མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་རང་སྒེར་ངོས་ནས་དར་དམར་འཁྱེར་མཁན་ལ་ངོ་རྒོལ་བྱེད་འདོད་མེད།

བོད་ཀྱི་དུས་བབ།
༢༠༡༢/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གསུམ་པ་ཚོགས་ཏེ། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ལོ་རྒྱུས་ཀྱི་དུས་སྐབས་སོ་སོའི་བོད་ཀྱི་ཆབ་སྲིད་གནས་བབ་དང་། ལམ་དབུ་མའི་མདུན་ལམ་སྐོར་བཀའ་སློབ་བསྩལ་ཡོད།

དེ་རིང་ཕྱི་ཚེས་ ༡༢ ཉིན་ངྷ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་དབུ་མའི་ལམ་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གསུམ་པ་མགོ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཙོས་འབྲེལ་ཡོད་སྤྱི་འཐུས་ཁག་ཅིག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཚོགས་ཞུགས་པ་དང་ས་གནས་མང་ཚོགས་བཅས་ཁྱོན་མི་ ༡༠༠ ལྷག་མཉམ་ཞུགས་གནང་འདུག ཐེངས་འདིའི་ཚོགས་ཆེན་དེ་ཕྱི་ཚེས་ ༡༢ ནས་ ༡༦ ཉིན་བར་འཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་ཉིན་མཐའ་མར་རྒྱུན་ལས་གསར་འདེམས་དང་གྲོས་ཆོད་ཁག་འཇོག་རྒྱུ་ཡིན་འདུག

མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་གནང་རྗེས་ཚོགས་ཞུགས་པ་ཡོངས་ཀྱིས་ཐུན་མོང་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་བ་དང་། བོད་ནང་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པ་ཚོར་མྱ་ངན་ངག་བཅད་སྐར་མ་གཅིག་གནང་སོང་། དེའི་རྗེས་དབུ་མའི་ལམ་ལས་འགུལ་ཁང་གི་འགན་འཛིན་ཡོན་ཏན་རྒྱ་མཚོ་ལགས་ཀྱིས་ཚོགས་པ་དེའི་ལས་བསྡོམས་སྒྲོག་སྦྱངས་གནང་བའི་ནང་། ད་བར་དབུ་མའི་ལམ་འགུལ་ཁང་གིས་ས་གནས་འདྲ་མིན་ནང་ཞི་བའི་གོམ་བགྲོད་དང་བགྲོ་གླེང་ཚོགས་འདུ། བསྔོ་སྨོན་འདུ་འཛོམས། ཡིག་ཆ་འགྲེམས་སྤེལ། ཟབ་སྦྱོང་གོ་སྒྲིག མ་དངུལ་འཚོལ་བསྡུ། སྐུ་མདུན་ལ་མཚན་སྨད་ཞུ་མཁན་ཚོར་དུས་ཐོག་ལན་འདེབས་གནང་བ་སོགས་ལས་འགུལ་འདྲ་མིན་སྤེལ་ཡོད་སྐོར་འཁོད་ཡོད་འདུག སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་ལས་འགུལ་ཁང་གི་རྩིས་ཁྲ་གསལ་བཤད་དང་སྦྲགས། ༢༠༡༠ ལོའི་ཟླ་ ༣ ཚེས་ ༣༠ ཉིན་ནས་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་བར་དབུ་མའི་ལམ་ལས་འགུལ་ཁང་ལ་ཁྱོན་ཡོང་འབབ་ཧིན་སྒོར་འབུམ་ ༨ བྱུང་ཡོད་པའི་ཁྲོད་འགྲོ་སོང་ཧིན་སྒོར་འབུམ་ ༦ ཙམ་ཕྱིན་ཡོད་སྐོར་བརྗོད་སོང་།

