བྱ་སྨྱོན་པ།
གཞུང་ཡིག་དང་ཚོགས་པ་ཁག་གིས་དབྱིན་ཡིག་དང་རྒྱ་ཡིག་ཤེས་ན་གོ་སྐབས་ཡོད་ལུགས་དང་གཞུང་གི་སྔོན་རྩིས་དང་འཆར་འགོད། དྲིལ་བསྒྲགས་སོགས་དབྱིན་ཡིག་གི་གསལ་སྒྲག་སྣ་ཚོགས་མཐོང་དུས། ང་རང་དབང་མེད་པར་བོད་ཡིག་ལ་དུང་བ་ཇེ་ཟབ་དུ་བུད་སོང་ལ། བོད་ཡིག་གི་ལས་སྐལ་ལ་འཁྲེང་བའི་ཚིག་དོན་རེ་གཉིས་ཀྱང་འདི་ལྟར་ཐལ་སོང་། དྲང་མོར་བཤད་ན། བོད་ཡིག་གི་དགོས་མཁོ་གླེང་གིན་ཡོད་པ་དེ་ནང་བཞིན་ཚང་མས་ཀྱང་དེར་དོ་སྣང་དང་རྒྱབ་སྐྱོར་ཞིག་བྱེད་རན་ཡིན་པ། ད་ལྟའི་སྤྱི་ཚོགས་ཀྱི་གནས་བབ་དང་ཁོར་ཡུག་ལ་ཅིག་ལྟོས་དང་། བོད་ཡིག་གི་ལས་དབང་སྐྱོ་བོ་འདི་མྱུར་སྐྱོབ་དང་དར་སྤེལ་རྒྱ་ཆེ་རུ་གཏོང་དགོས་པ་ལས། བོད་ཡིག་གི་ཁོར་ཡུག་མེད་སོང་ན། སྐད་ཆ་ཙམ་གྱིས་མི་རིགས་ཤིག་གི་དགོས་མཁོ་སྐོང་ཐུབ་ཀྱི་རེད་དམ། མི་རིགས་ཤིག་ཚད་འཇལ་བྱེད་དེ་སྐད་ཡིག་རེད་མ་གཏོགས་སྐད་ཙམ་ག་ལ་ཡིན། ལྷག་པར་གཞུང་ཕྱོགས་ནས་འཆར་ཅན་བོད་ནང་དུ་རིག་གཞུང་ཉམས་རྒུད་དུ་འགྲོ་རབས་འཛམ་གླིང་མི་དམངས་ལ་སྒྲོག་གིན་ཡོད་པ་རེད། དོན་དངོས་ཐོག་བོད་ཡིག་ཁ་ཆག་སྣ་རལ་དུ་སོང་འདུག་པ་དེ་ང་ཚོ་བཙན་བྱོལ་བ་རེད་མ་གཏོགས། བོད་ནང་ལོགས་ག་ལ་ཡིན། ངས་མང་པོ་བཤད་གི་མིན། འདི་སློབ་གསོ་ཡི་གནད་དོན་ཞིག་རེད། གཞོན་སྐྱེས་མང་པོ་ཞིག་གིས་བོད་ནང་དུ་ཆོས་དང་རིག་གནས་ཅི་ཡང་གླེང་ས་མེད་པ་ཞིག་ལ་ངོས་འཛིན་བྱེད་པ་མ་ཟད། ཆོས་དང་རིག་གནས་ཤིག་སྦྱོང་ན་ངེས་པར་དུ་བཙན་བྱོལ་དུ་ཡོང་དགོས་པར་གླེང་། འོ་ན། ང་ཚོའི་རིག་གནས་ཀྱི་ཁོར་ཡུག་གང་ན་ཡོད། སྐྱ་བོའི་རིག་གནས་ཀྱི་འདུ་ཚོགས་གང་ན་ཡོད། བོད་ནང་དུ་བོད་ཡིག་གིས་རྒྱལ་ཁབ་ཀྱི་ཕོགས་ལེན་ཐུབ་མཁན་ཉུང་ཉུང་རེད། དེ་བདེན་པ་རེད། གཞུང་ངོས་ནས་རྩ་ཁྲིམས་གཞིར་བཟུང་གིས་རྒྱ་ཡིག་གི་དྲིལ་བསྒྲགས་དང་བརྡ་ཆད་གཙོ་བོ་བྱེད་པ་དེ་མ་འགྲིག་པ་ཅི་ཡང་མ་རེད། དགོས་མཁོ་ཡོད་ན་ཡིག་བསྒྱུར་གྱིས་ཁ་གསབ་བྱེད་པ་ནི་གཞུང་གིས་འགྲོ་སྟངས་རེད།
ང་ཚོ་བཙན་བྱོལ་དུ་བོད་ཡིག་གི་ལས་ཀ་མི་རག་པ་དེ་སྐྱོན་གང་ན་ཡོད། བོད་ཡིག་ལ་མཐོང་མེད་པ་དེ་གཙོ་བོ་གང་ནས་མ་འགྲིག་པ་རེད། ཚང་མས་མཁྱེན་གསལ་རེད། གཞུང་དང་ཚོགས་པ་ཁག་གིས་དཔལ་འབྱོར་གྱི་ཁ་ངོ་དང་གཞན་གྱི་གོ་སོང་ན་གང་ལྟར་བོད་པ་མ་ཡིན་པའི་ཕྱི་རྒྱལ་གྱི་མིས་དཔལ་འབྱོར་གྱི་རོགས་སྐྱོབ་དང་ཁེ་ཕན་ཁོ་ནར་གཙིགས་སུ་བཟུང་ནས། བོད་ཡིག་གི་མདུན་ལམ་མེད་པར་བཏང་བ་རེད། བོད་ཡིག་གི་སྤྱོད་སྒོ་ཉུང་དུ་བཏང་བ་རེད། ཐ་ན་དབྱིན་སྐད་དང་ཧིན་དྷུ་མ་བསྲེས་ན་གོ་བརྡ་མི་སྤྲོད་པའི་ཚད་ལ་ལྷུང་བ་རེད། དབྱིན་ཡིག་དང་ཧིན་དྷུ་མཉམ་བསྲེས་ཀྱི་སྐད་ཆ་རིན་ཐང་ཆེ་སོང་བ་རེད། བོད་སྐད་གཙང་མ་ཞིག་བཤད་སྐབས་ཅི་ཡང་མི་ཤེས་པའི་བླུན་པོ་ཞིག་གི་ཚད་ལ་འཇོག་པ་དང་སྐད་ཆ་ཡང་བཤད་མི་ཤེས་པའི་སྐྱོན་འཛུགས་བྱེད། འདི་ལྟ་བུའི་ཁོར་ཡུག་ནས་བོད་ཡིག་གླེང་ས་ཡོད་དམ། བོད་ཡིག་ལ་རིན་ཐང་ག་ཚོད་ཡོད་དམ། འདིའི་ཐོག་ནས་གཞུང་ཡིན་ནའང་འདྲ། ཚོགས་པ་ཁག་ཡིན་ནའང་འདྲ། ཁུ་སིམ་མེར་གནས་ཡོད་ལ་བོད་ཡིག་གི་ལས་སྐལ་དེར་དོ་སྣང་དང་འཆར་གཞི་ཅི་ཡང་མེད། ངས་གཞན་གྱི་སྐད་ཡིག་ཤེས་ན་སྐྱོན་རེད་ཟེར་གྱི་མེད། གཞན་གྱི་སྐད་ཡིག་གི་ལེགས་ཆ་བླངས་ནས་བོད་ཡིག་ཇེ་ཕྱུག་ལ་གཏོང་རྒྱུ་རེད་མ་གཏོགས། བོད་ཡིག་གཡུག་ནས་བེད་སྤྱོད་མ་བཏང་ན་ཆོག་གི་ཟེར་གྱི་མེད། ཡིག་རྨོངས་པ་ཚོའི་སུམ་རྟགས་ཙམ་ཤེས་མཁན་ཚོར་མཁས་པར་འདོད་པ་ནི་སྔོན་མ་ཟམ་ གདོང་བླ་མ་བཀའ་ཁྲིའི་འོས་ཤོག་སྐབས་ང་རྒན་རྒོན་ཁ་ཤས་ལ་ཐུག་མྱོང་། ཟམ་གདོང་རིན་པོ་ཆེ་སུམ་རྟགས་ལ་མཁས་པ་རེད་ཟེར་སོང་། དེ་འདྲ་རེད་དམ། ཁོང་ཚོ་ཡ་མཚར་ལ་བལྟས་ན་སུམ་རྟགས་ཟེར་བ་ཤེས་ན་འདེམས་ན་འགྲིག་གི་རེད་མདོག་མདོག་བྱས་སོང་། དྲང་མོར་བཤད་ན། ཐབས་སྐྱོ་བོ་རེད། མ་གཞི་ནས་བོད་མི་བྱིངས་ཀྱི་གོ་རྟོགས་མ་སད་ན་ཆབ་སྲིད་པ་ཚོས་གང་ཁྲིད་ཁྲིད་ཡིན་པ་དང་ཕྱོགས་ཞེན་གྱི་ལྟ་བ་དང་མགོ་མཁྲེགས་པོ་བྱེད་མཁན་ཧ་ཅང་མང་། འདི་ཚང་མ་སྐད་ཡིག་སློབ་གསོ་ཡི་མ་འདང་བ་རེད་ལ། སྐད་ཡིག་གི་བག་ཆགས་ཉུང་དྲགས་པས་སྐྱོན་རེད་ཟེར་ནའང་ཆོག རང་གི་མི་རིགས་དང་རིག་གཞུང་ཞིག་བཤད་སྐབས། དང་པོར་རང་ཉིད་བོད་པ་ཞིག་ཡིན་པ་བརྗེད་མི་ཉན་གི ཁེ་ཕན་ཙམ་དང་དམིགས་ཡུལ་གཞན་ཞིག་གི་དོན་དུ་ང་བོད་པ་ཡིན་ཟེར་བ་རིན་ཐང་ཅི་ཡང་ཡོད་པ་མ་རེད། གཞན་ལ་མི་རིགས་ཤིག་གི་བག་ཆགས་ཟེར་ན་འདྲ། གང་ལྟར་ཟུར་དང་ལེབ་གང་ནས་བལྟས་ཀྱང་རིན་ཐང་ཞིག་མངོན་རྒྱུར། ཁ་ཙམ་དང་ཕོར་བ་ཙམ་གྱི་དོན་དུ་བགྱི་བ་ནི་ཐབས་སྐྱོ་དྲགས་པ་རེད།
འདི་ལྟ་བུའི་ཁོར་ཡུག་ནས་སྐད་ཡིག་གི་ལས་སྐལ་ལ་དུང་བ་ཟབ་མཁན་དག་ཀྱང་། དོན་མེད་དུ་མ་ཉེས་ཁ་གཡོག་ཐེབས་གི མིང་ངན་པ་སྣ་ཚོགས་འདོགས་གི དྲང་མོར་བཤད་ན། ང་ཚོ་ལ་ཆོས་དང་རིག་གནས་ཟེར་བ་དགོས་སམ། གལ་སྲིད་ང་ཚོ་ལ་རིག་གནས་ཟེར་བ་དགོས་པ་ཡོད་དམ། དུས་རབས་ཉེར་གཅིག་པ་ནི་ཚང་མས་ཤེས་ཡོན་གྱི་ཚད་མཐོ་བའི་ཚན་རྩལ་གྱི་དུས་རབས་ཤིག་ལ་འབོད་ཀྱི་ཡོད་པ་རེད། ཤེས་ཡོན་ཟེར་བ་དེ། མི་རིགས་རང་གི་རིག་གནས་གོམས་གཤིས་དང་འདུ་ཤེས་ལ་ཟེར་བ་ལས། དབྱིན་སྐད་དང་དྷིན་རྡི་འདྲེས་མ་ཟེར་བ་ག་ལ་ཡིན། དེ་ལྟར་ཡིན་ན་ང་ཚོར་ངོམས་རུང་བའི་འབྲས་བུ་ཞིག་སྟོན་རྒྱུ་ཡོད་མོད། འོན་ཀྱང་ཁ་ཐུར་དུ་འགྲོ་བཞིན་པའི་གནས་སྟངས་འདི་ལ་སུས་ཀྱང་འགྲེལ་བཤད་རྒྱག་ཐབས་མེད། ཁ་ཤས་ཀྱིས། ཁོར་ཡུག་དང་བཟའ་མ། ནམ་དུས་བཅས་ཀྱིས་རང་བཞིན་གྱི་བོད་ཟེར་བའི་མི་རིགས་ཀྱི་འདུ་ཤེས་ཟབ་མོ་དེའི་བརླག་འགྲོ་བ་ཡིན་སྲིད། ཟེར་བ་ཕྱིའི་གནས་སྟངས་ཁོ་ན་འགྲེལ་བ་ལས་ནང་སེམས་ཀྱི་རིག་གནས་ཤིག་ལ་འགྲེལ་བཤད་མི་འགྲོ་བ་ཤེས་གསལ་རེད། མི་རིགས་ཀྱི་རིག་གནས་འདུ་ཤེས་ཤིག་མེད་སོང་ན། ལྷག་པར་དུ་བོད་རང་གི་རིག་གནས་ཀྱི་སློབ་གསོ་ཤིག་མ་ཐོབ་ན། གཞན་རྗེས་ཆོད་པར་ཕར་ཞོག ས་ཡི་རྡོ་བླངས་ནས་རུམ་གྱི་བྲོ་ལྷུང་བ་རེད།
སྐབས་འདི་ལྟ་བུ་ལ་སྐད་ཡིག་གླེང་ས་ཞིག་མི་འགྲོ་བ་ཤེས་ནའང་། རང་གི་སྐད་་ཡིག་མེད་སོང་ན། གཞན་ཞིག་གི་ཚབ་བྱེད་ཐབས་བྲལ་བས། རང་ཉིད་བོད་པ་ཞིག་པ་ཡིན་འཚོལ་རྒྱུ་ནི་བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་སྲུབས་འོ་མའི་མར་ལོ་ཡིན་པས། རང་ཉིད་ཤ་ཚ་ཤེས་དགོས་པ་དང་། རང་ཉིད་ལ་གཅེས་སྤྲས་བྱེད་ཤེས་དགོས་པ་སོགས་མགོ་རྩོམ་དགོས་པ་ནི་དུས་རབས་ཀྱིས་ང་ཚོ་ལ་སྤྲད་པའི་ཉེན་བརྡ་ཞིག་ཡིན་ལ། ང་ཚོ་ངེས་པར་དུ་ལམ་ཞུགས་དགོས་པ་ཨ་ཅང་ཅང་། དེ་མ་ཟད་ནམ་ཞར་དུ་བོད་ཟེར་བའི་ཡིག་འབྲུ་འདི་གཉིས་སེམས་ལ་ཉར་ནས། རྒྱུན་འཁྱོངས་བྱེད་དགོས་སོ། །
ཨ་ཨ། བྱ་སྨྱོན་པས་མྱི་སྐད་བཤད་ཐལ། དོན་ལ་གནས་ཐལ། གློ་དགའ་ཡོད། ཞེ་གི་ཧྲ་ལ་བྱོས་ར། རྩོམ་ཡག་པ་ཟིག་འཁྱོངས་མེད་གི་ན། ང་ཚོ་གངས་སྐྱིད་ལ་མཆོན་ན་གཞུང་འབྲེལ་གྱི་ཡི་གེ་དང་ལྷན་ཁང་ཁག་གི་ལས་སྒོ་ཡོངས་བོད་ཡིག་བེད་སྤྱོད་བྱེད་ཀྱི་ཡོད་ལ། ད་དུང་སྐད་ཆ་བཤད་སྐབས་སྙན་ལོས་དང་ཚད་མཐོ་མིན་ལའང་ཞེ་གི་ལྟ་ནི་རེད། ལྷན་ཁང་ཞིག་གི་ནང་དུ་དབུས་སྐད་གཙང་མ་ཞིག་དང་ཚད་ཅུང་མཐོ་བ་ཞིག་བཤད་ཐུབ་ན་ལས་ཀའང་གནད་ཁག་ཅན་རེག་གི་ཡོད། མི་འགྲིག་ས་གཙོ་བོ་དེ་སྤྱི་ཚོགས་དང་སློབ་གྲྭ་ནང་ལ་ཡོང་གི་ཡོད། གཞུང་གི་བོད་ཡིག་དང་བོད་སྐད་གཙང་མ་ཡོང་རྒྱུར་ལས་འཆར་དང་བཀའ་ཤོག་ཇི་ཙམ་སྤྲད་ཀྱང་བོད་ཁྱིམ་གྱིས་ཁས་ལེན་གྱི་མེད་པས་དཀའ་ངལ་བྱུང་གི་ཡོད། ཡིན་ནའང་ཨམ་སྐད་ལ་ལས་འགྲོ་ཁྱོན་ནས་མེད་གི་ཡ། ཧཧཧཧ ད་དེཙམ་ཡིན། བཤད་ནོ་འགྲིག་གི
ང་ཚོ་བཙན་བྱོལ་མི་དམངས་ཀྱི་བོད་ཀྱི་ལ་རྒྱར་ལྟ་ཚུལ་གྱི་ཚད་ཧ་ཅང་དམའ་བོ་རེད། བོད་ཡིག་དང་བོད་སྐད་གཙང་མ་བཤད་མཁན་ལ་ཆེད་གསོད་དང་ལྐུགས་པའི་གྲལ་དུ་འཇོག་སྟངས་ལ་བལྟས་ན་ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱིས་བོད་ཀྱི་ལ་ཞེན་དེ་གཞིས་སྡོད་བོད་མིའི་བོད་ཞེན་ལ་བསྡུར་ན་གནམ་དང་སའི་ཧེ་བག་མཐོང་། བཙན་བྱོལ་བོད་མིའི་བོད་ཞེན་ནི་ཚོར་བའི་རྗེས་སུ་འབྲང་བ་ཙམ་ལས་བོད་དོན་ངོ་མ་དེ་ངོས་ཟིན་མཁན་ཉུང་ངུ་ལས་མེད། རང་དབང་ལུང་པར་སྡོད་མཁན་བཙན་བྱོལ་ནང་དུ་བོད་སྐད་བོད་ཡིག་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པའི་དུས་ངན་འདི་ལ་བལྟས་ཏེ་རང་ཉིད་ཀྱི་བསྟན་པ་རང་གིས་བཤིག་བཞིན་ཡོད་པ་མ་ཤེས་པ་འདི་ཡང་མ་འོངས་བོད་ཀྱི་མདུན་ལམ་དེ་མིན་ཇི་མི་རིགས་ཀྱི་རྗེས་སུ་སྙེག་བཞིན་ཡོད་པའི་འབྲས་རྟགས་འཁྲུལ་མེད་ཞིག་གོ།
དབྱིན་ཡིག་དང་ཧིན་ཡིག་ཕྲན་བུ་ཤེས་ན་ཡོན་ཏན་ཅན་དང་ཤེས་ཡོན་ཅན་གྱི་གྲལ་ལ་འཇོག་འོས་ནའང་། བོད་ཀྱི་རིག་གནས་ལ་ཅི་ལྟར་མཁས་ཀྱང་གཞུང་དམངས་སུས་ཡིན་ན་སྣང་མེད་དུ་འཇོག་བཞིན་པ་འདིས་ང་ཚོའི་བོད་ཀྱི་མདུན་ལམ་ཁ་ཕྱོགས་གང་དུ་ཕྱོགས་བཞིན་ཡོད་པར་མ་མཐོང་བ་འདི་ཡང་སེམས་ཀྱི་གཏིང་ནས་མི་བཟོད་པའི་ན་ཟུག་སྐྱེད་བྱེད་ཅིག་གོ།
བཙན་བྱོལ་ནང་ནས་བོད་ཡིག་གིས་ཁ་ལག་མི་རེག་པ་དང་བོད་ཡིག་གི་སྤྱད་སྒོ་ཆུང་དུ་བཏང་བའི་གནད་དོན་གཙོ་བོ་ནི་་་་བོད་གཞུང་གི་ལས་བྱེད་ཚོས་བོད་ཡིག་ཡག་པོ་མ་ཤེས་པའི་སྐྱོན་རེད་་་་་མ་ཤེས་ན་སུ་ཡིན་ཡང་དེ་ལ་དོ་སྣང་དང་དུང་བ་མེད་པར་ཆགས་ཀྱི་ཡོད་པ་རེད་་་་་་རྒྱུ་མཚན་འདི་ལ་བརྟེན་ནས་ང་ཚོའི་ཁོར་ཡུག་འདི་ནས་བོད་ཡིག་གི་རིན་ཐང་ངམ་འཛའ་གོང་བལ་བོའི་སྒོར་ལས་ཀྱང་སྡུག་ཏུ་ཕྱིན་པ་རེད་་་
དེ་རིང་ས་མཐའ་འདི་རུ་དངོས་གནས་རླུང་ཆེན་ཞིག་གཡུག་འདུག་ག
ཁྱོད་ཀྱི་གསུང་པ་བདེན་ཡང་དེ་ལྟར་ཤེས་ནས་ལག་ལེན་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། རྒྱུ་མཚན་ནི་མི་རིགས་ལ་ཞེན་མེད་པའི་ལས་རེད།་དེ་ལྟར་ཡོང་བ་ལ་ཕ་མ་གཙོ་བྱེད་པའི་དགེ་རྒན་དང་མི་རྒན་པ་ཚོས་མི་རིགས་ཀྱི་ཞེན་དེ་ཕྲུ་གུ་ཚོའི་སྣ་ལམ་དུ་བླུག་རྒྱུ་དང་བོད་སྐད་ཡིག་དང་པོ་དང་གཞན་སྐད་ཡིག་གཉིས་པ་བཟོ་ཐུབ་ན་དུས་དེ་ནས་བཟུང་ང་ཚོའི་སྤྱི་ཚོགས་ནང་རང་ཤ་ལ་ཞེན་མཁན་ཡོང་རྒྱུ་རེད། དེ་མ་བྱུང་ན་འཇིག་འབྲས་ངན་པ་ཞིག་ཡོང་རྒྱུ་ནི་བདེན་མི་ཟའོ།
བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཡིག་གི་ཁོར་ཡུག་མེད་སོང་བ་རེད། རྒྱུ་རྐྱེན་ཐད་ནས་ཕྱོགས་འགའ་འདུག
ཕྱོགས་གཅིག་ནས་གཞན་དབང་སྟབས་བསྟུན་ཏེ། དབྱིན་ཡིག་གི་ཁོར་ཡུག་ཁྲོད་དུ་བོད་ཡིག་བཀོལ་ས་ཉུང་དྲགས་པས་རེད། ཕྱོགས་གཞན་ཞིག་ནས་བོད་མི་ནང་ཁུལ་གྱི་ནད་ཚའམ། ཨ་གསར་ཚ་བོ་སྟེ། ལམ་སང་དབྱིན་སྐད་བཤད་རྐྱང་བྱེད་ཀྱིན་པས་ལན་ཡོད་པ་རེད། ཐ་ན་ཟ་ཁང་། མགྲོན་ཁང་། ཚོང་ཁང་སོགས་སུ་ཞིག་གིས་བོད་ཡིག་བཀོལ་ཡོད་དམ། སྤྱི་ཚོགས་ཁྱོན་ཡོངས་ནས་བོད་ཡིག་དགོས་མེད་དུ་བལྟས་ཚར་དུས། ཚགས་ཤོག་དང་དྲ་རྒྱ་མ་གཏོགས་བཀོལ་ས་ལྷག་ཡོད་པ་མ་རེད་ལ། ཕན་ཚུན་བར་མཚང་འདྲུ་རེས་དང་ཁ་རྡུང་གཏོང་བྱེད་ཀྱི་ལག་ཆ་ཙམ་ལས་ཟ་མ་ཟ་བྱེད་ཀྱི་ལག་ཆ་ཞིག་ཏུ་འགྱུར་ཐུབ་ཡོད་པ་མ་རེད། དེ་བས། གལ་སྲིད་མི་སྐྱའི་ཁྲོད་དུ་བོད་ཡིག་ཟ་མ་ཟ་བྱེད་དུ་བསྒྱུར་འདུན་ཡོད་ཚེ་ཐོག་མར་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་བོད་ཡིག་ལ་བཟུང་བའི་ལྟ་སྟངས་བསྒྱུར་དགོས་པར་མ་ཟད། ཁྱོན་ཡོངས་ནས་བཀོལ་སྤྱོད་གང་ལ་གང་འཚམས་བྱས་པ་ཡིན་ན། གཞི་ནས་ཟ་མ་ཟ་བྱེད་དུ་འགྱུར་ཐུབ་ཀྱི་རེད། དཔེར་ན། ཟ་ཁང་གི་ཟ་དེབ་སྟེང་དུ་བོད་ཡིག་གིས་ཟ་མའི་མིང་བྱང་འགོད་པ་དང་དེ་ལ་སྐད་བསྒྱུར་མཁན་གྱི་ཞབས་ཞུ་བ་འཇོག་པ། དེ་ག་ནང་བཞིན་ཚོང་རྫས་དང་མགྲོན་ཁང་སོགས་ཀྱིས་ཀྱང་གཅིག་ལྟ་གཅིག་ལ་བྱེད་འོས་ལ། སྐབས་དེར་བོད་ཡིག་སློབ་མཁན་ཡང་མང་རུ་འགྲོ་སྲིད་པས། མི་ཁག་ཅིག་ལ་ཟ་མ་སྤྲོད་ཐུབ་པའི་ཁར། མག་པ་དང་ཆུང་མའང་རང་འགུལ་དུ་ཡོད་སྲིད། ཡིན་ནའང་། སྐབས་དེར་སྐྱ་སེར་གཉིས་ཀྱིས་འཛིང་རེས་མི་བྱེད་པར་ཁྱོན་ཡོངས་ནས་གསོལ་འདེབས་དང་སྨོན་ལམ་རྒྱག་དགོས།