འཇིག་རྟེན་གྱི་མི་ཆོས། Beyond Religion
( འཇིག་རྟེན་ཡོངས་ཁྱབ་ཀྱི་མི་ཆོས། Ethics For A whole World )
༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་མཛད། གོང་དཀར་ངག་རྣམ་གྱིས་བསྒྱུར།
ངོ་སྤྲོད།
༡༩༣༥ ལོར་ངོས་རང་བོད་བྱང་ཤར་གྱི་མཚམས་སུ་སྐྱེས་ཤིང་ད་ལྟ་ནི་ངའི་ན་ཚོད་རྒས་ཡོད། ངོས་ཀྱིས་རང་ཉིད་ཀྱི་དར་མའི་ལོ་ཕལ་ཆེ་བ་རང་དབང་དང་ཁ་བྲལ་ཏེ། རྒྱ་གར་ནང་བཙན་བྱོལ་བ་བྱས་ནས་སྡོད་བཞིན་ཡོད། དེ་ནི་ལོ་ངོ་ལྔ་བཅུ་ལྷག་རིང་གི་ངའི་ཕ་ཡུལ་གཉིས་པ་ལྟ་བུ་ཡིན། ངས་སྐབས་རེར་རྩེད་མོ་དང་སྦྲགས་ང་ནི་རྒྱ་གར་གྱི་མགྲོན་པོ་རྒྱུན་རིང་ཤོས་དེ་ཡིན་ཞེས་ཤོད་ཀྱི་ཡོད། ང་དང་ངའི་ལོ་ན་གཅིག་པ་ཚོས་ངོ་མཚར་ཅན་གྱི་གནས་ཚུལ་མང་དག་ལ་བརྟེན་ནས་འཛམ་གླིང་ཐོག་འགྱུར་ལྡོག་བྱུང་བ་མཐོང་ཡོད། ༡༩༦༠ རྗེས་ནས་ངས་འཛམ་གླིང་མཐའ་དབུས་ཀྱི་ཡུལ་གྲུ་མང་པོའི་ནང་འགྲུལ་བཞུད་བྱས་པ་དང་། སྐད་ཡིག་དང་རིག་གཞུང་། ཆོས་ལུགས། གོམས་སྲོལ་བཅས་མི་འདྲ་བའི་མི་མང་དང་ཐུག་འཕྲད་བྱེད་རྒྱུ་བྱུང་། མི་དེ་དག་གི་ཁྲོད་རྒྱལ་ཁབ་ཀྱི་སྲིད་འཛིན་དང་། སྲིད་བློན། རྒྱལ་པོ། རྒྱལ་མོ། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་གི་དབུ་འཁྲིད་ཙམ་མིན་པར། མི་ཚེའི་གོམས་གཤིས་དང་འཚོ་བ་མི་གཅིག་པའི་མི་མང་དཀྱུས་མ་ཡང་མང་དག་ཅིག་ཡོད།
ངས་འདས་ཟིན་པའི་ལོ་རབས་དེ་དག་ལ་བསམས་ཚེ་དགའ་སྤྲོ་སྐྱེ་རྒྱུར་རྒྱུ་མཚན་མང་པོ་མཐོང་གི་འདུག དེ་ཡང་གསོ་བ་རིག་པའི་ཚད་མཐོའི་ལག་རྩལ་ལ་བརྟེན་ནས་འཆི་རྐྱེན་ལ་ཐུག་པའི་ན་ཚ་དེ་ཚོ་ཡང་དྲག་སྐྱེད་ཐུབ་པ་དང་། མི་མང་པོ་དབུལ་ཕོངས་ཀྱི་གནས་ལས་གྲོལ་ཏེ། དེང་རབས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་གྱི་ལམ་བུར་བསྐྱོད་ཐུབ་པ་བྱུང་ཡོད། ང་ཚོར་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་། དེ་གལ་ཆེན་པོ་ཡིན་པར་ཡོངས་ཁྱབ་ཀྱིས་ཤེས་ཚོར་བྱུང་ཡོད་ལ། དེའི་གྲུབ་འབྲས་སུ་རང་དབང་དང་དམངས་གཙོའི་ལྟ་ཚུལ་དང་། མིའི་རིགས་ཀྱི་མཐུན་སྒྲིལ་གྱི་གལ་འགངས་འཛམ་གླིང་ཡོངས་ལ་དར་ཁྱབ་ཕྱིན་ཡོད། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་ཤིག་ཀྱང་འཕེལ་བཞིན་པ་སོགས་འདས་པའི་དུས་རབས་ཕྱེད་ཙམ་མམ་ཡང་ན་དེ་ལས་མང་བ་འདི་ནི་ཡར་རྒྱས་དང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་ཡིན། ཡར་རྒྱས་དེ་དག་དང་ལྷན་ཅིག་ཏུ་དཀའ་ངལ་ཡང་མང་པོ་ཞིག་རྒྱུན་མི་ཆད་པར་འཕྲད་བཞིན་ཡོད།
དེའི་རིང་འཛམ་གླིང་གི་མི་མང་པོའི་མི་ཚེའི་འཚོ་ཐབས་ལ་ཚད་མཐོའི་འགྱུར་ལྡོག་བྱུང་ཡོད་ཀྱང་། ཐ་ན་ཉིན་རེའི་ལྟོ་གོས་ཀྱང་འཕྱི་ཐུབ་མིན་ལ་ཐུག་པའི་མི་ས་ཡ་མང་པོ་ཞིག་ལྷག་བཞིན་ཡོད། གྲང་དམག་མཇུག་སྒྲིལ་བ་དང་རྡུལ་ཕྲན་མཚོན་ཆའི་གཏོར་བརླག་གི་དངངས་འཚབ་ཉུང་དུ་སོང་ཡང་། ད་དུང་མི་མང་པོ་ཞིག་འཐབ་རྩོད་དང་དམག་འཁྲུག་གི་དཀའ་ངལ་འོག་གནས་མུས་ཡིན། མ་ཟད་ས་གནས་མང་པོའི་ནང་ཁོར་ཡུག་གི་དཀའ་ཚེགས་དང་། དེས་ཁོང་ཚོའི་འཚོ་བར་ཉེན་ཁ་འཕྲད་བཞིན་ཡོད། དེ་ལས་གཞན་མི་མང་པོ་ཞིག་ལ་དབྱེ་འབྱེད་དང་། ལྐོག་ཟ། བཤུ་གཞོག་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད།
དཀའ་ངལ་འདི་ཚོ་ནི་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཙམ་མིན་པར། ཡར་ཐོན་ཅན་གྱི་རྒྱལ་ཁབ་དེ་ཚོའི་ནང་དུའང་སྤྱི་ཚོགས་ཀྱི་དཀའ་ངལ་དང་། ཆང་རག་གི་བག་མེད་ལོངས་སྤྱོད། དུག་རྫས་ཀྱི་ངན་གོམས། ནང་ཁུལ་གྱི་གནོད་འཚེ། བཟའ་མི་ཁ་བྲལ་སོགས་ཀྱི་གནས་ཚུལ་ལྷག་བཞིན་ཡོད། འཛམ་གླིང་གི་གནས་སྟངས་འདིའི་ཐད་ནས་མི་ཚོས་རང་ཉིད་ཀྱི་བུ་ཕྲུག་གི་ཤེས་ཡོན་དང་། མ་འོངས་པའི་འཚོ་གནས་ལ་སེམས་ཁྲལ་བྱེད་ཀྱི་ཡོད།
ང་ཚོས་མིའི་བྱ་སྤྱོད་ཀྱིས་འཛམ་གླིང་ལ་གསབ་ཏུ་མེད་པའི་གཏོར་སྐྱོན་དང་། ཚབས་ཆེའི་ཉེན་ཁ་བཟོ་བ་དེ་ཤེས་དགོས་པ་དང་། དེང་དུས་ཀྱི་གནོན་ཤུགས་ཆེ་བའི་མི་ཚེ་སྐྱེལ་སྟངས་འདིས། དངངས་འཚབ་དང་། ཞུམ་སེམས། ཁེར་རྐྱང་གི་སེམས་ཚོར་བཅས་འཕེལ་བཞིན་ཡོད། དེའི་འབྲས་བུར་ངོས་རང་ཕྱོགས་ག་པར་སོང་ཡང་མི་ཚོས་སེམས་སྡུག་རྗོད་ཀྱི་འདུག་ལ། ང་རང་གིས་ཀྱང་འགའ་ཤས་མཐོང་བྱུང་། ང་ཚོའི་གནས་སྟངས་ཁྲོད་ཏན་ཏན་གཅིག་གིས་འདང་གི་མེད་པ་དེ་གསལ་པོ་རེད། འོ་ན། མ་འདང་བ་དེ་གང་རེད་དམ་ཞེ་ན། དེ་ནི་ང་ཚོས་ཕྱི་དངོས་པོའི་མཐུན་རྐྱེན་ལ་དོ་སྣང་ཤུགས་ཆེ་བྱེད་པ་མ་གཏོགས། བཟང་སྤྱོད་དང་ནང་གི་རིན་ཐང་དོ་སྣང་མ་བྱེད་པ་འདི་རེད།
ནང་གི་རིན་ཐང་ནི་ང་ཚོ་ཚང་མས་གལ་ཆེན་པོར་བརྩི་བའི་གཞན་རྒྱུད་ཀྱི་ཡོན་ཏན་དང་། ང་ཚོའི་ལུས་པོའི་རང་བཞིན་གྱི་བཀོད་པ་དང་འཚོ་གནས་ཆེད་དགོས་ངེས་སུ་གྱུར་པའི་ལྷན་སྐྱེས་ཀྱི་བརྩེ་བ་དང་བྱམས་པའམ། ཡང་ན་དེ་ནི་སྙིང་རྗེ་ཡིན། སྙིང་རྗེའི་གོ་དོན་སྙིང་པོ་དེ་ནི་གཞན་གྱི་སྡུག་བསྔལ་སེལ་བར་འདོད་པ་དང་། གཞན་གྱི་བདེ་སྐྱིད་གོང་དུ་སྤེལ་བར་འདོད་པ་དེ་ཡིན། བཟང་སྤྱོད་དང་ལྡན་པའི་ནང་གི་རིན་ཐང་གཞན་མང་པོ་ཡོད་པ་དེ་དག་ལས་གལ་ཆེ་ཤོས་འདི་རེད། ང་ཚོས་གཞན་རྒྱུད་ལ་ཡོད་པའི་བསམ་པ་བཟང་པོ་དང་། བཟོད་སྒོམ། བསམ་ཤེས། སྦྱིན་པ་སོགས་ལ་གལ་ཆེན་པོར་ལྟ་བ་དང་། རྔམ་སེམས་དང་། ངན་སེམས། ཁོང་ཁྲོ། རྨོངས་ཞེན་སོག་ས་འགོག་ཐབས་བྱེད་ཀྱི་ཡོད།
དེར་བརྟེན་སྙིང་རྗེའི་བསམ་པའི་ཐོག་ནས་འགྲོ་བ་མིའི་ནང་གི་རིན་ཐང་ཤུགས་ཆེར་སྤེལ་བ་དང་། འགལ་རྐྱེན་ཉོན་མོངས་ལ་གདོང་ལེན་བྱེད་ཚུལ་སྦྱོང་བ་དེར་ཀུན་གྱིས་དགའ་མོས་བྱེད་ཀྱི་རེད། དེ་ལྟར་བྱས་པའི་ཁེ་ཕན་དང་པོ་དེ་སོ་སོ་རང་ཉིད་ལ་ཡོང་རྒྱུར་དོགས་པ་མེད། ནང་གི་ཡོན་ཏན་འདི་དག་ང་ཚོས་ཉེན་ཁ་ཆེན་པོའི་ཐོག་ནས་སྣང་མེད་དུ་འཇོག་པ་དང་། ང་ཚོར་འཕྲད་བཞིན་པའི་དེང་སང་གི་དཀའ་ངལ་ཧ་ཅང་ཆེན་པོ་འདི་ཚོ་ནང་གི་ཡོན་ཏན་དེ་དག་ལ་དོ་སྣང་མ་བྱས་པའི་འབྲས་བུ་ཡིན།
ངས་དེ་སྔ་རྒྱ་གར་ཤར་ཕྱོགས་ཀྱི་ས་གནས་ཨོ་རི་སར་བསྐྱོད་པ་ཡིན། རྒྱ་གར་རྒྱལ་ཁབ་ཀྱི་ཆ་ཤས་སུ་གཏོགས་པའི་ལུང་པ་འདིའི་ནང་གི་དབུལ་ཕོངས་ཀྱི་དཀའ་ངལ་དང་ལྷག་པར་གྲངས་ཉུང་མི་རིགས་ཀྱི་གནད་དོན་དེས། འཐབ་རྩོད་དང་ངོ་རྒོལ་གྱེན་ལངས་ལང་བཞིན་ཡོད། ས་གནས་དེ་ནས་ཡིན་པའི་སྤྱི་འཐུས་ཤིག་ཐུག་པ་དང་ང་ཚོས་གོང་གི་གནད་དོན་དེ་དག་གི་ཐོག་ལ་བགྲོ་གླེང་བྱས་པ་ཡིན། ཁོང་གིས་རྒྱལ་ཁབ་ཀྱིས་འཆར་གཞི་ལྡན་པའི་ཐོག་ནས་ཁོང་ཚོའི་ཆེད་འཕྲུལ་ཆས་དང་། དཔལ་འབྱོར་གྱི་མ་རྟེན་སོགས་ཀྱི་དམིགས་ཡུལ་བཅངས་ཏེ། ཁོང་ཚོའི་ཐོབ་ཐང་སྲུང་སྐྱོབ་བྱས་པ་དང་། དངོས་པོའི་མཐུན་རྐྱེན་ཡང་སྐྲུན་མུས་རེད། འོན་ཏེ། དཀའ་ངལ་ནི་ལྐོག་ཟ་བྱས་པའི་དབང་གིས་འཆར་གཞི་འདི་དག་ལ་ཕན་འབྲས་འཐོན་གྱི་མི་འདུག་ཅེས་བཤད་བྱུང་།
ལས་འཆར་གང་བཏིང་བ་རྣམས་ལ་དྲང་བདེན་མེད་པ་དང་། ཚགས་མི་ཚུད་པ། འགན་འཁུར་མེད་པ་བཅས་ཀྱི་རྐྱེན་པས་མི་འདི་དག་དབུལ་ཞིང་ཕོངས་པར་གྱུར་པ་རེད། དཔེ་མཚོན་འདི་ལ་བརྟེན་ནས་ལས་འཆར་གྲ་འགྲིག་པོ་ཞིག་ཡོད་ཀྱང་། དེས་ཕན་འབྲས་འཐོན་མིན་དེ་འགན་འཁྱེར་མཁན་གྱི་ལག་བསྟར་བྱེད་སྟངས་རག་ལས་པར་ཤེས་ཐུབ། དོན་དངོས་ཐོག་སྒྲོམ་གཞི་དང་། ཁྲིམས་ཡང་ན་ལམ་ལུགས་གང་ཞིག་ཡིན་ནའང་། གང་ཟག་སྒེར་སོ་སོ་འགན་འཁུར་ཁོ་ནར་བརྟེན་ནས་ཕན་འབྲས་འཐོན་དགོས། མི་སྒེར་གྱིས་དྲང་བདེན་མེད་པའི་བྱ་གཞག་དང་། ཁྲིམས་ལོག་པར་བེད་སྤྱོད་བྱས་ན་བདེ་སྐྱིད་དང་ཡར་རྒྱས་ཡོང་རྒྱུའི་ཚབ་ཏུ་དཀའ་ཚེགས་འཕྲད་ཀྱི་རེད། འདི་ནི་འགྲོ་བ་མིའི་རིགས་ཀྱི་ཆོས་ལུགས་ཀྱིས་གཙོས་པའི་ཁྱབ་ཁོངས་ཚང་མའི་ནང་ཡོད་པའི་སྤྱིར་བཏང་གི་དངོས་ཡོད་གནས་སྟངས་ཤིག་ཡིན།
ཆོས་ལུགས་ལ་འགྲོ་བ་མིའི་རིགས་ལ་ཕན་ཐོགས་དང་། མི་ཚེ་དོན་དང་ལྡན་ཞིང་བདེ་སྐྱིད་ངང་གནས་པར་བྱེད་པའི་ནུས་པ་ཡོད་ཀྱང་། དེ་བེད་སྤྱོད་ལོག་པར་བྱས་ཚེ་འཐབ་རྩོད་དང་འགལ་ཟླའི་རྒྱུར་འགྲོ། དེ་བཞིན་ཚོང་དང་དཔལ་འབྱོར་ལ་ཆ་བཞག་ནའང་། སྒྲིག་ཁྲིམས་ཉིད་ཆ་ལག་ཚང་བ་ཞིག་ཡིན་སྲིད་ཀྱང་། མིས་ངོ་ཚ་ཁྲེལ་མེད་དང་རང་འདོད་ངང་དེ་དག་བེད་སྤྱོད་བྱས་པ་ཡིན་ན། སྒྲིག་ཁྲིམས་དེ་དག་གི་ཕན་འབྲས་དོན་འཁྱོལ་བྱུང་མེད། སྟབས་མ་ལེགས་པ་ཞིག་ལ་ང་ཚོས་འདི་ནི་མིའི་བྱ་སྤྱོད་མང་པོའི་ནང་མཐོང་བཞིན་ཡོད་ལ། ཐ་ན་རྒྱལ་སྤྱིའི་རྩེད་མོའི་ནང་ཆ་བཞག་ནའང་། ལྐོག་ཟ་བྱས་པའི་ཉེར་ལེན་ལས་རྩེད་མོའི་དྲང་བདེན་གྱི་ངོ་བོ་ཡང་བརླག་ཏུ་འཇུག་གི་ཡོད།
རྣམ་དཔྱོད་ཅན་གྱི་སྐྱེ་བོ་མང་པོས་གནད་དོན་འདི་ཤེས་ཤིང་དེ་དག་བཅོས་སྒྱུར་བྱེད་པར་རང་གི་ལས་གནས་ཐོག་ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་བཞིན་ཡོད་པ་ཤོད་ག་ལ་དགོས། ཆབ་སྲིད་པ་དང་། སྤྱི་ཚོགས་ཞབས་ཞུ་བ། ཁྲིམས་རྩོད་པ། ཤེས་ཡོན་ཅན། ཁོར་ཡུག་ཁྱད་ལས་པ། ལས་འགུལ་བ་སོགས་ཀྱིས་སྔ་ས་ནས་འདིའི་ཐོག་འབད་བརྩོན་བྱས་ཡོད། འདིས་ཕན་ཐོགས་གང་འཚམ་བྱུང་ཡོད་ཀྱང་། དོན་དངོས་ཐོག་ང་ཚོས་འཆར་གཞི་དང་སྒྲིག་ཁྲིམས་གསར་པ་བཞག་པ་ཙམ་ལ་བརྟེན་ནས་དཀའ་ངལ་འདི་དག་ནམ་ཡང་བསལ་ཐུབ་མེད།
དོན་དངོས་ཐོག་ང་ཚོའི་དཀའ་ངལ་གྱི་རྒྱུ་རྐྱེན་དེ་གང་ཟག་སྒེར་ལ་རག་ལས་ཡོད། གལ་ཏེ་མི་རྣམས་བཟང་སྤྱོད་དང་དྲང་བདེན་གྱིས་འཕོངས་ན་ཁྲིམས་དང་སྒྲིག་གཞི་གང་འདྲ་ཞིག་གིས་ཀྱང་འདང་གི་མེད། མིས་དངོས་པོའི་རིན་ཐང་ལ་དོ་གལ་ཇི་ཙམ་ཆེ་བ་བྱེད་པ་དེ་སྲིད་དུ། དྲང་བདེན་མེད་པ་དང་། ལྐོག་ཟ། འདྲ་མཉམ་དང་བཟོད་བསྲན་མེད་པ། འདོད་རྔམས་ཏེ་ནང་གི་རིན་ཐང་ལ་དོ་སྣང་མེད་པའི་ཕྱིའི་རྣམ་འགྱུར་འདི་དག་རང་བཞིན་གྱིས་སླེབ་ཡོང་།
དེར་བརྟེན་ང་ཚོར་བྱ་རྒྱུ་གང་ཡོད་དམ། ང་ཚོས་རོགས་རམ་ག་ནས་འཚོལ་ལམ། ཚན་རིག་གིས་ཕན་འབྲས་གང་ཐོན་པ་དེ་ནི་ཕྱི་དངོས་པོའི་ཐོག་ནས་ཡིན་པ་ལས་དེས་རང་གཞན་གཉིས་ཀའི་དགོས་མཁོར་གྱུར་པའི་མི་སྒེར་གྱི་གཞི་རྩའི་རིན་ཐང་ཡར་རྒྱས་ཆེད་དོན་དམ་པའི་ཁོར་ཡུག་ཅིག་བསྐྲུན་མེད། འོ་ན་ལོ་ངོ་སྟོང་ཕྲག་མང་པོའི་རིང་མི་རྣམས་ཀྱིས་བྱས་པ་བཞིན་ང་ཚོས་ཀྱང་ཆོས་ལུགས་ཀྱི་བསླབ་བྱའི་ནང་ནས་མིའི་ནང་གི་རིན་ཐང་འཚོལ་དགོས་སམ། ཆོས་ལུགས་ཀྱིས་འདས་པའི་དུས་ཚོད་ནང་མི་ས་ཡ་མང་པོར་ཕན་ཐོགས་བྱུང་ཡོད་ཅིང་། ད་ལྟ་ཕན་ཐོགས་བཞིན་པ་དང་། མ་འོངས་པར་ཡང་ཕན་ཐོགས་པར་འགྱུར་བར་ཐེ་ཚོམ་མེད། འོན་ཏེ། ཆོས་ལུགས་ཀྱིས་མིའི་བསམ་བློར་བཅོས་སྒྱུར་དང་མི་ཚེའི་རིན་ཐང་ཇི་སྙེད་ཅིག་བྱིན་ཡང་། ད་ལྟའི་འཇིག་རྟེན་གྱི་སྤྱི་ཚོགས་འདིའི་ནང་ཆོས་ལུགས་ཙམ་མིའི་བཟང་སྤྱོད་ཀྱི་གཞི་མར་གྱུར་མེད།
རྒྱུ་མཚན་གཅིག་ནི། འཛམ་གླིང་ཐོག་གི་མི་མང་པོ་ཆོས་ལུགས་བྱེ་བྲག་པའི་རྗེས་སུ་འབྲང་གི་མེད། རྒྱུ་མཚན་གཞན་ཞིག་ནི། འཛམ་གླིང་གི་མི་རྣམས་ཕན་ཚུན་གོ་ལ་གཅིག་གྱུར་དང་། རིག་གཞུང་སྣ་འཛོམས་ཀྱི་སྤྱི་ཚོགས་ཀྱི་ལོའི་ནང་གཅིག་ལ་གཅིག་རྟེན་ངང་ཉེ་བར་གནས་ཡོད་པས། ཆོས་ལུགས་བྱེ་བྲག་པར་གཞི་བྱས་པའི་བཟང་སྤྱོད་དེ་ང་ཚོ་ཁ་ཤས་ལ་མ་གཏོགས་འཚམ་པོ་མེད། གནའ་སྔ་མོའི་དུས་ཚོད་ནང་མི་རྣམས་ཕན་ཚུལ་འབྲེལ་བ་མེད་པར་ང་ཚོ་བོད་པ་བཞིན་ཚོ་ཁག་བྱས་ནས་བསྡད་དེ་དཀའ་ངལ་འཕྲད་དུས་སོ་སོའི་ཆོས་ལ་ཡིད་ཆེས་བྱེད་པར་དཀའ་ངལ་མེད།
གང་ལྟར་དེང་སང་གི་དུས་ཚོད་ནང་མིས་ནང་གི་རིན་ཐང་ལ་སྣང་མེད་བཏང་བ་འདི་ལ་ཆོས་ལུགས་ཀྱིས་ཁ་གཏད་གཅོག་པ་འདི་ཡོངས་སུ་ཁྱབ་པ་དང་། འོས་ཤིང་འཚམ་པར་གཏན་ནས་འགྱུར་མི་སྲིད། ང་ཚོར་ད་ལྟ་དགོས་པ་ཞིག་ནི་ཆོས་ལུགས་དང་འབྲེལ་བ་མེད་པའི་བཟང་སྤྱོད་ཀྱི་ལམ་དང་། དེ་ཡང་ཆོས་ཀྱི་རྗེས་འབྲང་ཡིན་མིན་ཚང་མས་ཁས་ལེན་ཐུབ་པའི་ཡོངས་ཁྱབ་ཀྱི་བཟང་སྤྱོད་ཅིག་དགོས། ཆུང་དུས་ནས་གྲྭ་པ་བྱས་ནས་འོངས་པའི་མི་ཞིག་གི་སྐད་ཆ་འདི་ཁྱད་མཚར་པོར་མཐོང་སྲིད་ཀྱང་། ངས་དེ་ལ་འགལ་འདུ་མཐོང་གི་མེད། ང་ལ་སེམས་ཅན་ཐམས་ཅད་ཀྱི་བདེ་དོན་ཆེད་འབད་བརྩོན་བྱ་རྒྱུའི་ཆོད་སེམས་ཡོད་ལ། རང་ཉིད་ཀྱི་ཆོས་ལུགས་ལས་བརྒལ་ཏེ་ཆོས་ལུགས་གཞན་དང་ཆོས་ཁས་མི་ལེན་མཁན་དེ་ཚོ་དང་འབྲེལ་བ་བྱེད་ཐབས་བྱེད་ཀྱི་ཡོད།
ངོས་ཀྱི་བསམ་བློར་འཇིག་རྟེན་ཡོངས་ཁྱབ་ཀྱི་བཟང་སྤྱོད་ཅིག་སྐྲུན་པའི་ཐབས་སུ་ལྟ་ཚུལ་དེ་གཉིས་ཀ་སྲིད་པ་དང་། རིན་ཐང་ཅན་དུ་ཡིད་ཆེས་བྱེད་ཀྱི་ཡོད། ངའི་ཡིད་ཆེས་ཀྱི་འབྱུང་ཁུངས་ནི་ང་ཚོ་ཚང་མ་མི་ཡིན་པ་དང་། དེ་ཡང་གཞི་རྩའི་ཆ་ནས་ཚང་མས་རང་ཉིད་ལེགས་པ་ཞིག་འོང་རྒྱུར་བསམ་པ་དེའི་ཐོག་ནས་ཡིན། ང་ཚོས་གང་བྱེད་པ་ཐམས་ཅད་རང་ཉིད་ལ་ཕན་ཐོགས་འགའ་རེ་འཐོབ་པར་བསམས་ནས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག ང་ཚོས་ཚང་མས་གཞན་གྱིས་བརྩེ་བར་ཡི་རངས་བྱེད་ཀྱི་ཡོད། ང་ཚོ་ཚང་མས་གཞི་རྩའི་ཆ་ནས་རང་ཆས་སུ་ཡོད་པའི་མིའི་བྱམས་བརྩེའི་རིན་ཐང་དོན་དུ་གཉེར་གྱི་ཡོད། ང་ཚོས་གཞན་གྱི་ཁོང་ཁྲོ་ལས་བརྩེ་བ་དང་། སེར་སྣ་ལས་སྦྱིན་པ་འདེམ་གྱི་རེད། བཟོད་སྒོམ་དང་། བརྩི་བཀུར། གུ་ཡངས་བཅས་ལ་ང་ཚོའི་ཁྲོད་ནས་མི་དགའ་བ་སུ་ཡོད་དམ།
ལྟ་ཚུལ་འདིའི་ཐོག་ནས་ང་ལ་ངེས་པ་རྙེད་པ་ནི་ཆོས་ལུགས་གང་དང་ཡང་རྒྱབ་འགལ་དུ་མི་འགྲོ་བ་དང་། ཆོས་ལུགས་ལ་ངེས་པར་དུ་ལྟོས་མི་དགོས་པར་ནང་གི་རིན་ཐང་བསྐྲུན་རྒྱུའི་ལམ་ཞིག་ཡོད་པ་དེ་ཡིན། ངོས་ཀྱིས་དེབ་འདིའི་ནང་བཟང་སྤྱོད་ཀྱི་ལྟ་ཚུལ་གསར་པ་འདི་ཡར་རྒྱས་དང་། ལག་ལེན་ཞིབ་པར་བཤད་ཡོད། ངོས་ཀྱིས་བྱ་བ་འདི་ལ་བརྟེན་ནས་དངོས་པོའི་ལོངས་སྤྱོད་རབ་ཏུ་རྒྱས་པའི་དུས་ཚོད་ནང་བཟང་སྤྱོད་ཀྱི་གོ་རྟོགས་དང་ནང་གི་རིན་ཐང་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
ངས་ཐོག་མ་ནས་གསལ་པོ་བཟོ་རྒྱུར་ངའི་དམིགས་ཡུལ་ནི་བསམ་བློར་བཙན་བཀའ་གཏོང་རྒྱུ་དེ་མིན། དེ་ལ་ཕན་ཐོགས་གང་ཡང་མེད། ཕྱི་ནས་བཙན་པོ་དབང་ཡོད་བྱེད་པ་དེར་ཕན་ནུས་གང་ཡང་མེད། དེའི་ཚབ་ཏུ་ང་ཚོ་སྒེར་སོ་སོས་ནང་གི་རིན་ཐང་གལ་ཆེན་པོ་ཡིན་པར་བསམ་བློ་གཏོང་བའི་ཐོག་ནས་ཡོང་དགོས་པ་དེ་ཡིན། དེ་ཡང་རྒྱལ་ཁབ་དང་མི་སྒེར་གཉིས་ཀའི་ཞི་བདེ་དང་། ཡིད་ཆེས། བདེ་སྐྱིད་སོགས་ང་ཚོས་དོན་གཉེར་བྱེད་པའི་ནང་གི་རིན་ཐང་གི་གཞི་རྩར་གྱུར་པ་འདི་དག་ཡིན།
འཛམ་གླིང་གི་ཆོས་ལུགས་ཕལ་མོ་ཆེས་དོ་གལ་ཆེན་པོར་བརྩི་བའི་བྱམས་པ་དང་བརྩེ་བ། བཟོད་སྒོམ། གུ་ཡངས་སོགས་ཀྱིས་ནང་གི་རིན་ཐང་གོང་འཕེལ་གཏོང་ཐུབ་པ་དང་། ད་ལྟ་གཏོང་བཞིན་ཡོད་མོད། དོན་དངོས་ཐོག་ད་ལྟའི་འཛམ་གླིང་ཐོག་ཆོས་ལུགས་ནང་གི་བཟང་སྤྱོད་དེས་འདང་གི་མེད་ཅིང་། ངས་འཇིག་རྟེན་མི་ཆོས་ཀྱི་སེམས་དོན་རིག་པ་དང་བཟང་སྤྱོད་ཅིག་འཚོལ་བའི་དུས་ལ་བབ་ཡོད་པར་ཡིད་ཆེས་བྱེད་པའི་རྒྱུ་མཚན་ཡང་དེ་ཡིན།
སྒྱུར་མཆན།
དེབ་འདི་ནི་༸གོང་ས་མཆོག་གི་རླབས་ཆེའི་མཛད་འཕྲིན་གསུམ་ལས་དང་པོ་སྟེ། འགྲོ་བ་མིའི་གཞི་རྩའི་རིན་ཐང་ངམ། འཇིག་རྟེན་མི་ཆོས་ཀྱི་བསམ་བློ་ཡར་རྒྱས་ལ་སྐུལ་འདེད་གནང་བཞིན་པ་དེའི་གལ་ཆེའི་ཆ་ཤས་སུ་གཏོགས་སྙམ། སྔ་ལོའི་དུས་འཁོར་དབང་ཆེན་གྱི་མཇུག་སྡོམ་ཉིན་མོར་གྲགས་ཅན་གྱི་དེབ་འདིའི་དབུ་འབྱེད་བསྐྱངས་པ་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འདིའི་སྐོར་གྱི་གླེང་སློང་བྱུང་བ་མ་ཟད། རང་རེའི་སྤྱི་ཚིགས་ཁྲོད་དུའང་རིམ་བཞིན་དེབ་འདིའི་སྐོར་ལ་སྐད་ཆ་ཤོད་མཁན་མང་པོ་ཞིག་ཡོང་བཞིན་པའི་ཚོར་སྣང་བྱུང་། དེ་དག་གི་ཁྲོད་ནས་མངོན་གསལ་དོད་ཤོས་ཤིག་ནི་དེབ་འདིའི་ཁ་བྱང་ལ་འགྲེལ་བཤད་རྒྱག་པ་དང་། དེ་ཡང་སྙིང་བོད་སྐད་དུ་བསྒྱུར་ན་ཅི་ཞིག་ལ་གོ་དགོས་མིན་དེ་རེད། རང་ཉིད་ལའང་དེའི་སྐོར་ལ་རྟོག་འཆར་ཅུང་ཟད་བྱུང་བ་འདི་ཉིད་ཀློག་པ་པོར་སྨྲ་འདོད་པས། དེབ་དེའི་ངོ་སྤྲོད་ཀྱི་ལེའུ་འདི་ཁོ་ན་བསྒྱུར་བའི་འདོད་པ་དང་ལྟ་ཚུལ་རེ་གཉིས་ཤོད་པར་ཐལ།
དེ་ཡང་རང་རེའི་སྐད་ཡིག་དང་རིག་གཞུང་གི་བརྡ་ཆད་ལས་འདའ་མི་དགོས་པར་བྱས་ཏེ། དེབ་འདིའི་མཚན་བྱང་ལའང་(འཇིག་རྟེན་གྱི་མི་ཆོས།)བཏགས་ན་འཚམས་པར་མཐོང་། རྒྱུ་མཚན་ནི། དེབ་ཀྱི་མཚན་ལ་དབྱིན་སྐད་ནང་(Beyon Religion)ཞེས་བཏགས་པར་བསྙད་ནས་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་དམ། ཆོས་ལུགས་ལས་བརྒལ་བའི་ཀུན་སྤྱོད་ཅེས་སོགས་གང་བཏགས་ཀྱང་། དེ་ནི་བོད་སྐད་དུ་འཇིག་རྟེན་ཞེས་པ་དེ་ལས་གཞན་གང་ཡང་མ་རེད། སྤྱིར་ང་ཚོས་སོ་སོའི་ཐ་སྙད་ཀྱི་བང་མཛོད་རྒྱ་ཆེ་རུ་གཏོང་དགོས་ཀྱང་རིག་པའི་གཞུང་ལུགས་ག་གེ་མོ་དང་། ལོ་རྒྱུས་དེབ་ཐེར་ཁག་ཏུ་གསལ་བའི་བརྡ་ཆད་ལ་བརྩི་འཇོག་མ་བྱས་ན་དེ་ནི་སོ་སོས་སོ་སོའི་སྐད་ཡིག་ཉམས་པར་བཅུག་པ་རང་རེད། བེ་རོ་ཙཱ་ནའི་ཞལ་ནས་ཀྱང་། ཨེ་མ། ལྷ་ཆོས་ཐར་པ་བསྒྲུབ་པར་མ་ནུས་ཀྱང་།། མི་ཆོས་དྲང་པོ་ལུགས་བཞིན་སྤྱད་པ་ན།། མཐོ་རིས་ཐར་པ་ཐོབ་པར་ཐེ་ཚོམ་མེད།། མཐོ་རིས་ཐོབ་ན་ཐར་ལམ་སྐས་ཀ་ཡིན།། ཞེས་གསུངས་འདུག་པ་འདི་ལས་རྟོགས་ཐུབ། དེ་བཞིན་ཇོ་བོ་རྗེའི་མི་ཆོས་གནད་ཀྱི་ཕྲེང་བ་སོགས་སུ་གཟིགས་དང་།
འཇིག་རྟེན་གྱི་མི་ཆོས་དེ་ཆོས་ལུགས་ག་གེ་མོའི་བསླབ་བྱར་རག་ལས་པར་ལྟ་བ་འདི་བོད་དུའང་བྱུང་མྱོང་བ་དང་། དེའི་དབང་གིས་ཆོས་ལུགས་ལ་བསྙད་པའི་དམག་འཁྲུག་རྣོ་ངར་ཆེ་བ་དེ་འདྲ་བྱུང་ཡོད་མོད། སྲོང་བཙན་སྒམ་པོའི་སྐབས་ནས་ལྷ་ཆོས་དང་མི་ཆོས་ཀྱི་ཁྲིམས་གཞི་གསར་འཛུགས་མཛད་པ་སོགས་ནི་གཟི་བརྗིད་རེད། ཉེ་ཆར་༸གོང་ས་མཆོག་གིས་ཀྱང་ད་ལྟ་ཁོང་གིས་བཞེད་པའི་ཡོངས་ཁྱབ་ཀྱི་མི་ཆོས་ཞེས་པ་འདི་ནི་སྔར་སྲོང་བཙན་སྒམ་པོའི་སྐབས་སུ་བཅས་པའི་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་པའི་མི་ཆོས་དེ་དང་གཅིག་པ་ཡིན་པར་གསུངས་སོང་སྙམ།
མ་ཟད་རང་རེའི་ཁ་རྒྱུན་དུའང་དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་པའམ། ཆོས་དང་འཇིག་རྟེན་ཞེས་པ་གྲགས་པ་ཞིག་མིན་ནམ། དེ་བས་དེབ་འདིའི་མཚན་བྱང་ལ་བསམ་དུས་འགྲེལ་བཤད་མང་པོ་རྒྱག་དགོས་པའི་ཚིག་རྙོག་གསར་པ་དེ་འདྲ་མི་དགོས་པར་མཐོང་།
གོང་དཀར་ངག་རྣམ་གྱིས་གྲགས་ཅན་གྱི་དཔེ་དེབ་དེའི་ངོ་སྤྲོད་ཞེ་དྲགས་ཡག་པོ་བསྒྱུར་གནང་འདུག་པ་དེར་བཀྲ་ཤིས་བདེ་ལེགས་དང། ཁྱེད་ཉིད་ནས་ཀྱང་ད་དུང་དཔེ་དེབ་དེ་རང་ཉིད་ཀྱི་སློབ་སྦྱོང་ཞར་དུ་ག་ལེར་བསྒྱུར་ཐུབ་ན་དབྱིན་ཡིག་མི་ཤེས་པའི་བོད་རིགས་སེར་སྐྱ་ཡོངས་ལ་ཕན་ཐོགས་རླབས་པོ་ཆེ་ཞིག་ཡོང་རྒྱུ་ཡིན་པར་ངེས། འདི་ནི་དྲ་གྲོགས་ངས་རེ་སྐུལ་ཙམ་ཞིག་ཡིན་། །
བསྒྱུར་ཞེས་པ་དེའི་སྐབས་སུ་གཙོ་བོ་ནང་དོན་ལ་འགྱུར་བ་མེད་པར་གོ་སླ་བའི་ཚིག་སྦྱོར་གྱི་བཅིངས་དགོས་པ་གལ་ཆེན་མཐོང། དེང་སྐབས་གཞིས་བྱེས་གཉིས་སུ་ཤེས་ལྡན་བོད་མི་མང་དག་ཤིག་ནས་རྩོམ་བསྒྱུར་དང་དཔེ་དེབ་བསྒྱུར་བ་སོགས་མང་པོ་ཞིག་རིག་རྒྱུ་ཡོད་པ་རྣམས་ཤིན་ཏུ་ནས་དགའ་འོས་པ་ཞིག་རེད།
ང་ཚོས་འཛམ་གླིང་མི་རིགས་འདྲ་མིན་གྱི་རིག་གནས་བོད་ཡིག་ནང་དུ་ཚུར་བསྒྱུར་དགོས་པ་ཤིན་ཏུ་ནས་གལ་ཆེ། དེང་སྐབས་ང་རང་ཚོའི་སྤྱི་ཚོགས་ཀྱི་ནང་དུ་དབྱིན་ཡིག་དང་རྒྱ་ཡིག་གཉིས་ལས་བསྒྱུར་བ་ཞིག་མ་གཏོགས་སྐད་ཡིག་གཞན་ནས་བསྒྱུར་མཁན་ཤིན་ཏུ་ནས་དཀོན། སྤྱིར་བཏང་སྐད་ཡིག་གཞན་དུ་ཡོད་པའི་རིག་གནས་མང་བ་ཞིག་དབྱིན་ཡིག་ཏུ་ཡོད་ཀྱང། རྩོམ་དང་དཔེ་དེབ་དེའི་མ་ཡིག་དེ་ལས་བསྒྱུར་ཐུབ་ན་གོ་དོན་གྱི་ཐད་དང་གང་གིས་ཆ་ནས་ཀྱང་ཡག་པོ་ཡོད་པར་སྙམ།
ཡག་པོ་བསྒྱུར་གནང་འདུག །མུ་མཐུད་དུ་སྒྱུར་གནང་རོགས། ཁྱེད་ལ་ཕབ་སྒྱུར་གྱི་ཤེས་ཚད་ཧ་ཅང་ཚང་པོ་འདུག །སྐྱོན་ཆ་བྱུང་ཚེ་སྐབས་སྟོབས་ཀྱི་བསམ་འཆར་ཕུལ་ཆོག །
ལྷ་ལ་ལྷ་ཡི་ཚུགས་ཀ་ཡོད་དགོས་པ་དང་། མི་ལ་མི་ཡི་ཚུགས་ཀ་ཡོད་དགོས་པ་ནི་གནས་ལུགས་ངོ་མ་ཞིག་ཡིན་ལ། དོན་དངོས་དེ་ནས་བལྟས་ན་བསླུ་མེད་བསྙོན་མེད་ཀྱི་དམ་པ་ཞིག་ཡོད་པ་ནི་སྟོན་པ་༸ཏཱ་ལའི་བླ་མ་ཁོ་ན་ལས་ཧ་ཅང་དཀོན་ནོ་ཞེས་བདག་གིས་སྨྲ་བར་སྤོབས།
དྲ་གྲོགས་འགའ་ཤས་ཀྱི་དགོངས་ཚུལ་ལྟར་འཇིག་རྟེན་མི་ཆོས་ཞེས་བརྗོད་ན་བདེ་བར་མཐོང་བས་རྩོམ་སྒྲིག་པས་དེ་ལྟར་བཅོས་རོགས
སྒྱུར་མཆན་ཙམ་མ་ཟད་ངོ་སྤྲོད་ཀྱང་ཤིན་ཏུ་ཡག་པོ་བསྒྱུར་འདུག
བསྒྱུར་དུས་དང་པོ་བརྗོད་བྱའམ་རྗོད་པ་པོའི་ཀུན་སློང་དེ་གལ་ཤོས་དང་པོ་དང་།
གཉིས་པ་བོད་སྐད་ཀྱི་གཤིས་ལུགས་དེ་ལ་བསྟུན་དགོས་པ་དང་།
གསུམ་པ་འདིའི་ཨིན་སྐད་ཀྱི་སྐད་དོད་དེ་རེད་སྙམ། ངས་ནི་ཨིན་སྐད་ལ་ཡོད་པའི་དེབ་མིང་དེ་ཡང་བརྗོད་བྱ་དང་མི་མཚུངས་པ་ཅིག་རེད་སྙམ་ལགས།
བོད་སྐད་དུ་སྒྱུར་དོན་གཙོ་བོ་ནི། ཆོས་ཁས་མི་ལེན་གྱི་བོད་རིགས་ཚོས་དེབ་ཀྱི་ཁ་བྱང་བཀླགས་པ་ཙམ་གྱིས་མ་ཀློག་རང་ཀློག་ཆགས་པ་ཅིག་དགོས། དོན་མེད་བྱུས་གཏོགས་ཡིན་པ་འདྲ་དགོངས་དག་ཡང་ཞུའོ། །
༸ གོང་ས་མཆོག་གི་བརྩམས་གནང་མཛད་ཅིང་སྐུའི་གསུང་བསྒྱུར་བ་ཆེན་མོ་མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ཀྱི་བྲིས་པའི་ཕྱག་དེབ་གསར་པ་ཅན་འདི་ངས་ཉེ་བའི་ཆར་བལྟ་བཀླགས་རགས་ཙམ་ཞིག་ཟིན་པ་ཡིན།
ད་རེས་གོང་དཀར་ངག་རྣམ་ལགས་ཀྱི་འབད་བརྩོན་གནང་སྟེ་དུམ་བུ་གཅིག་དབྱིན་ཡིག་ནས་བོད་ཡིག་ཏུ་ཕབ་བསྒྱུར་གནང་བའི་མིང་ཚིག་དང་། ནང་དོན། གསལ་ཆ། ཚིག་སྦྱོར་སོགས་གང་སར་ངས་བལྟ་བཀླགས་བྱས་པའི་འཚོར་སྣང་དུ་ཧ་ཅང་གི་ཕབ་བསྒྱུར་ཚད་ལྡན་རང་ཆགས་འདུག
གོང་དུ་རྐམ་རྡོ་རྗེ་ལགས་ཀྱིས་དགོངས་ཚུལ་གསུངས་འདུག་ཀྱང་གོ་དོན་འོས་འཚམས་སུ་བསྒྱུར་ན་་་་ འཇིག་རྟེན་གྱི་མི་ཆོས་་་་་ཟེར་བ་དེ་ཏག་ཏག་རང་ཆགས་ཡོད། ད་དུང་ངའི་བསམས་ཚུལ་ལྟར་བྱས་ན་་་འཇིག་རྟེན་གྱི་ཞེས་དྲུག་པ་འབྲེལ་སྒྲའི་ཕྲད་འདི་མི་དགོས་པར་ཐད་ཀར་་་་་འཇིག་རྟེན་མི་ཆོས་་་་ཅེས་བྲིས་ན་འཚམས་པོར་མཐོང་།
ང་ཚོའི་གནའ་རབས་བོད་ཀྱི་ཤེས་རིག་ཁག་ལ་བལྟ་བཀླགས་ཡག་ཙམ་བྱས་མྱོང་ན་་་་་ལྷ་ཆོས་དང་མི་ཆོས་་་ཞེས་གཉིས་ཡོང་བཞིན་ཡོད། དཔེར་ན། ཆོས་ལུགས་ཐོག་ནས་བཤད་ན་མགོན་པོ་ཀླུ་སྒྲུབ་སོགས་ཀྱི་བརྩམས་པའི་ནང་བསྟན་ཆོས་ལུགས་ཁག་དང་ཡང་ཁོང་གིས་བརྩམས་པའི་བཤེས་སྤྲིངས་ལྟ་བུ།
དེ་བཞིན་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཁྲིམས་བཅད་སྐབས་སུ་ལྨ་ཆོས་དང་མི་ཆོས་གཉིས་ཀྱི་སྐོར་ལྟ་བུ། དེ་བཞིན་བོད་ཀྱི་གསོ་རིག་ནང་དམ་པ་ལྷ་ཡི་སྤྱོད་ཚུལ་དང་། འཇིག་རྟེན་མི་ཡི་ཆོས་ལུགས་ཞེས་གསལ་པོར་བྲིས་ཡོད་པ་རེད།
བྱས་ཙང་དེབ་འདི་བསྒྱུར་རིམ་ཐོག་ནས་བརྗོད་ཚེ་་་འཇིག་རྟེན་མི་ཆོས་་་་ཞེས་བྲིས་ན་སྔ་ཕྱིར་འོས་ཤོས་ཤིག་ཏུ་གྱུར་པ་རེད། གང་ལྟར་ཡི་རང་དང་བསྔགས་བརྗོད་ཡོད།
ངོ་ཤེས་མང་པོ་ཞིག་གིས་དེབ་འདི་ལག་ལ་བཟུང་ནས་ཡག་རབས་རྒྱན་རབས་མང་པོ་གསུངས་དུས་ག་རེ་གསུངས་བཞིན་འདུག ཅེས་གུས་པའི་ཡང་ཡང་འདྲི་རྒྱུ་བྱུང་ཡང་། བསྒྱུར་ཡིག་འདི་ལྟ་བུའི་གོ་བརྡ་སུས་ཀྱང་སྤྲོད་ཐུབ་མ་སོང་ལ་ཐ་ན་ཆོས་དང་མ་འབྲེལ་བའི་ཀུན་སྤྲྱོད་དམ་བཟང་སྤྱོད་སོགས་ཟེར་ཡང་ནང་གི་དོན་ཚན་རེ་གཉིས་ལ་དམིགས་བཙུགས་ནས་འདིར་ག་རེ་གསུངས་ཀྱི་འདུག་ཞུ་དུས་ཆོས་རང་གི་འབྲེལ་བཤད་སྐྱོན་ཏེ་ངས་ཀྱང་གོ་ཐོས་རྣ་ཐོས་བྱུང་བའི་སྦྱིན་པ་སྙིང་རྗེ་སོགས་ཀྱི་སྐོར་བཀའ་གནང་གི་འདུག་པས་གང་ཡིན་ན་བསམ་སོང་།
དེ་རིང་འདིར་འགྱུར་ཡག་པོ་འདི་མཐོང་བས་དངོས་ནས་བསམ་བློ་ལ་ལམ་ཁ་འདྲ་ཞིག་བསྟན་སོང་ཟེར་ཡང་རྫུན་མིན་པ་འདྲ་ཞིག་བྱུང་བས་ལོ་ཙཱ་བ་མཆོག་ནས་དེབ་འདི་ཆ་ཚང་ཞིག་བསྒྱུར་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན།
Beyond Religion = ཆོས་གཞུང་དང་མ་འབྲེལ་བའི་བཟང་སྤྱོད།
Ethics For A whole World = འཛམ་གླིང་ཡོངས་ལ་ཁྱབ་དགོས་པའི་བཟང་སྤྱོད།
ཆོས་གཞུང་དང་མ་འབྲེལ་བའི་འཛམ་གླིང་ཡོངས་ལ་ཁྱབ་དགོས་པའི་བཟང་སྤྱོད།
མི་ཆོས་ཞེས་པ་དོན་འགྱུར་ལ་མི་ཐད་པ་མེད་ཀྱང་། ཆོས་དང་མ་འབྲེལ་བར་ཤོད་སྐབས་སུ་མི་ཆོས་ཞེས་ཆོས་ཀྱི་ཚིག་ཡོད་ན་ནོར་ཉེ་ཆེ་བ་ཡོད།
Dekhang Samsang ངོ་དེབ་ཐོག་བྱུང་བའི་བསམ་ཚུལ།
Secular ཞེས་པ་དེ་ཆོས་ལུགས་གཅིག་རང་ལ་ཞེན་ཁོག་མ་བྱེད་པར་ཆོས་ལུགས་ཡོངས་ལ་མཐུན་བསྒྲིལ་དང་གུས་བརྩི་བྱེད་པའི་ལུགས་གཅིག་དང། ཡང་ཆོས་དང་འབྲེལ་མེད་ཀྱི་ལུགས་འདོད་མཁན་གཉིས་ཡོད། དེ་ནི་གཙོ་བོ་དད་ཞེན་གྱི་སྒོ་ནས་མ་འཇོག་པར་སྲིད་གཞུང་གི་བྱ་བའི་ནང་ཐེ་ཇུས་ཡོད་མེད་ཀྱི་སྐོར་ནས་འཇོག་གི་ཡོད། སྲིད་གཞུང་གི་བྱ་བར་ཆོས་ལུགས་ཀྱི་ཐེ་ཇུས་ཡོད་པ་ནི་བོད་ལྟ་བུ་རེད། secularཡིན་ཟེར་མཁན་རྒྱལ་ཁབ་ནང་ཆོས་ལུགས་ཚང་མར་འདྲ་མཉམ་གྱི་འདུ་ཤེས་འཛིན་རྒྱུ་གལ་ཆེན་པོ་བརྩི་གི་ཡོད་པས། ཆོས་ལུགས་ལ་འབྲེལ་བ་མེད་པ་དེ་འདྲ་རྩ་ནས་མ་རེད། ཆོས་ལུགས་ཀྱི་མིང་ཐོག་ནས་ཆབ་སྲིད་ཚོགས་པའང་བཙུགས་ཡོད། Secularཡི་དོན་ངོ་མ་ནི་ཆོས་ལུགས་དང་། དགོན་པ། བླ་བྲང། བླ་མ་སོགས་ཀྱིས་ཆོས་ལུགས་ཀྱི་གོ་ཐོབ་བེད་སྤྱད་ནས་སྲིད་གཞུང་ལ་དབང་མ་བསྒྱུར་བའི་དོན་ཡིན།
ཆོས་ལུགས་ལ་དད་མོས་དང་འབྲེལ་བ་ཡེ་ནས་མེད་ན་དེར་Atheistཞེས་བརྗོད།
སྐབས་བབ་ལ་འཇིག་རྟེན་མི་ཆོས་ཞེས་བརྗོད་སྐབས་Secular འདོད་ཚུལ་གཉིས་ཀའི་དོན་འགྲེལ་ཐུབ། རྩ་བའི་ལྟ་གྲུབ་ཀྱི་ཆ་ནས་ལོ་ངོ་སྟོང་ཕྲག་གི་གོང་དུ་གྷི་རི་སིའི་ཡུལ་དུ་Churchཡིས་དབང་སྒྱུར་ཤུགས་ཆེ་བྱས་པར་བརྟེན་དྲན་རྒྱུ་རྒོད་པའི་Plato སོགས་ཀྱིས་རྣམ་གཞག་འདི་ཚོ་བཟོས་པ་ཞིག་རེད། ད་དེ་ཚོ་ལབ་ན་ཡིག་རྙོགས་མང་བར་དྭོགས།
བདག་གིས་ཆེས་མངོན་པར་བསྟོད་པ་མ་ཧཱ་པཎ་ཊི་ཏས་Ethicལ་བཟང་སྤྱོད་ཅེས་གསུངས། མི་ཆོས་ཞེས་པ་ནི་སྐབས་འདིའི་གོ་དོན་ལ་སྦྱར་རུང་བ་ལས་དོན་ཐམས་ཅད་ལ་སྦྱར་རུང་བ་མིན། དཔེར་ན་ལྷ་ཆོས་ཀྱི་ནང་དུ་ཡང་བཟང་སྤྱོད་ཀྱི་ཆ་རྒྱ་ཆེ་བ་ཡོད་པས་དེ་མི་ཆོས་རེད་ཟེར་ས་མི་འགྲོ། སྐབས་བབ་ཀྱི་Ethicའདིས། ཆོས་ལུགས་དང་འབྲེལ་བ་ཡོད་མེད་ཇི་ལྟར་ཡང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ལྷན་སྐྱེས་ཀྱི་བཟང་ངན་རྣམ་འབྱེད་ཀྱི་ལེགས་པའི་ཆ་ཞིག་ཡོད་པ་དེར་གོ་དགོས་ཀྱི་ཡོད་པས་མི་ཆོས་ཞེས་བརྗོད་ན་མི་འོས་པ་མེད། ཀུན་སྤྱོད་ལ་morality ཞེས་འབོད་ན་འཚམས་པ་མེད་དམ།
ཁོ་བོའི་ངོ་དེབ་ཐོག་བྱུང་བའི་བསམ་ཚུལ།
འདོན་མཁན། བདེ་ཁང་བསོད་ནམས་བཟང་པོ།
དེབ་ཀྱི་མཚན་བྱང་བསྒྱུར་སྟངས་ཐད་དགོངས་ཚུལ་དཔེ་མི་སྲིད་ཡག་པོ་འདུག རྒྱབ་སྐྱོར་ཡོད།
དེ་ནས་གནས་ཚུལ་གཞན་ཞིག་ལ་དེབ་དེའི་ནང་དོན་གཙོ་བོ་ནི་ཆོས་ལུགས་ལས་བརྒལ་བའི་བཟང་སྤྱོད་ཀྱི་སྐོར་ཙམ་མིན་པར། ཆོས་ལུགས་ཐུན་མོང་ལ་ཡོད་པའི་བཟང་སྤྱོད་ཀྱི་སྐོར་གསུངས་ཀྱི་ཡོད་རེད་དྲན། དེ་ནི་དབྱིན་སྐད་ནང་secular ethics ཞེས་པ་དེ་རེད།
ཉེ་བའི་འཆར་བོད་ཁྱིམ་དུ་༸བཀའ་ཆོས་གནང་སྐབས་Beyond Religion ཞེས་པ་དེ་པར་སྐྲུན་ཁང་ནས་བཏགས་པ་ཞིག་རེད། ངོས་ཀྱིས་བཤད་པ་ནི་Secular Ethics དང་འབྲེལ་བའི་བཟང་སྤྱོད་ཀྱི་སྐོར་ཡིན་ཞེས་གསལ་པོ་གསུངས་སོང།
གང་ལྟར་ཀྱང། Beyond Religion ཞེས་པའི་མཚན་བྱང་དེས་ཀྱང་འཛམ་གླིང་ནང་སྔར་མ་གྲགས་པའི་མཚན་སྙན་ཞིག་བྱུང་སོང་བས་དེ་ཡང་མ་འགྲིག་ལྷུན་གྲུབ་འདྲ་པོ་རེད།
Beyond Religion ཞེས་པ་དེ་ཕྱི་གླིང་བའི་སེམས་ཁམས་ལ་ཆར་བ་ཆུ་གྲོགས་ལྟ་བུ་རེད། གལ་ཏེ་བོད་མིའི་སེམས་ཁམས་དང་སྦྱར་ན། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཞེས་པ་ལྟར། འཇིག་རྟེན་མི་ཆོས་ཞེས་འདོགས་པར་འོས། གྱི་སྒྲ་དེའང་མི་དགོས་པར་གྱིས།
འདི་ནི་ཕྲན་གྱི་བསམ་ཚུལ་ཡིན།
ཡག་པོ་རེད། ད་དུང་འབད་པ་སྐྱེད།
གླེང་བརྗོད་ཧ་ཅང་ཡག་པོ་བསྒྱུར་འདུག་ལ་དེ་བཞིན་དེབ་གྱི་མཚན་བྱང་ཡང་འཇིག་རྟེན་མི་ཆོས་ཅེས་སུ་བཏགས་ན་དེ་བས་འཚམས་པོ་འདུག་ལ་དེའི་རྒྱབ་ལྗོངས་སུ་སྔར་སྲོང་བཙན་སྒམ་པོའི་དུས་ལ་ཡང་བོད་དུ་ཆོས་ལུགས་གཉིས་ལས་མེད་ཡང་ན་རྒྱལ་ཁྲིམས་སུ་དམ་ལྷ་ཆོས་དང་། འཇིག་རྟེན་མི་ཆོས་ཞེས་མི་འགྱངས་རིང་བའི་ཚིག་བརྗོད་གཏན་ལ་འབེབས་ཡོད་པས་དེང་ས་ཡི་གོ་ལ་ནི་དེ་བས་ཆུང་དུ་འགྲོ་ཞིང་ཡོད་ན་འགྲོ་བ་མི་རྣམས་ཀྱིས་ཀུན་སྤྱོད་ཡར་རྒྱས་ཡོང་འགྱུར་ཕྱག་དེབ་གྱི་དགོངས་གཞི་མཚུངས་པའི་ཐ་སྙད་ཞིག་འདུག་ན་བསྔགས་བརྗོད་ཡོད་དོ།།