མཛད་སྒོའི་སྟེང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་མའི་ལམ་ལས་འགུལ་ཁང་གིས་མང་ཚོགས་ཀྱི་མདུན་སར་རྩིས་ཁྲ་གཙང་བཟོ་གནང་བར་བསྔགས་བརྗོད་དང་འབྲེལ། བོད་དེ་དང་པོ་སྲིད་པ་ཆགས་སྐབས་ནས་སྟོབས་ཆེན་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག ཨུ་རུ་སུ། སོག་པོ་བཅས་ཀྱི་བར་དུ་གནས་ཡོད་ཀྱང་། ༡༩༥༡ ལོའི་བར་བོད་ལ་སྟོབས་ཆེན་རྒྱལ་ཁབ་སུས་ཀྱང་ཆ་ཚང་དབང་སྒྱུར་བྱས་པའི་ལོ་རྒྱུས་མེད་པར། སྤྱི་ལོ་མ་བྱུང་གོང་གི་བརྒྱ་ཕྲག་གཉིས་པའི་དུས་དཀྱིལ་ནས་བརྒྱ་ཕྲག་དགུ་པའི་དུས་དཀྱིལ་བར། བོད་ནི་དབུས་ཨེ་ཤ་ཡའི་གླིང་ཆེན་ནང་མི་ཚང་མས་ཞེད་སྣང་བྱ་སའི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་བོར་གནས་ཡོད་ཚུལ་དང་། བོད་སིལ་བུར་ཐོར་རྗེས་སུའང་བོད་མི་རྣམས་ས་གནས་སོ་སོའི་སྲིད་གཞུང་གིས་དབང་སྒྱུར་བྱས་ཏེ་ལོ་བརྒྱ་ཕྲག་ཁ་ཤས་ཕྱིན་ཡོད་པ། བརྒྱ་ཕྲག་བཅུ་གསུམ་པའི་ནང་འཛམ་གླིང་སྟེང་སྐད་གྲགས་ཡོད་པའི་སོག་པོའི་དམག་དཔོན་ཇིང་གེ་སི་ཁེན་གྱིས། ཤར་ནུབ་ཀྱི་རྒྱལ་ཁབ་མང་པོི་དབང་དུ་བསྡུས་སྐབས་བོད་དེའང་སོག་པོའི་དབང་འོག་ཏུ་ཕྱིན་ཏེ། ༡༢༡༤ ལོ་ནས་༡༢༦༠ རེ་གྲངས་བར་ལོ་ ༤༠ རིང་སོག་པོའི་མངའ་འོག་ཏུ་བསྡད་ཡོད་སྐོར་དང་། འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་སྐབས་བོད་ཀྱི་མངའ་དབང་བསྐྱར་གསོ་བྱུང་རྗེས། བོད་ཀྱི་མངའ་དབང་དེ་བོད་པ་ནང་ཁུལ་དུ་འཕྲོག་རེས་བྱས་པ་མ་གཏོགས། ཁྱིམ་མཚེས་རྒྱལ་ཁབ་ཚོས་དབང་བསྒྱུར་བྱས་པའི་གནས་སྟངས་བྱུང་མྱོང་མེད་པ་དང་། ༸གོང་ས་ལྔ་པ་ཆེན་པོས་དགའ་ལྡན་ཕོ་བྲང་སྲིད་གཞུང་བཙུགས་ཏེ་ཡུན་རིང་མ་ཕྱིན་བར་བོད་ཤར་ཕྱོགས་ཀྱི་ས་ཆ་ཁ་ཤས་རྒྱ་འོག་ཏུ་ཕྱིན་ཡོད་ནའང་། སྤྱིའི་གནས་བབ་ཐོག་བོད་ཀྱི་ཆབ་སྲིད་མངའ་དབང་ལྷིང་འཇགས་ངང་གནས་ཐུབ་བྱུང་ཡོད་པ། བཙན་བྱོལ་གྱི་གནས་སྐབས་སུའང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱ་རིགས་མང་ཚོགས་ཀྱིས་ངོས་ལེན་གནང་གིན་ཡོད་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་མང་གཙོའི་ལམ་ཕྱོགས་ཐོག་སྐུལ་འདེད་གཏོང་ཐུབ་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པས་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ལ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་བོད་རྒྱའི་རྒྱལ་དར་འཁྱེར་ཏེ་གོམ་བགྲོད་ལས་འགུལ་སྤེལ་བཞིན་པ་དེར་གཟིགས་ཚུལ་ག་རེ་ཡོད་མེད་དྲིས་པར། “ རྒྱ་མིའི་དར་ཆ་འཁྱེར་འགྲོ་བཞིན་འདུག་ཟེར་བ་ངས་དེ་རིང་གསར་པ་གོ་ཐོས་བྱུང་བ་ཡིན། རྒྱ་ནག་རྒྱལ་དར་མེར་བསྲེགས་གཏོང་བ་དེ་ང་རང་བཀའ་ཤག་ནང་ཡོད་སྐབས་ཀྱང་ཡག་པོ་མ་རེད་ཅེས་ལབ་མྱོང་ལ། ད་ལྟ་ཡང་དེ་ག་རང་ཡིན། ང་ཚོས་ཁ་གཏད་བྱེད་སྐབས་མི་རིགས་ཤིག་གི་བརྩི་མཐོང་དང་མཚོན་རྟགས་ཡིན་པ་ཞིག་ལ་དམའ་འབེབས་བཏང་ན། འཚེ་མེད་ཞི་བའི་ལམ་དང་མཐུན་གྱི་མེད་པ་མ་ཟད། བྱེད་སྟངས་དེས་ང་ཚོའི་འཐབ་རྩོད་གནས་ཚད་དམའ་སར་ལྷུང་འགྲོ་ཡི་ཡོད་པ་རེད། དེ་ནི་མི་དཀྱུས་མ་ཞིག་འཁྲུག་པ་བརྒྱབ་པའི་བཟོ་འདྲ་བོ་ཙམ་ལས། མི་རིགས་དང་རྒྱལ་ཁབ་བར་གྱི་འཐབ་རྩོད་ཀྱི་རྣམ་པ་ཞིག་སྟོན་ཐུབ་ཀྱི་མེད། ང་ཚོས་རྒྱ་ནག་གི་རྒྱལ་དར་བསྒྲེངས་དགོས་པ་རེད་ཟེར་གྱི་ཡོད་པ་མ་རེད་ལ། དེ་ལྟར་བསམ་མཁན་ཡང་ཡོད་པ་མ་རེད། རྒྱ་ནག་རྒྱལ་དར་ལ་མེར་བསྲེགས་གཏོང་བ་དང་རྡོག་རྫུས་བཏང་ན། དེ་བཟང་སྤྱོད་དང་མཐུན་པ་ཞིག་ལ་ངོས་འཛིན་ཞུ་ཡི་མེད། གོམ་བགྲོད་ནང་ཞུགས་མཁན་ཁོང་རྣམས་ཀྱིས་བོད་དང་རྒྱ་ནག་གི་རྒྱལ་དར་འཁྱེར་གྱི་ཡོད་ན། ང་རང་སྒེར་ངོས་ནས་དེ་ལ་ངོ་རྒོལ་བྱ་འདོད་གང་ཡང་མེད། ངས་བལྟས་ན་ཁོ་རང་ལ་རྒྱབ་ལྗོངས་ཀྱི་དགོངས་པ་བཞེས་སྟངས་ཤིག་ཏན་ཏན་ཡོད་ཀྱི་རེད། ཁོང་གི་ཀུན་སློང་དེ་གསལ་པོ་མ་ཤེས་བར་ང་ཚོས་ཡག་སྡུག་བཤད་ས་འགྲོ་ཡི་མ་རེད། ” ཅེས་གསུངས།   

དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་རྒྱ་ནག་མང་གཙོ་ཅན་དུ་འགྱུར་བར་ཤུགས་རྐྱེན་ཐེབས་ཀྱི་ཡོད་མེད་དྲིས་པར། “ རྒྱ་ནག་གི་མི་སུ་ལ་སྐད་ཆ་དྲིས་ན། མི་བརྒྱ་ཆ་ ༩༠ ཙམ་གྱིས་བོད་པ་ཁ་བྲལ་དུ་སོང་ན་འགྲིག་གི་མ་རེད་ཟེར་གྱི་རེད། རྒྱ་རིགས་མང་ཆེ་ཤོས་ཀྱིས་རྒྱ་བོད་གཉིས་མཉམ་འབྲེལ་ཐོག་སྡོད་དགོས་པ་རེད་ཟེར་གྱི་ཡོད། རྒྱ་ནག་མ་འོངས་རྩ་ཁྲིམས་ཟིན་བྲིས་རྒྱག་མཁན་ཚོས་ཀྱང་། རྒྱ་ནག་ལ་མང་གཙོ་ཆགས་ཀྱང་ལོ་ཤས་རིང་བོད་རྒྱ་ནག་དང་ཁ་མ་བྲལ་བར་སྡོད་དགོས་པ་རེད། དུས་ཡུན་གང་འཚམ་སོང་རྗེས་གཞི་ནས་མཉམ་འབྲེལ་ཐོག་སྡོད་པའམ་རང་ཐག་རང་གཅོད་ཀྱི་གདམ་ག་སྤྲད་ན་འགྲིག་གི་རེད་ཟེར་གྱི་ཡོད། ད་བར་ང་རང་བོད་རྒྱ་ནག་དང་ཁ་བྲལ་ཏེ་རང་བཙན་བྱས་ན་འགྲིག་གི་རེད་ཟེར་མཁན་གཅིག་མ་གཏོགས་ཐུག་མ་སོང་། དབུ་མའི་ལམ་གྱི་སྲིད་བྱུས་དེས་རྒྱ་ནག་མང་གཙོ་དོན་གཉེར་བ་གཙོས་པའི་རྒྱ་རིགས་ཚོར་འབྲེལ་བ་གནང་བདེ་བོ་ཆགས་ཡོད་ལ། ཁོང་ཚོར་ཀྱང་ཁ་བྲལ་བ་དང་མཉམ་དུ་ལས་ཀ་བྱེད་ཀྱི་འདུག་ཟེར་མཁན་ཡོད་པ་མ་རེད། སྔོན་མ་ཡང་༸གོང་ས་མཆོག་གིས་ཕྱི་སྡོད་རྒྱ་མི་ཚོར་ཐེངས་མང་པོ་འབྲེལ་བ་གནང་གི་ཡོད་པ་རེད་ལ། གཞུང་གི་ངོས་ནས་ཀྱང་ཚོགས་འདུ་དེ་འདྲ་སྐོང་གི་ཡོད་པ་རེད། མ་འོངས་པར་ཡང་ལས་དོན་ཐོག་ལ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱིས་ཕན་ཐོགས་ཆེན་པོ་ཡོང་གི་རེད་ ” ཅེས་གསུངས།

ཕྱི་དྲོིའི་ཚོགས་ཆེན་སྟེང་བོད་མི་མང་སྤྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་བཀའ་ཟུར་ཐུབ་བསྟན་ལུང་རིགས་རྣམ་གཉིས་ཀྱིས། ཚོགས་ཞུགས་པ་ཚོར་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ལས་འགུལ་གྱི་ངོ་བོ་དང་དེའི་ཤུགས་རྐྱེན་སྐོར་དང་། རྒྱལ་སྤྱིའི་སྟེང་དབུ་མའི་ལམ་གྱི་སྲིད་བྱུས་ལངས་ཕྱོགས་རྒྱབ་སྐྱོར་ཅི་ཙམ་ཡོད་མེད་ཐོག་གཏམ་བཤད་གནང་རྒྱུ་ཡིན་འདུག དབུ་མའི་ལམ་ལས་འགུལ་ཁང་ལ་རྒྱ་བལ་གཉིས་སུ་ས་གནས་ཡན་ལག་ལས་ཁུངས་ ༡༨ དང་ཁྱོན་ཚོགས་མི་ ༡༦༠༠༠ ཙམ་ཡོད་འདུག

གསར་འགོད་པ། དཔལ་ལྡན།
 

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 34

  1. མི་རྒོད། says:
    ལོ་ 14 སྔོན།

    ཧ་ཧ་ཧ་། རེད་རེད་ལྷམ་གྱི་རིན་ཐང་ག་ལ་ཡོང་སྐྱབས་སུ་མཆིས་སྐྱེས་བུ་འདི་འདྲ་ལ་སྐྱོད་བརྗོད་ན་མི་རིགས་གཞན་རྣམས་ནས་བཞད་གད་བྱེད་ཀི་རེད་ད་་་་་་།

    Reply
  2. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    གསེར་འབྲུག་སྡེར་ལྔ་ལགས། ཁྱེད་ཀྱིས་གསལ་བཤད་དེར་ངར་མོས་མཐུན་ཡོད། འོན་ཀྱང་ངའི་གོ་བ་ལེན་སྟངས་ནོར་མེད་ན་ཁྱེད་ཀྱི་སྔ་རྩོམ་ཤོ་ལོ་ཀ་གཉིས་ཀྱི་ཕྱི་མའི་ཚིགས་རྐང་གཉིས་པ་དང་གསུམ་པའི་ནང་དོན་དང་ད་ལྟའི་གསལ་བཤད་གཉིས་ཀྱི་ནང་དོན་གཏན་ནས་མི་འདྲ་བར་སྣང་། སྔ་མས་རྒྱ་སྒོར་ལ་ཞེན་ནས་བོད་བཙོང་བ་དང་། ཕྱི་མས་རྒྱར་ཧ་ཅང་བསྟུན་མཁས་ཆེ་དྲག་པ་དང་། གཞོན་ནུ་ཚོགས་པ་སོགས་རང་བཙན་འདོད་མཁན་དག་ལ་རྡང་ཟུག་ཆེ་བ་སོགས་ཀྱི་སྐྱོན་གཉིས་ཀྱི་བར་ཆད་ཧ་ཅང་ཆེ་སྙམ། གཞན་དུ་ན་ངས་ཉིན་ཤས་སྔོན་བྲིས་པའི་ཚིགས་བཅད་འདིར་གཟིགས། དཀའ་སྡུག་ཡོད་དགུ་གཞོན་ནུ་ཚོགས་པས་ལེན། །ཁ་རྡུང་ཡོད་དགུའང་གཞོན་ནུ་ཚོགས་པས་ཟེད། །རྡུང་སྡིག་ཡོད་ཚད་གུང་ཁྲན་ཏང་གིས་གཏོང་། །དེ་ལ་བསྟོད་འདི་ཟམ་གདོང་བླ་མའི་ཆོས། །

    Reply
  3. རོ་ལངས། says:
    ལོ་ 14 སྔོན།

    སྐད་ཆ་མདོར་བསྡུས་ནས་བཤད་ན།

    དབུ་མའི་ལམ་ལས་འགུལ་ཁང་ཟེར་བ་དེ་ནི་དོན་ངོ་མ་ཏང་ཡོན་རྒན་པོ་ཁ་ཤས་ཀྱི་ཕོར་པ་དང་། ཟམ་གདོང་བླ་མས་རྒྱ་ནག་ལ་སྤྲེལ་ལད་འཁྲབ་བྱེད་ཀྱི་ལག་ཆ་ཡིན།

    Reply
  4. རོ་ལངས། says:
    ལོ་ 14 སྔོན།

    བོད་མི་གསོན་པོ་བསྲེགས་ཀྱང་ཅི་མི་སྙམ།།
    དར་དམར་མེ་ལ་སྦར་ན་སྙིང་རྩ་ན།།
    རྒྱ་ངོ་སྲུང་ཆེད་མི་རིགས་རྩ་བཞིན་འདོར།།
    རྒྱ་མིའི་གོ་ཆོད་མི་སྣ་མིན་པར་སྨོན།།

    Reply
  5. ནད་པ says:
    ལོ་ 14 སྔོན།

    བོད་གཞུང་ལོ་མང་རྒྱ་གཞུང་ཆ་ལུགས་ཅན།།
    བསྒྱུར་བཅོས་དམར་པོའི་གོས་ཀྱིས་སྲིད་དབང་བཟུང་།།
    རྒྱ་དམར་གཞུང་ལ་སྲི་ཞུ་སྒྲུབ་ནུས་ན།།
    གུང་ཁྲན་ཏང་ཡོན་གཅིག་དང་ཁྱད་གཞན་ཅི།།

    རྒྱ་སྙི་ལགས་སུ་སྙན་ངག་འདི་ཆེད་དུ་ཕུལ།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ཡུལ་གྱར་གྱི་མཚེར་ས་ལགས།
    ཉིད་ཀྱིས་འཆར་སྣང་ལ་མོས་མཐུན་མེད་ཀྱང་དམིགས་བསལ་དགག་བྱ་མེད། འོན་ཀྱང་མི་ང་ནི་ཁྲི་ཟུར་རིན་པོ་ཆེར་དད་པ་དང་དག་སྣང་མེད་ཀྱང་བོད་བརྒྱུད་ནང་སྟན་གྱི་བླ་སྤྲུལ་ཞིག་ཡིན་པའི་ཆ་ནས་གུས་བརྩི་ཡོད་མཁན་ཞིག་ཡིན། རེད་དེ་ཁོང་གིས་ཁྲི་པ་ལས་ཐོག་སྐབས་ཆབ་སྲིད་ཐད་ཡོད་ཚད་རྒྱ་བསྟུན་གྱིས་མཛད་རྗེས་ལ་ནམ་ཡང་མོས་མཐུན་མེད་ལ་ནམ་ཡང་ངོ་རྒོལ་མཐའ་གཅིག་ཏུ་ཡོད། མ་ཟད་ད་རེས་གསར་འགོད་པས་བཅར་འདྲི་དང་ལེན་གནང་སྐབས་དར་དམར་བསྲེགས་པས་ཐུགས་ཕམས་ཆེན་པོ་ཡོད་ཚུལ་དང་། རྒྱ་མི་རིགས་ཀྱི་བརྩི་མཐོང་དང་མཚོན་རྟགས་ལ་དམའ་འབེབས་བཏང་ཚུལ། འཚེ་མེད་ཞི་བའི་ལྟ་གྲུབ་དང་འགལ་ཚུལ་གླེང་ནས་རྒྱ་རྒོལ་གྱི་ལས་འགུལ་ནུས་མེད་གཏོང་ཐབས་ལས། དོན་དངོས་ཀྱི་བོད་ཕྱི་ནང་གཉིས་ནང་མེར་བསྲེག་ལས་འགུལ་རྒྱུན་མཐུད་སྤེལ་དགོས་པའི་རྒྱུ་རྐྱེན་ཟུར་ཙམ་ཡང་མི་གླེང་བར་དར་དམར་ལ་གལ་ཆེན་དོན་ཆེན་རྩིས་ནས་ནང་ཁུལ་ལ་ཁ་རྡུང་གཏོང་བའི་རྣམ་འགྱུར་ཡ་མ་བརླ་འདི་ཅི་འདྲའི་ཡ་མཚན་མ་རེད་པས།
    ཡང་ཅིག་བཤད་ན་ཁོང་གིས་གསར་གཏོད་གནང་བའི་མགོ་འབུལ་ལུས་འབུལ་དང་འབྲས་བུ་དོན་སྟོང་གི་དབུ་མའི་ས་ལམ་གྱི་རང་སྐྱོང་མངོན་འདོད་ཡིག་ཆ་དེ་ཀྲུང་ནན་ཧེའེ་ནས་ནམ་ཡང་ངོས་ལེན་མེད་མཁར་རང་བཙན་རྣམ་པ་དུ་མར་དབྱེ་བའམ་མིང་འདྲ་མིན་བཏགས་པ་མ་ཟད་བསྒྲུབ་མི་ནུས་པའི་ཆ་རྐྱེན་སྣ་མང་དང་བཅས་ཕྱིར་རྡ་སར་ལོག་ཕེབས་པ་མ་རེད་པས།

    Reply
  7. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    གླིང་ཚ་མ་བུ་གསུམ་གྱི་ཆོད་སེམས་གཏོང་ཕོད་ལ་ཡི་རངས་དང་བསྔགས་བརྗོད་ཚད་མེད་ཡོད་ཀྱང་མི་རྒོད་ལགས་ཀྱིས་བསྟོད་སྟོངས་ལྟ་བུར་མོས་མཐུན་མེད། འདི་ལྟ་བུར་བསྟོད་མཁན་དག་ལ་ཕྱོགས་ཞེན་དང་། ཀུན་སློང་ངན། དེ་བཞིན་བེད་སྤྱོད་ལོག་པ་གཏོང་བའི་སྣང་ཚུལ་ཡོད། རང་གི་བསམས་ཚུལ་ཙམ་ཡིན་པས་ནོར་འཁྲུལ་ཡོད་ན་དགོངས་སེལ་ཞུ།། །།

    Reply
  8. མི་རྒོད། says:
    ལོ་ 14 སྔོན།

    མཆན་ནོར་སེལ་ཞུ།།།
    སྙིང་སྟོབས་རི་ལྟར་བརྗིད་པའི་གངས་ཅན་པ།།
    ཆོད་སེམས་མཚོ་ལྟར་ཟབ་པའི་ཨ་མདོ་པ།།
    གདུང་སེམས་ཧྲིལ་གྱིས་སྒྲིལ་བའི་མ་བུ་གསུམ།།
    རྩམ་བཟན་མགོ་ནག་ཡོངས་ལ་མིག་དཔེ་བཟང་།།།།

    Reply
  9. མི་རྒོད། says:
    ལོ་ 14 སྔོན།

    བོད་བལ་རྒྱ་གསུམ་དར་སྣ་ཕྱག་ཏུ་སྟེགས།།
    རྒྱལ་བལ་བོད་གསུམ་ལྷམ་གྱིས་ངལ་བ་བཅད།།
    གསུམ་ལྡན་ཨ་མདོ་ཆོས་ལྡན་ཞིང་ས་བ་།།
    གེགས་མེད་རྩ་དོན་མྱུར་སྒྲུབ་སྨོན་འདུན་ཞུ།།
    སྙིང་སྟོབས་རི་ལྟར་བརྗིད་པའི་གངས་ཅན་པ།།
    ཆོད་སེམས་མཚོ་ལྟར་ཟབ་པའི་ཨ་མདོ་བ།།
    གདུང་སེམས་ཧྲིལ་གྱིས་སྒྲིལ་བའི་མ་བུ་གསུམ།།
    རྩམ་བཟན་མགོ་ནག་ཡོངས་ལ་མི་དཔེ་ཡིན།།།།

    Reply
  10. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ཁམས་ནས་འཁྲུངས་ཀྱང་དབུས་ལ་ཐོས་བསམ་མཛད།
    བཙན་བྱོལ་གོམས་ཀྱང་ཏང་ལ་བློ་དཀར་ཅན།
    བོད་ཞེན་ཡོད་འདྲ་ཏང་ཞེན་ཚ་པོ་ཅན།
    གསུམ་ལྡན་བླ་མ་གང་དེར་ནན་གྱིས་འདུད།

    Reply
  11. sochoe says:
    ལོ་ 14 སྔོན།

    མཁས་པའི་རྣམ་དཔྱོད་ལྡན་པའི་སྐྱེ་བོ་དེ། ཟམ་གདོང་བླ་མ་ལས་གཞན་སུ་ཡང་མེད།

    གངས་ཅན་ལེགས་བྱང་གཙེགས་སུ་འཛིན་མཁན་དེ། བླ་མ་ཟམ་གདོང་སྐུ་ཚེ་ཁྲི་ལོར་བརྟན།

    Reply
  12. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    ཕྲན་ཟམ་གདོང་རིན་པོ་ཆེར་སྐྱོན་མང་པོ་མཐོང་མཁན་ཞིག་ཡིན་ཀྱང་གསེར་འབྲུག་སྡེར་ལྔས་བཤད་པར་མོས་མཐུན་མེད། ཟམ་གདོང་བླ་མ་རྒྱར་བསྟུན་མཁས་ཆེ་དྲགས་པ་ལས་རྒྱར་དགའ་ཆེ་བ་མིན། དེ་བཞིན་གཞུང་སྒེར་གང་གིས་ཀྱང་རྒྱ་སྒོར་ཟོས་རབས་མེད་པས་ཁ་ནས་ཐོན་ཚད་ཕན་གཏམ་མ་ཡིན་པ་ཤེས་པར་གནོངས།

    Reply
  13. གནས་ཚང་། says:
    ལོ་ 14 སྔོན།

    བཟོ་བཅོས་དེ་སེ་ཡོད་པ་ཞུ།

    ཁམས་ནས་འཁྲུངས་ཀྱང་དབུས་ཀྱི་དཔྱོད་སྒོ་ཅན།
    རྡ་སར་གོམས་ཀྱང་ཏང་གི་བློ་མིག་ཅན།
    རྒྱལ་ཞེན་མེད་ཀྱང་ཏང་ཞེན་ཚ་བོ་ཅན།
    གསུམ་ལྡན་བོད་བཏང་བླ་མར་སྐྱབས་སུ་མཆི།

    Reply
  14. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ཐོས་པས་འབྲས་བུ་སྡུག་ཁ་ནང་ལ་གཏད།
    བསམ་པས་ཡིད་ནང་དར་དམར་ཁོ་ན་ལས།
    གོམས་པས་རྒྱ་ཞེན་བླ་ན་མེད་པ་ཞིག།
    གསུམ་ལྡན་བླ་མ་བོད་པའི་རྒྱན་མ་ཡིན།
    ཡང་ན།
    ཐོས་པས་དུག་ཁ་བོད་པའི་ནང་དུ་གཏད།
    བསམ་པས་ཡིད་ལ་རྒྱ་སྒོར་ཁོ་ན་ལས།
    གོམས་པས་སྲིད་དོན་ཚོང་པ་འཁྲུལ་མེད་ཞིག།
    གསུམ་ལྡན་བླ་མ་གུང་ཁྲན་ཏང་ཡོན་རེད།

    Reply
  15. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    ཟམ་གདོང་རིན་པོ་ཆེ་རྒྱ་ལ་དགའ་ཞེས་བརྗོད་ན་ཐལ་ཆ་ཆེ་ཡང་ནོར་འཁྲུལ་གྱི་འདུ་ཤེས་ཤིག་གི་ཐོག་ནས་རྒྱ་ལ་བསྟུན་མཁས་ཆེ་དྲགས་པ་དངོས་ཡོད། དེ་བཞིན་མང་གཙོ་དང་རང་དབང་ཞེས་བརྗོད་བཞིན་རང་དང་ལྟ་གྲུབ་མི་མཐུན་པ་དག་ལ་སྡང་ཟུག་ཆེ་བའང་མིག་ཟིན་ལག་མཐོང་རེད། དཔེར་མཚོན་ཙམ་གཞོན་ནུ་ཚོགས་པ་བཞག་ན་འགྲིགས། དེ་བཞིན་བསམས་ཚུལ་མང་ཡང་དུས་བབ་ཚང་གིས་འགོད་ཀྱི་རེད་བསམས་པའི་རེ་བ་མེད་པས་དེ་ཙམ་ཡིན།

    Reply
  16. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ངས་བལྟས་ན་ཟམ་གདོང་བླ་མ་ལྟ་བུ་ཞིག་སླར་ཡང་ལོ་ལྔ་རིང་བཀའ་ཁྲིའི་རྐུབ་སྟེགས་ཟིན་པ་ཡིན་ན། སུམ་བཅུ་དུས་དྲན་སྐབས་སུ་བོད་རྒྱལ་དར་དང་མཉམ་དུ་རྒྱའི་རྒྱལ་དར་ཡང་འགྲེང་ངེས་རེད་འདུག །ཨ་ཁ། ངོ་མ་རྒྱ་དགའ་ས་ནས་འཁྲུངས་པའི་བོད་རིགས་རང་རེད།

    Reply
  17. ཉི་ཟླ་སྐར་གསུམ། says:
    ལོ་ 14 སྔོན།

    ང་ཡང་ལམ་དབུ་མ་པར་མོས་པས། རྒྱ་ནག་རྒྱལ་དར་འཕྱར་བསྒྲེང་དགག་མེད་ཀྱང་།
    རྒྱརིགས་དཔོན་ངན་བཞི་ནི། ཆེ་བདུག་རྩུབ། མའོ་ཙེ་ཏུང་། ཆེས་ཀླ་ཀློ། ཏིང་ཤའོ་་ཕིང་།
    ཆེས་མུན་ནག ཛང་ཛིན་་མིན། ཆེས་རྗེས་ལུས། ཧུའུ་ཆིན་ཐའོ། ཡིན་པ་ལ་ཡིན་པའི་ངོས་འཛིན་མཐར་ཕྱིན་དགོས་པ་ལ་ཤུགས་རྒྱག་མཁན་ཅིག་ཡིན་ལགས།

    Reply
  18. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་ནག་ང་ཚོའི་དགྲ་ཟླ་མིན། །
    རྒྱ་རིགས་བོད་མིའི་དགྲ་བོ་མིན། །
    རྒྱ་དར་སྡང་དགྲ་དེ་བས་མིན། །
    འོན་ཀྱང་རྒྱ་གཞུང་བསྟན་དགྲའོ། །

    Reply
  19. དྲང་སྲོང་། says:
    ལོ་ 14 སྔོན།

    རྒྱ་ནག་གི་རྒྱལ་དར་དང་བོད་པའི་རྒྱལ་དར་གཉིས་ཀ་མཉམ་དུ་འཁྱེར་ཏེ་གོམས་བགྲོད་བྱེད་པ་དེར་དོན་སྙིང་ཆེན་པོ་ལྡན་འདུག་སྙམ། དེས་གོམས་བགྲོད་པའི་ཆབ་སྲིད་ཀྱི་གོ་རྟོགས་ཤེས་ཐུབ་པ་མ་ཟད་འཐབ་རྩོད་ཀྱི་ཐབས་ལམ་དོན་དངོས་དང་འཚམས་པ་ཐག་རྗེ་ཉེར་བཏང་བ་རེད། ངའི་རེ་བར་མཆན་འདེབས་མཁན་རྣམས་ནས་ཁ་སང་དུས་བབས་ཚང་གིས་རྒྱའི་གསར་འགོད་པ་ཅི་ཧྲོའི་མན་ལ་བཀའ་དྲི་གནང་བའི་༼དོན་དག་ཆུང་ཚེགས་ནས་བརྩམས་ཏེ་ཆེན་པ་རྩོད་དགོས་༽བརྗོད་དོན་ལ་གླེང་མང་ཙམ་བླང་ན་ང་ཚོར་ཕན་པའི་དངོས་ཡོད་ཀྱི་ཤེས་བྱ་མང་པོ་ལེན་རྒྱུ་འདུག་སྙམ།

    Reply
  20. གདོན་སྲས། says:
    ལོ་ 14 སྔོན།

    རྒྱ་རྙི་ནད་པ་གནས་ཚང་གསུམ།།
    མཐུན་སྒྲིལ་དཀྲུག་གི་གཞི་མ་ལ།།
    གང་ལས་གང་སྡིག་མེད་ན་འང་།།
    རང་ངོས་མ་ཟིན་མཁས་བར་རློམ།།

    Reply
  21. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ལོ་ངོ་བཅུ་ཕྲག་རིང་ལ།།
    དམར་པོའི་ལས་དོན་བསྒྲུབས་ཀྱང་།།
    འགྱོད་གནོང་མེད་པའི་ཉེས་ཅན།།
    དབུ་ཚོགས་སློབ་སྟོན་མཚང་ཆེ།།

    Reply
  22. གནས་ཚང་། says:
    ལོ་ 14 སྔོན།

    རྒྱ་རྙི་ཟམ་རྙི་དངུལ་ལོའི་དོག་པ་གཡོ།།
    གཞན་སྨོད་ཟམ་བསྟོད་མུན་པའི་འཁོར་ལོར་བཅིབས།།
    ཀ་ངོ་ཡིག་ངོ་ཆོད་པའི་རང་སྣང་ཅན།།
    བོད་ལ་ཉི་མ་གཉིས་པ་ག་དུས་ཤར།།

    Reply
  23. རྒྱ་རྙི། says:
    ལོ་ 14 སྔོན།

    ཟམ་གདོང་བླ་མ་གསེར་གྱི་ཉི་མ་འདྲ།།
    མཁས་པའི་དཔྱོད་ཤེས་དེང་གི་ཚན་རིག་འདྲ།།
    གནའ་དེང་འཇུག་སྒོ་ཀུན་ཤེས་ཀུན་གྲོལ་རེད།།
    བོད་ཀྱི་བསྟོད་པ་འཐེན་སའི་དཔའ་རྒོད་ཡིན།།

    ཨ མདོའི་ཕོ་འཁྱམ་འགའ་ཡི་ཁ་རྩ་ན།།
    སྙན་འཁྱོར་འབྲི་ཀློག་ཙམ་ཀྱི་ང་རྒྱལ་ཡོད།།
    དོན་གྱི་མཁས་པའི་ཡོན་ཏན་མཐོང་འདོད་ན།།
    ཟམ་གདོང་བླ་མའི་ཕྱོགས་སུ་མགོ་བོ་སྒུར།།།

    རྒྱལ་དར་མེ་ལ་བསྲེགས་པའི་ཚོར་བ་དང་།།
    བོད་ཀྱི་སྐད་ཡིག་རྨོངས་པའི་ལྐུགས་རྟགས་གཉིས།།
    དོན་གྱི་འགལ་བའི་ཕུང་པོར་རི་ལྟར་གྲུབ།།
    རྨོངས་སེལ་འདོད་ན་ཟམ་གདོང་བླ་མར་བཀུར།།།

    Reply
  24. མི་རྒོད། says:
    ལོ་ 14 སྔོན།

    རྒྱ་རྙི་ཁྱད་ཀྱིས་བསྟོད་པའི་བསྟོད་པ་འདི།།
    ཟམ་གདོང་བླ་མ་ལག་མཐིལ་སྐྱུ་རུ་འདྲ།།
    དེ་ལ་ནོང་ནས་བལྟ་བ་མུན་པས་འགྲིབ།།
    ངས་ཀྱང་འདི་བཞིན་བསྟོད་པ་ཞུ་འོས་ཀྱང་།།
    དུས་བབ་ཚང་གི་ཆུ་སྐྱུར་བྱེད་ངེས་པས།
    གང་ལ་སྙིང་གིས་བསྔགས་བརྗོད་ལན་བརྒྱར་ཞུ།།།།

    Reply
  25. ཉི་མ། says:
    ལོ་ 14 སྔོན།

    དབུ་མའི་ལམ་ཡིད་སྟོན་ཡོད།
    རིན་པོ་ཆེ་གི་གསལ་བཤད་དཔེ་ཡག་པོ་གནང་འདུག་ཐུགས་རྗེ་ཆེ།

    Reply
  26. རྒྱང་མིག says:
    ལོ་ 14 སྔོན།

    སྤུན་ཟླ་ཚོའི་ལུས་མེར་བསྲེགས་ཀྱང་ཅི་མི་སྙམ་ལྷོད་ཅིག་གེར།། དགྲ་བོའི་དར་བསྲེགས་ཚེ་ངོ་རྒོལ་བྱེད་མཁན་གྱི་ཏང་གི་སྐུ་ཚབ་བླ་མ་ཟམ་གདོང་ཚང་། དེ་རིང་གི་གསུང་སྟངས་ལ་བལྟ་དུས་སྔོན་གྱི་བོད་སྡོད་ཨམ་བན་ཚོ་ཡིད་ལ་འཁོར་བ་ཞིག་རེད། བོད་རྒྱལ་ལོ།།

    Reply
  27. གདོན་སྲས། says:
    ལོ་ 14 སྔོན།

    དབུ་མའི་ལམ་གྱི་བཀོད་སྒྲིག་ཡག་གི་ད།།
    ཉན་པའི་མི་ཚོའི་མི་ཚེ་ཡོལ་ཚར་འདུག །
    གཉིས་ཕན་དབུ་མའི་སྲིད་ཇུས་ཡག་གི་ད།།
    རྒྱལ་ཞེན་ཅན་གྱི་མི་ཚོ་ཚར་གྲབས་འདུག །

    Reply
  28. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    བོད་སོག་པའི་འོག་ཏུ་ཤོར་དུས་དང་༸གོང་ས་ལྔ་བའི་སྐབས་སུ་བོད་ཤར་ཕྱོགས་ཀྱི་ས་ཆ་འགའ་རྒྱ་ལ་ཤོར་ཚུལ། དབུ་མའི་ལམ་གྱི་ཁེ་ཕན། ཚེ་རྡོ་རྗེ་མ་བུ་གསུམ་གྱིས་བོད་དང་རྒྱ་དམར་གྱི་དར་ཆ་ཁྱེར་བ་སོགས་ཀྱི་ལ་བཀའ་ལན་གནང་པ་དོན་སྙིང་ལྡན། ད་དུང་བོད་སོག་གི་སྐོར་དེ་དང་༸གོང་ས་ལྔ་བའི་སྐོར་དེ་ཚོ་ཞིབ་གསལ་རེ་བྱུང་ན་དེ་བས་ཕན་ལ།
    ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ཕུད་པའི་སྐད་ཆ་ལྗིད་ཁོག་ཅན་དང་དོན་སྙིང་ལྡན་པ་ཞིག་བཤད་མཁན་ཧ་ཅང་དཀོན་ཚོད་དུ་འདུག་སྙམ།
    ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་གཉིས་ཅི་ནས་ཀྱང་སྐུ་ཚེ་ཡུན་དུ་བརྟན་དགོས། བོད་མི་རིགས་རིག་གཞུང་གི་ཆེད་དུ།

    Reply
  29. གདོན་སྲས། says:
    ལོ་ 14 སྔོན།

    གང་ལྟར་ཚོགས་ཞུགས་པ་ཚོས་གཉིད་ཀྱིན་ཀྱིན་ཉན་ཚོད་འདུག་ལ། མང་ཆེར་རྒན་རྒོན་རྐྱང་རྐྱང་རེད། ཁོང་ཚོར་ལམ་དབུ་མའི་ཟབ་སྦྱོང་སྤྲད་ཀྱང་ལག་ལྟར་བྱེད་རག་བར་གྲོང་འགྲོ་ས་མ་རེད་དམ།

    Reply
  30. རྒྱ་རྙི། says:
    ལོ་ 14 སྔོན།

    རིག་པའི་རྣམ་དཔྱོད་ཅན་གྱི་རྒན་པོ་ཞིག།
    དོན་གྱི་གནད་ལ་ཟུག་པའི་མཁས་པ་ཞིག།
    ལུགས་གཉིས་ཁོང་དུ་ཆུབ་པའི་བཙུན་པ་ཞིག།
    ཟམ་གདོང་བླ་མ་དོན་གྱི་མཁས་དབང་ཡིན།།

    གནས་ཚང་ནད་པ་ལ་སོགས་ཁ་མཁས་ཚོ།།
    སྟོང་བཤད་ལག་ལེན་མེད་པའི་རྒད་པོ་ཚོ།།
    འ་འུར་ཚོར་བའི་རྗེས་འབྲངས་ཆོལ་ཆུང་ཚོ།།
    ཟམ་གདོང་བླ་མའི་ལྷམ་གྱི་རིན་ཐང་མེད།།

    Reply
  31. ཡུལ་གྱར་གྱི་མཚེར་ས says:
    ལོ་ 14 སྔོན།

    དཀའ་སྡུག་ཡོད་དགུ་གཞོན་ནུ་ཚོགས་པས་ལེན། །ཁ་རྡུང་ཡོད་དགུའང་གཞོན་ནུ་ཚོགས་པས་ཟེད། །རྡུང་སྡིག་ཡོད་ཚད་གུང་ཁྲན་ཏང་གིས་གཏོང་། །དེ་ལ་བསྟོད་འདི་ཟམ་གདོང་བླ་མའི་ཆོས། །

    Reply
  32. ནད་པ says:
    ལོ་ 14 སྔོན།

    ཐོས་པས་ཆོས་སྲིད་རིག་ལམ་མི་ཚེར་སྦྱངས།།
    བསམས་པས་ཡིད་ལ་གང་དྲན་ངག་ནས་བརྗོད།།
    གོམས་པས་རྒྱ་ནག་གུང་དྲན་དབུ་འཕང་བསྟོད།།
    གསུམ་ལྡན་བླ་མ་གང་དེ་བོད་པའི་རྒྱན།།

    Reply
  33. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ང་ཡང་ལམ་དབུ་མ་པར་མོས་པས། རྒྱ་ནག་རྒྱལ་དར་འཕྱར་བསྒྲེང་དགག་མེད་ཀྱང་།
    རྒྱརིགས་དཔོན་ངན་བཞི་ནི། ཆེ་བདུག་རྩུབ། མའོ་ཙེ་ཏུང་། ཆེས་ཀླ་ཀློ། ཏིང་ཤའོ་་ཕིང་།
    ཆེས་མུན་ནག ཛང་ཛིན་་མིན། ཆེས་རྗེས་ལུས། ཧུའུ་ཆིན་ཐའོ། ཡིན་པ་ལ་ཡིན་པའི་ངོས་འཛིན་མཐར་ཕྱིན་དགོས་པ་ལ་ཤུགས་རྒྱག་མཁན་ཅིག་ཡིན་ལགས།

    Reply
  34. གནས་ཚང་། says:
    ལོ་ 14 སྔོན།

    ཁམས་ནས་འཁྲུངས་ཀྱང་དབུས་ཀྱི་དཔྱོད་སྒོ་ཅན།
    རྡ་སར་གོམས་ཀྱང་ཏང་གི་བློ་མིག་ཅན།
    རྒྱལ་ཞེན་མེད་ཀྱང་ཏང་ཞེན་ཚ་བོ་ཅན།
    གསུམ་ལྡན་བླ་མ་གང་དེ་བོད་པའི་རྒྱན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese