དེ་རིང་ངྷ་ཤོད་ཀཱ་ཅཱ་རིའི་ཛེ་ལཱ་པཱ་ཤཱ་ཊི་ཚོགས་ཁང་དུ། དཔལ་རྒྱལ་བ་ཀརྨ་པ་དབུ་བཞུགས་ཐོག་བོད་དང་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་གིས། ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་དང་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་བགྲོ་གླེང་གནང་ཡོད།
ཧི་མ་ལ་ཡ་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ དང་ཕྱེད་ཀའི་སྟེང་། བཞུགས་སྒར་ངྷ་སའི་ཉེ་འདབས་ཀཱ་ཅཱ་རིའི་ཛེ་ལཱ་པཱ་ཤཱ་ཊི་ཚོགས་ཁང་དུ།༼ནང་ཆོས་དང་འཛམ་གླིང་ཞི་བདེ། ཧི་མ་ལ་ཡའི་ཁོར་ཡུག་གནས་བབ༽ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གཙོས། རྒྱ་གར་ (RSS) ཆབ་སྲིད་ཚོགས་པའི་རྒྱུན་ལས་སྐུ་ཞབས་ཨེན་ཌེ་ཤིས་(INDERESH) མཆོག་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོིལ་མ་མཆོག ཁུ་ནུ་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏེ་ཇིན་ཝན་ཎེ་ཀེ་ལགས། ཧི་མ་ཅལ་མངའ་སྡེ་མཐོ་སློབ་ཀྱི་སློབ་སྤྱི་དང་། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་བོད་པ་དང་ཧི་ལ་མ་ཡའི་རི་རྒྱུད་ཀྱི་མི་མང་བཅས་ཁྱོན་མི་ ༢༠༠ ལྷག་འདུ་འཛོམས་བྱུང་འདུག
མཛད་སྒོའི་སྟེང་རྒྱ་གར་ (RSS) ཆབ་སྲིད་ཚོགས་པའི་རྒྱུན་ལས་སྐུ་ཞབས་ཨེན་ཌེ་ཤིས་ལགས་ཀྱིས། ལོ་རྒྱུས་ཐོག་བོད་དང་རྒྱ་གར་བར་ཆོས་དང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་ཡོད་པ་མ་ཟད། ས་ཁམས་ཆགས་ཡུལ་ཐད་ནས་ཀྱང་བོད་དང་རྒྱ་གར་བར་འབྲེལ་བ་ཆེན་པོ་ཡོད་ཚུལ་དང་། བོད་ཀྱི་ནང་ཆོས་ཧི་མ་ལ་ཡའི་རི་རྒྱུད་དུ་དར་ཁྱབ་ཕྱིན་པ་དེ་ཁོར་ཡུག་སྲུང་སྐྱོབ་ཐད་ཕན་ཐོགས་ཆེན་པོ་བྱུང་ཡོིད་སྐོར་ངོ་སྤྲོད་གནང་སྟེ། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ནི་རྒྱ་གར་གཙོས་འདབས་འབྲེལ་རྒྱལ་ཁབ་ཁག་གི་ཁེ་ཕན་ལ་ཐུག་ཡོད་སྟབས། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་ཀྱི་གནད་དོན་ཐད་སྔར་ལས་དོ་སྣང་དང་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་སོང་།
སྐུ་ཞབས་ཨེན་ཌེ་ཤིས་ལགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་སྟངས་ཐད། བོད་ནང་བོད་མི་ཚོས་མེར་བསྲེགས་གཏོང་བཞིན་པ་དེ་ནི་གདམ་ཀ་མེད་པའི་ལས་འགུལ་ཞིག་ཆགས་ཡོད་པ་ལས། བོད་པ་ཚོ་འུ་ཐུག་ཐབས་ཟད་ཀྱིས་རང་ཤི་བརྒྱབ་པ་མིན་སྐོར་གསལ་བཤད་དང་། ད་ཆར་བོད་མི་ཚོས་ལག་ཏུ་མཚོན་ཆ་བཟུང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཀྱི་མེད་ནའང་། མ་འོངས་པར་བོད་མི་ཚོས་ཐབས་ལམ་གཞན་ཞིག་གི་ཐོག་དྲག་སྤྱོད་མི་སྤེལ་བའི་ངེས་པ་གང་ཡང་མེད་སྐོར་བརྗོད་སོང་།
དེ་བཞིན། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ཀྱང་ཧི་མ་ལ་ཡ་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་གསར་འཛུགས་གནང་བར་བསྔགས་བརྗོད་དང་འབྲེལ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚོས་ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་ན་བོད་ཀྱི་གངས་རིན་པོ་ཆེར་སྲུང་སྐྱོབ་བྱ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་ཚུལ་དང་། གངས་རིན་པོ་ཆེར་གཏོར་བཤིག་ཐེབས་ན་བོད་ཀྱི་ཁོར་ཡུག་དང་འདབས་འབྲེལ་རྒྱལ་ཁབ་ཚོར་ཉེན་ཁ་འཕྲད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།
མཇུག་མཐར། སྐུ་མགྲོན་གཙོ་བོ་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཧི་མ་ལ་ཡ་ནི་རྒྱ་གར་གྱི་ལོ་རྒྱུས་དང་རིག་གནས་ཀྱི་འབྱུང་ཁུངས་གང་ཐད་ནས་ཧ་ཅང་གལ་ཆེན་ཞིག་ཡིན་ཚུལ་དང་། བོད་དང་ཧི་མ་ལ་ཡའི་བར་ལོ་རྒྱུས་ཐོག་འབྲེལ་ལམ་བཟང་པོ་ཡོད་པ་དེ་གཟི་བརྗིད་ཅིག་ཡིན་ལ། མ་འོངས་པའི་མི་རབས་ཚོས་ཀྱང་ཧིན་བོད་བར་གྱི་བཟང་པོའི་འབྲེལ་ལམ་རྒྱུན་འཁྱོངས་དགོས་སྐོར་གསུངས་ཏེ། ཧི་མ་ཅལ་མངའ་སྡེ་གཞུང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ༸གོང་ས་མཆོག་དང་བཙན་བྱོལ་བོད་མི་ཚོར་དུས་ཡུན་རིང་པོར་འཚོ་གནས་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཁོར་ཡུག་བསྐྲུན་པར་ཡི་རངས་བསྔགས་བརྗོད་ཞུས་ཡོད།
སྐབས་དེར་ཁུ་ནུ་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཏེ་ཇིན་ཝན་ཎེ་ལགས་དང་ཧི་མ་ཅལ་མངའ་སྡེ་མཐོ་སློབ་སློབ་སྤྱི་བཅས་ཀྱིས་ཀྱང་། ཧི་མ་ལ་ཡའི་འདབས་འབྲེལ་རྒྱལ་ཁབ་ཁག་གི་ཁོར་ཡུག་གནས་བབ་དང་། བོད་ཀྱི་ཁོར་ཡིག་དེ་ཧི་མ་ལ་ཡའི་རི་རྒྱུད་དུ་གལ་ཆེ་ཆུང་གང་འདྲ་ཡིན་མིན། ཧི་མ་ལ་ཡའི་ཁོར་ཡུག་སྲུང་སྐྱོབ་ཚད་ལྡན་དགོས་ན་སྔོན་ལ་བོད་ཀྱི་གནད་དོན་ཐག་གཅོད་དགོས་པའི་བསམ་ཚུལ་སོགས་བརྗོད་ཡོད་པ་རེད།
མཛད་སྒོ་གྲོལ་མཚམས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པའི་མི་རིགས་ཚོས་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་དམངས་ཁྲོད་ཀྱི་གླུ་གཞས་ཁག་ཅིག་གཟིགས་འབུལ་ཞུས་སོང་ལ། ཉིན་རྒྱབ་ཆུ་ཚོད་ ༣ པའི་སྟེང་ཚོགས་ཞུགས་པ་ཚོས་ཀཱ་ཅཱ་རིར་ཁྲོམ་གཞུང་དུ་འཛམ་གླིང་ཞི་བདེ་ཆེད་ཞི་བའི་གོམ་བགྲོད་ཅིག་གནང་སོང་།
གསར་འགོད་པ། དཔལ་ལྡན།
རོ་ལངས་གསུང་པ་ནང་བཞིན་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་ནས། །མ་ཉེས་ཁག་གཡོགས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་ནས་སྐུ་གསུང་ཐུགས་ལ་སྐྱོན་གྱི་ནས་འབྲུ་ཙམ་ཡང་མ་གོས་པར་གསལ་པོ་ཆགས་པ་སྙིང་ནས་དགའ་བའི་རྗེས་སུ་ཡི་རང་ཞུ་རྒྱུ།།།།
སྐུ་མགྲོན་གྱི་གཙོ་བོ་༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ལ་གུས་མདུད་དང་འཚམས་ཞུ་ཞུ་རྒྱུ་མ་ཟད།
མ་ཉེས་ཁག་གཡོགས་ཀྱི་སྤྲིན་ནག་ལས་བདེ་བར་གྲོལ་ཏེ་སྐུ་གཟི་འོད་ལམ་མེར་འགྲོ་དོན་དུ་ཕེབས་པར་སེམས་རྩ་འཁོལ་པས་དགའ་དད་སྤྲོ་གསུམ་བྱུང་།
སླད་མར་ཀྱི་ཆར་ཡང་སྐུ་ཚེ་བསྐལ་བརྒྱར་བརྟན་ཅི་རླབས་ཆེན་གྱི་བཞེད་དོན་མ་ལུས་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ་ཞུ་ཞུ།།