ཟླ་འདིའི་ཕྱི་ཚེས་ ༥ ནས་ ༢༩ བར་ཟླ་གཅིག་ཙམ་རིང་དཔལ་ས་སྐྱའི་ཆོས་སྒར་དུ། ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབང་བརྒྱ་ནོར་བུའི་ཕྲེང་བའི་བཀའ་དབང་བསྩལ་ཡོད་འདུག
ཕྱི་ཟླ་ ༤ ཚེས་ ༥ ཉིན་དབུ་བཙུགས་ཀྱིས་འདས་པའི་ཟླ་གཅིག་ཙམ་རིང་དཔལ་ས་སྐྱའི་ཆོས་སྒར་དུ། ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབང་བརྒྱ་ནོར་བུའི་ཕྲེང་བའི་བཀའ་དབང་བསྩལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༩ ཉིན་བཀའ་དབང་ཡོངས་སུ་གྲུབ་སྟེ། སྔ་དྲོ་ཆུ་ཚོད་ ༦ པའི་སྟེང་དཔལ་ས་སྐྱའི་གདུང་སྲས་སྐུ་བགྲེས་རིན་པོ་ཆེ་དབུས་པའི་བླ་ཆེན་ཁག་དབུ་བཞུགས་ཐོག དགེ་འདུན་པ་ ༥༠༠ ཙམ་གྱིས་འཆི་མེད་ཚེ་རྟ་ཟུང་འབྲེལ་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་དང་། ཚུ་ཚོད་ ༨།༣༠ སྟེང་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་ཕོ་བྲང་ནས་གདན་ཞུས་གནང་སྟེ་བཞུགས་ཁྲིར་འཁོད་རྗེས། བསྟན་པའི་སྦྱིན་བདག་བླ་མ་ཐུབ་བསྟན་བཟོད་པ་རིན་པོ་ཆེ་ལགས་ནས་མནྜལ་ལྗགས་བཤད་གནང་པ་དང་། བླ་བྲག་ཁག་དང་མི་མང་བཅས་ནས་མཇལ་དར་ཕུལ་ཏེ་བཀའ་དབང་གི་མཛད་རིམ་རྣམས་ལེགས་པར་མཇུག་སྒྲིལ་ཡོད་འདུག
སྐབས་དེར་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བཀའ་སློབ་བསྩལ་དོན། “ཆོས་ཞུ་བ་ཚང་མས་དོན་གཉེར་ཆེན་པོ་དང་ངལ་བ་ཁྱད་གསོད་གནང་བ་དེ་ཞེ་དྲག་ཡག་པོ་རེད། དེ་རིང་གཙོ་བོ་གསང་བདེ་འཇིགས་གསུམ་གཙོས་པའི་དབང་ཁ་ཤས་ཤིག་མ་གཏོགས་དབང་བརྒྱ་ནོར་བུའི་ཕྲེང་བའི་བཀའ་དབང་ཆ་ཚང་གྲུབ་པ་ཡིན། ང་དབང་འདོན་མཁན་བླ་མའི་ངོས་ནས་རྩ་བ་ཆེན་པོ་དང་ཡ་མཚན་ཆེ་རྒྱུ་ཆེར་ཀྱང་། རྩ་བའི་བླ་མ་རྩ་ཆེན་པོ་མང་པོའི་སྐུ་མདུན་ནས་ངས་ཞུས་པ་ཞིག་ཡིན། གཞན་ཡང་། རྒྱུད་པའི་རིམ་པ་ཕྲན་བུ་མི་འདྲ་བ་ཙམ་ལས་ང་ཚོ་ཚང་མ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་རྗེས་མཇུག་ཡིན་པ་གཅིག་གྱུར་རེད། ང་ཚོ་བོད་ལ་དར་བའི་ཆོས་རྒྱུད་ཚང་མ་ཐོག་མིའི་ཀུན་སློང་དང་། བར་དུ་མདོ་སྔགས་ཟུང་འབྲེལ་གྱི་ཉམས་ཞིབ། མཐའ་མ་མངོན་པར་རྫོགས་པར་སངས་རྒྱས་རྒྱུ་སོགས་ཁྱད་པར་རྩ་བ་ནས་ཡོད་པ་མ་རེད།” ཅེས་གསུངས་ཏེ། གཙོ་ཆེ་ཤོས་༸གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཆོས་བརྒྱུད་ཁག་ཚང་མ་ཐུགས་སྣང་དྭངས་གཙང་དང་། ཆོལ་ཁ་གསུམ་པོ་རྡོག་རྩ་ཆིག་སྒྲིལ་གྱིས་གནས་བཞིན་པ་འདི་ནི་ང་ཚོ་ཚང་མའི་གཟི་བརྗིད་ཡིན་པའི་སྐོར་བཀའ་སློབ་བསྩལ་ཡོད་འདུག
གཞན་ཡང་། ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བཀའ་དབང་ཞུ་མཁན་བླ་སྤྲུལ་དང་དགེ་འདུན། མང་ཚོགས་བཅས་ལ་བཀའ་སློབ་བསྩལ་སྐབས། “རིན་པོ་ཆེ་རྣམ་པ་ཚོས་ཀྱང་བསྟན་པ་དང་འགྲོ་བའི་དོན་ལ་ཐུགས་ཁུར་ཆེ་བཞེས་གནང་དང་གནང་བཞིན་ཡོད་པ་ལྟར། སླད་མར་ཡང་བསྟན་འགྲོའི་ལས་དོན་རྒྱ་ཆེན་པོ་གནང་རོགས་ཞུ་རྒྱུ་དང་། དགེ་འདུན་པ་རྣམས་ཀྱིས་ཀྱང་དབང་ཞུས་ཚར་བའི་རྗེས་སུ་དམ་ཚིག་བསྲུང་དགོས་པ་རེད། དམ་ཚིག་ཟེར་དུས་ཁ་ཏོན་འདོན་རྒྱུ་དང་བསྙེན་པ་བསག་རྒྱུ་ཙམ་མ་རེད། རྩ་ཆེ་ཤོས་རང་གིས་ཁས་བླངས་པའི་སོ་སོར་ཐར་པའི་སྡོམ་པ་དང་། བྱང་ཆུབ་སེམས་པའི་སྡོམ་པ།རིག་འཛིན་སྔགས་ཀྱི་སྡོམ་པ་བཅས་ཀྱི་སྲུང་བྱ་རྣམས་ཡག་པོ་བསྲུང་དགོས་པ་རེད། མི་མང་ཚོའི་ངོས་ནས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སེམས་རྒྱུད་བཟང་པོ་བྱ་རྒྱུ་གལ་ཆེན་རེད།” ཅེས་གསུངས་ཡོད་པ་རེད།
གསར་འགོད་པ། ཚེ་རིང་རྒྱལ།
དཔལ་ས་སྐྱའི་བདག་ཁྲི་རིན་པོ་ཆེ་བོད་མགོ་ནག་ཡོངས་ལ་བཀྲིན་ཆེ།།།
ངོ་མ་མ་བཅོས་པའི་ཆོས་པ་རྣམ་དག་རེད།
ང་ཚོ་ལ་དུས་ཚོད་འདི་ནས་ཁྱེད་ལྟར་བུ་བླ་མ་ཧ་ཅང་མཁོ།
སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག
བོད་ལ་སྐུ་དྲིན་ཆེ། སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།
དཔལ་ས་སྐྱའི་ཁྲི་འཛིན་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་འདི་ནི་དངོས་གནས་མཁས་བཙུན་བཟང་གསུམ་གྱི་བོད་གངས་ཅན་ལྗོངས་ཀྱི་ཆེས་རྩ་ཆེའི་བླ་མ་དམ་ཞིག་རེད།
ཁོང་གིས་སྔ་ཕྱིར་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་བཀའ་སློབ་ལ་གུས་བརྩི་དང་ལེན་དང་། དམ་ཚིག་འོ་ཆུ་གཅིག་ཏུ་འདྲེས་ཐུབ་པ། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་བདེ་རྩར་ཐུགས་འདུན་དགོངས་བཞེད་ཟབ་མོ་འདི་འདྲ་ཞིག་གནང་བ་འདི་ནི་བོད་མི་རིགས་ཀྱི་བསོད་ནམས་དང་།
སྒོས་སུ་དཔལ་ལྡན་ས་སྐྱའི་བའི་བསྟན་པའི་མཛེས་རྒྱན་ངོ་མཚར་ཅན་ཞིག་རང་བཞིན་གྱིས་ཆགས་ཡོད་སྟབས། ས་སྐྱའི་ངོས་ནས་བཤད་ན་ཆེས་སྤོབས་པ་འོས་པ་དང་ཞིག་དང་། ངོམས་སུ་ཆོག་པའི་རྩ་ཆེའི་རྡོ་རྗེ་འཆང་སྐུ་དངོས་ལྟ་བུ་ཞིག་རེད།
མགོན་ཁྱེད་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་པའི་སྨོན་ལམ་ཞུ།།
ས་སྐྱའི་བདག་ཆེན་བོད་ལ་བཀའ་དྲིན་ཆེ།
བོད་ལ་སྐུ་དྲིན་ཆེ། སྐུ་ཚེ་བསྐལ་བརྒྱར་བརྟན་པར་སྨོན།
ཆོས་བརྒྱད་ཀྱི་དྲི་མ་མ་འགོས་པ་ཆོས་པ་རྣམ་དག །བླ་སློབ་དམ་ཚིག་ལ་སྲིད་སླད་མེད་པའི་ཆོས་པ་རྣམ་དག །ཁ་ཞེ་ངོ་ལྐོག་མེད་པའི་ཆོས་པ་རྣམ་དག །བླ་མ་ཁྱེད་བོད་གངས་ཅན་གྱི་ལྗོངས་འདིར་ཆེས་མཁོ་དགོས་ཆེ་བའི་བླ་ཆེན་མཆོག སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།