་གནང་རོགས། ”
    ད་ཆ་བོད་པའི་སྤྱི་ཚོགས་ནང་རང་སྲེག་སྐོར་ལ་བསམ་ཚུལ་མང་པོ་བྱུང་བཞིན་པ་རེད། རང་སྲེག་མ་གནང་ན་ཡག་པོ་ཡོད་པའི་བསམ་ཚུལ་དང་། དེ་ག་ནང་བཞིན་རང་སྲེག་མ་གནང་རོགས་ཞེས་གསུངས་ཡོང་གི་ཡོད་པ་རེད། ཡིན་ནའང་། དེ་འདྲ་གསུངས་དུས་སྐབས་ལ་རང་སྲེག་མ་གནང་བར་གཞན་པ་འདི་བྱེད་རོགས་ཞེས་སུ་གང་ལའང་གསུང་རྒྱུ་མི་འདུག དེ་མ་བྱས་པར་འདི་བྱེད་རོགས་ཞེས་བཤད་རྒྱུ་མེད་དུས་སྐབས་ལ། རང་སྲེག་མ་གནང་ཟེར་རྒྱུ་དེ་ཡང་ཁག་པོ་ཞེ་དྲག་རེད། གང་ལྟར། སོ་སོས་སེམས་སྡུག་འདྲ་བྱས་ནས་སྡོད་རྒྱུ་ལས་གཞན་གང་ཡང་མི་འདུག”༼སྒེར་ངོས་ནས་བདེན་པའི་ཨུ་ཚུཊ་ཐོག་གཅིག་བྱས་ན་ད་དུང་གོ་སྐབས་ཡོད་པ་རེད།
    འདོན་སྤེལ། ༢༠༡༢/༠༣/༢༡
    ༽གསར་འགྱུར་ལས་དྲངས།

    ད་དུང་གཤམ་གྱི་དྲྭ་ཐོག་གི་གཟུགས་ལམ་དེ་ལ་ཡང་གཟིགས་དང་། གནས་ཚུལ་འདི་དག་གིས་ང་ཚོར་ལམ་སྟོན་གནང་ངེས་རེད།

    Reply
  26. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    གནས་ཚང་གིས་གསུང་བ་དེ་བདེན་པ་རེད།
    སྤྱིར་བོད་མི་རིགས་ཀྱི་ལས་འགུལ་འདི་ལས་དབང་གི་སོ་ཁ་ནས་མ་བརྒལ་བར་སུས་ཀྱང་བསྒྱུར་མི་ནུས་ལ་འགོག་ཡང་མི་ཐུབ།

    Reply
  27. གནས་ཚང་། says:
    ལོ་ 13 སྔོན།

    སྤྱོད་འཇུག་སོགས་སུ་གསུངས་ཡོད་པ་ཉིད་ཀྱིས་མཁྱེན་ཤག་རེད། དེ་ན་ཐོག་མར་སོ་སོས་སྟེང་ནས་མེ་མཆོད་ཕུལ་ནས་མཚམས་འཇོག་རོགས་ཞེས་ཞུ་ཡ་ལས་གཞན་གང་ཡང་ལྷག་མི་འདུག མདོ་པདྨ་དཀར་བོའི་ནང་དུ་སངས་རྒྱས་ཀྱིས་བསྔགས་བརྗོད་གནང་ཡོད་པ་མ་རེད་དམ།

    Reply
  28. གཉའ་འབྲོང་ཐུ་བུ། says:
    ལོ་ 13 སྔོན།

    བྱང་ཆུབ་སེམས་དཔའ་དྲི་མེད་ཀུན་ལྡན་བདུད་རི་ཧ་ཤིང་ལ་ཕེབས་དུས་སློང་མི་བྱུང་ན་བུ་དང་ཆུང་མ་དང་། རང་གི་སྲོག་ཀྱང་སྟེར་བའི་དམ་བཅས། བཙུན་མོ་མནྡེ་བཟང་མོས་ཁོང་གི་ཕྱག་ཕྱིར་འཁྲིད་པའི་གསོལ་བ་བཏབ་དུས། ང་ཡི་སྦྱིན་པའི་བར་ཆད་མི་བྱེད་ན་འཁྲིད་ཆོག་གསུངས་ནས་ཁྲིད་པ་རེད། ལམ་བར་ནས་ཡོ་བྱད་དང་སྲས་མིང་སྲིང་དང་། མནྡེ་བཟང་མོ། ཐ་ན་ཁོང་གི་སྤྱན་བཅས་སྦྱིན་པ་བཏང་བ་རེད། དེ་ལ་གཟུགས་ཅན་གཟུགས་མེད་སུས་ཀྱང་བཀག་འགོག་གནང་མེད། ཐུགས་བསམ་བཞེས་དགོས་ཡ། སྤྱོད་འཇུག་ནང་ལུས་སྲོག་སྦྱིན་གཏོང་བྱེད་པའི་གནས་སྐབས་གང་འདྲ་ཞིག་ཡིན་མིན་དང་དེ་ཕལ་བ་ཞིག་གིས་མི་ནུས་པ་གསུངས་པ་དག་ལ་གཟིགས་དགོས།

    Reply
  29. བསོད་ནམས། says:
    ལོ་ 13 སྔོན།

    རེད་རེད་ཤར་སྤྲུལ་ལགས་ཀྱི་བསམ་ཚུལ་ལམ་འབོད་སྐུལ་ལ་ཐུགས་རྗེ་ཆེ་ཞུ། ཉིད་ཀྱི་གསུང་བ་ལྟར་གྱི་ལས་དོན་ཞིག་གིས་འུད་ཚང་གི་གནད་དོན་ཐག་གཅོད་ཐུབ་ན་གནའ་ནས་ཕ་ཡུལ་ལ་བསླེབས་ཚར་མ་རེད་དམ། སྤྱིར་ཁྱེད་ཀྱི་ཐུགས་རྒྱུ་ལ་བྱང་སེམས་དང་སྙིང་རྗེ་སོགས་ཀྱིས་གཏམས་ནས་ཡོད་པ་ཕྱག་བྱ་བའི་འོས་སུ་མཆིས་ཀྱང་། ཆབ་སྲིད་ཀྱི་གར་སྟེགས་སྟེངས་ན་འདི་དག་ལ་གོ་གནས་ཆུང་ཆུང་རེད། དེ་ལས་མིག་གཉིས་འཚུམས་ལ་ཕྱག་ཟུང་སྙིང་ཁར་སྤྱོར་དང་འུད་ཚང་གི་འཐབ་བརྩོད་འདི་ལ་འདི་དག་ཡོད་ཚད་མཁོ་ངེས་ལགས།

    Reply
  30. ཤག་སྒང་པ། says:
    ལོ་ 13 སྔོན།

    མེ་ལྕེ་ལྷེམ་ལྷེམ་དུ་མཆེད་བཞིན་པའི་དང་ཐོག་དེར་ངེད་ཅག་སྐོར་ཞིག་ནས་འདི་ལྟར་ལྷག་བསམ་ཅན་གྱི་ཞི་རྒོལ་དཔའ་རྒོད་དག དུས་ཚོས་སྐར་མ་འགར་རྫོགས་མི་ཉན་པའི་འབོད་སྐུལ་ནན་མོ་བྱས་པ་ཡིན། འགོག་ཐབས་མ་བྱུང་སོང་།

    ད་ལྟ་མེ་མཆོད་སོ་གཅིག་གི་མཚམས་ནི་གནས་བབ་ཛ་དྲག་ཅིང་རེ་བ་ཆེ་བའི་གཡོ་འགུལ་ཅན་གྱི་སྐྱོགས་མཚམས་ཤིག་ཏུ་སླེབས་པས་བཀག་མི་རུང་བར་འདོད་དོ།

    བོད་ཀྱི་དཔའ་བོ་དཔའ་མོ་རྣམས་རྒྱལ་གྱུརད་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese