ཤར་ཕྱོགས་ཁུག་རྟ།
ཟླ་བ་དྲུག་པ་འདིའི་ཚེས་ ༡༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱར། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་ཀོ་རི་ཡར་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐེངས་༢༦ པར་ལྷན་ཞུགས་གནང་གི་ཡོད་པ་དང་། སྐབས་དེར་རིན་པོ་ཆེ་མཆོག་ཆོས་ལུགས་འཐུས་མི་མང་པོར་མཇལ་འཕྲད་གནང་འཆར་ཡོད་པའི་གསར་འགྱུར་ཐོན་པ་རེད། རིན་པོ་ཆེ་མཆོག་བཀའ་ཁྲིའི་མཛད་ཁུར་འཁྱུར་ནས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་བསྟུན་མར་འཛམ་གླིང་གང་སར་ཕེབས་བཞིན་པ་ནི་བོད་ཕྱི་ནང་གཉིས་སུ་༧རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ལྟ་བུར་ངོས་འཛིན་གནང་བཞིན་པ་དང་། དངོས་ཡོད་དང་རིག་པ། རྒྱུ་མཚན་ཡང་དག་སོགས་ཕྱོགས་གང་ནས་བལྟས་ཀྱང་༧རྒྱལ་བ་རིན་པོ་ཆེར་ངོམས་སུ་རུང་བའི་མི་ཞིག་ཡོད་པ་ནི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མ་གཏོགས་སུ་ཞིག་ཡོད་ཨང་།
དངོས་ཡོད་དེའི་དབང་གིས། ཕྱི་ཚེས ༡༣ ཉིན་རྒྱ་ནག་ནས་ཕེབས་པའི་ནང་པའི་ཆོས་ཚོགས་ཀྱི་སྐུ་ཚབ་ཚོ་རྒྱ་ནག་གཞུང་གི་རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཡང་རྒྱུད་ལམ་དེ་ག་རང་དུ་ཐོན་པ་རེད། མཁྱེན་ལྡན་ཀུན་གྱིས་དེ་མ་ཐག དེ་ནི་ཆབ་སྲིད་ཀྱི་གནད་དོན་གཅིག་པུ་མིན་པར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་དང་གྲོས་རྭ་གཅིག་ཏུ་དབང་བ་ཡིན་ན། རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐད་དྲང་བདེན་མིན་པའི་སྲིད་བྱུས་ཉག་ཅིག་ལག་བསྟར་བྱེད་ཀྱི་ཡོད་པའི་པགས་པ་བཤུ་ངེས་པའི་རྒྱུ་མཚན་རིག་པའི་གཏན་ཚིགས་ལ་ཞེད་ནས་ཕྱིར་འཐེན་བྱས་པ་རེད་ཅེས་གླེང་སློང་ཚ་ཚ་འུར་འུར་གནང་།
ཡིན་ནའང་། ཡ་མཚན་པ་ཞིག་ལ་ཆོས་རིག་བཀའ་བློན་བགྲེས་སོང་པད་མ་ཆོས་འབྱོར་ལགས་ནས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་དེ་བཞིན་དུས་བབ་གསར་འགོད་པར། ཕལ་ཆེར་རིན་པོ་ཆེ་མཆོག་ཀོ་རི་ཡར་ཕེབས་ཡོད་མེད་ཀྱང་གསལ་བོ་མ་ཤེས་པ་ལྟ་བུའི་བཀའ་གནང་འདུག རྒྱུད་ལམ་ཁག་ཏུའང་དེའི་ཐད་གསལ་ཁ་མེད་པའི་གླེང་སློང་སྣ་མང་བྱེད་བཞིན་སྟབས། ཁོ་བོས་ཚོགས་ཆེན་དེའི་ཚོགས་གཙོ་དང་སྤྱི་ཁྱབ་དྲུང་ཆེས་བོད་མིའི་སྐུ་ཚབ་ཚོར་ཆེད་མངགས་སྣེ་ཤེན་པར་མངགས་པ་རྣམས་དང་འབྲེལ་བ་ཞུས་པ་ཡིན། སྐབས་དེར་ཆོས་ཚོགས་དེའི་ངོ་བོའི་གྲུབ་སྟངས་ནས་ཀོ་རི་ཡར་བྱུང་བའི་གནས་ཚུལ་རྣམས་ལ་རྒྱུས་མངའ་བྱུང་།
དངོས་གནས་བྱས་ན། འཛམ་གླིང་ནང་པའི་ཆོས་ཚོགས་ནི་ནང་པའི་ཆོས་ཀྱི་སྒྲིག་འཛུགས་བྱེ་བྲག་པ་རྣམས་མཉམ་འདུས་ཀྱིས་གྲུབ་པ་ཞིག་དང་། དེའི་ཚོགས་མིའི་ཁོངས་ཡུལ་ལུང་གཅིག་གི་ཆོས་ཚོགས་དུ་མ་མཉམ་ཞུགས་གནང་ཐུབ་འདུག་ལ། ད་དུང་སྤྱིའི་སྒྲིག་འཛུགས་ལ་རྩ་ཁྲིམས་ཀྱང་གཏན་འབེབས་གནང་འདུག ང་ཚོའི་ཆོས་རིག་ལས་ཁུངས་ཆོས་ཚོགས་ཤིག་གི་ངོ་བོའི་ཐོག ༡༩༦༧ ལོར་འཛུལ་ཞུགས་གནང་འདུག་པ་དང་། དེའི་ཚོགས་མིའི་ཁོངས་ཚུད་རྗེས་ཚོགས་ཆེན་སྐབས་ཚོགས་ཞུགས་པ་ ༢ དང་ཟུར་ཉན་པ་ ༣ གྱི་ཐོབ་ཐང་ཡོད་པ་ཁྲིམས་ཐོག་ཁ་གསལ་བཟོས་འདུག རྒྱུ་མཚན་དེའི་ཆ་ནས་འཛམ་གླིང་ནང་པའི་ཆོས་ཚོགས་ཀྱི་གྲུབ་ཆར་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་ཚོགས་མི་མེད་པ་ཆོས་ཕྱོགས་ཀྱི་དགོས་དབང་གིས་དང་པོ་ནས་གསལ་བཟོ་ཟིན་འདུག ཡིན་ནའང། སྐབས་མཚམ་སོ་སོར་སྐུ་མགྲོན་དུ་སུ་ཞིག་གདན་འདྲེན་ཞུ་མིན་དང་དེའི་ལས་དོན་གནང་ཕྱོགས་གོ་སྒྲིག་ཚོགས་ཆུང་ནས་གཟིགས་རྒྱུ་ལས་ཁྲིམས་ཐོག་ལམ་སྟོན་མི་འདུག
རྒྱུ་མཚན་དེས་ཀོ་རི་ཡའི་ཆོས་ཚོགས་གོ་སྒྲིག་ཚོགས་ཆུང་ནས་༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་མགྲོན་དུ་གདན་ཞུའི་མགྲོན་ཤོག་ཕུལ་བ་དང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་ཚབ་ཏུ་ཕེབས་ཀྱི་ཡོད་པ་ཀོ་རི་ཡར་གནས་ཚུལ་འབྱོར་མཚམས། ཁོང་ཚོས་རིན་པོ་ཆེ་ཉིན་ཁ་ཤས་ཀྱི་སྔོན་དུ་ཕེབས་ནས་གཙུག་ལག་སློབ་གཉེར་ཁང་སོགས་སུ་སྟབས་གཅིག་བཀའ་སློབ་གནང་རྒྱུར་རེ་བ་ཤིན་ཏུ་ཆེན་པོ་གནང་ཡང་། མཐོང་ཆེན་འགོར་འགྱང་གིས་ཚོགས་ཆེན་གྱི་སྐབས་མཚམས་མ་གཏོགས་ཆིབས་བསྒྱུར་གནང་ཐུབ་མི་འདུག ལྡི་ལིར་ཡོད་པའི་ཕྲན་གྱི་གྲོགས་པོས་བརྗོད་ན། ལྡི་ལི་དོན་གཅོད་ནས་གནམ་ཐང་བར་རིན་པོ་ཆེ་དང་ཆོས་རིག་བཀའ་བློན་གཉིས་ཕེབས་གྲུ་གཅིག་པ་ཙམ་དུ་མ་ཟད་གནམ་གྲུའང་གཅིག་པ་ཡིན་འདུག
རིན་པོ་ཆེ་མཆོག་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་ཕེབས་ཀྱི་ཡོད་པའི་གནས་ཚུལ་ཀོ་རི་ཡར་ཐོན་རྗེས། ཀོ་རི་ཡའི་གསར་འགྱུར་རྒྱུད་ལམ་ཁག་སྤྱད་རྒྱ་གཞུང་གིས་དགག་པ་ཚ་མནན་རྒྱབ་འདུག་ཀྱང་། རིན་པོ་མཆོག་ལ་མཐོང་ཆེན་སྤྲད་པ་ནི་བོད་ལ་རྒྱབ་སྐྱོར་ཚད་ལྡན་བྱས་པའི་རྣམ་འགྱུར་ཧ་ཅང་གསལ་བོ་ཞིག་རེད། རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཚོགས་འཐུས་མི་དང་། དེ་བཞིན་ཧི་མ་ཡའི་ཆོས་ཚོགས་འཐུས་མི་བཅས་ལ་ཚོགས་འདུར་བཅར་མི་ཆོག་པ་བཟོ་རྒྱུར་གོ་སྒྲིག་ཚོགས་ཆུང་ལ་གནོན་ཤུགས་སྤྲོད་སྐབས། ཆོས་ཚོགས་ཀྱི་རྩ་ཁྲིམས་སོགས་རྒྱུ་མཚན་འདྲེན་རྒྱུ་ཡོད་སྟབས་ཚོགས་ཐུན་ཁ་ཤས་མ་གཏོགས་རྙོག་དྲ་བཟོ་ཐུབ་མེད་ཀྱང་། ཆོས་རིག་བཀའ་བློན་མཆོག་ལ་ཨ་རིར་གང་མགྱོགས་འགྲོ་དགོས་པའི་ལས་ཀ་ཞིག་ཀྱང་ཐོན་པ་འདྲ། གང་ལྟར་མི་རིགས་དང་རྒྱལ་ཁབ་ཀྱི་སྐུ་ཚབ་མེད་པ་འདི་ལས་ང་ཚོས་གསལ་བོ་ཤེས་ཐུབ་པ་ཞིག་ནི། ཆོས་ཚོགས་ཀྱི་ངོ་བོ་དང་དེའི་རྩ་ཁྲིམས་སོགས་ལ་ཆོས་རིག་བཀའ་བློན་སོགས་ཐུགས་རྒྱུས་མེད་དབང་གིས་ཅུང་ཙམ་མིན་ན་རྦད་དེ་ཆོས་ཚོགས་ནས་ཕྱིར་ཐོན་དགོས་ཆགས་འདུག
ཡིན་ནའང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་མགྲོན་གྱི་ངོ་བོར་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་ཕེབས་ཡོད་པ་དང་། རྒྱ་གཞུང་གི་གནོན་ཤུགས་དང་གོ་སྒྲིག་ཚོགས་ཆུང་གི་བར་ལ་གླེང་རྙོག་རིམ་པར་བྱུང་རྗེས། མཐའ་མ་དེར་རིན་པོ་ཆེ་མཆོག་ཚོགས་ཆེན་དུ་ཕེབས་པ་ཡིན་ན། ཚོགས་ཆེན་གྱི་ཚོགས་གཙོ་དང་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་ཚོགས་ཆེན་དུ་བཅར་མི་ཐུབ་རྒྱུའི་གནས་བབ་བཟོས་པ་དང་། གལ་སྲིད་དེ་ལྟར་བྱུང་ན་ཚོགས་ཆེན་ཚོགས་མི་ཐུབ་པར་བརྟེན་རིན་པོ་ཆེ་ཕྱིར་འཐེན་གནང་འདུག འོན་ཀྱང་ཚོགས་འདུ་ཙམ་མ་གཏོགས། ཞལ་ལག་གི་སྐབས་དང་བར་གསེང་བཅས་སུ་ཧོང་ཀོང་དང་སིང་ག་པོའི་མིན་པའི་འཐུས་མི་མང་ཆེ་བ་རིན་པོ་ཆེའི་སར་ཆེད་བཅར་གྱིས་མཇལ་འཕྲད་ཞུས་འདུག
དངོས་ཡོད་རྒྱུ་མཚན་འདི་རྣམས་བོད་མི་རྣམས་ཀྱིས་གསལ་རྟོགས་འབྱུང་ཕྱིར་དང་། ལྷག་དོན་བོད་ལ་ཆག་ཆེ་ཉམས་ང་རྦ་རླབས་བཞིན་བརྡོལ་བའི་སྐབས་འདིར་སྤྱི་མཐུན་བསོད་ནམས་གོང་མཐོར་གཏོང་རྒྱུ་ནི་གནད་ཀྱི་འགག་རྩ་ཡིན་གཤིས། བོད་ཀྱི་བསྟན་སྲིད་སྲི་ཞུར་༧རྒྱལ་བ་གཉིས་པ་ལྟར་བཀའ་དྲིན་བླ་ལྷག་ཏུ་མཐོ་བ་རིན་པོ་ཆེ་ལྟ་བུར་ཕྱོགས་ལྷུང་གཡོན་མའི་ངག་གིས་སྐུར་འདེབས་བྱེད་པ་ནི་ཆོས་དང་འཇིག་རྟེན། གཞི་རིམ་བཟང་སྤྱོད་དང་བཅས་པར་རྩ་འགལ་ཡིན་སྟབས་དོན་དངོས་ཀྱི་ཆ་ཅུང་ཙམ་མི་བརྗོད་ཐབས་མེད་དུ་གྱུར།།
༢༠༡༢། ༦། ༢༤། ཉིན།
གང་ལྟར་གནས་ཚུལ་དངོས་ཡོད་གསལ་བོ་ཞིག་བརྗོད་འདུག་པ་ཡག་པོ་རེད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤྱིར་འདི་ལ་གཏམ་ཡ་མ་བརླ་མང་པོ་ཐོས་པ་དང་མཐོང་བ་སོགས་ཀྱིས་མི་རྣམས་ཚ་ཚ་འུར་འུར་བྱས་འདུག་པ་བཞིན། ས་ཁུལ་འདི་ཕྱོགས་ནས་ཀྱང་གཏམ་འཆལ་འདྲ་མིན་འབེབ་བཞིན་པའི་སྒང་འདིར། ཁྱོད་ཀྱིས་རིན་པོ་ཆེ་མཆོག་གི་སྐུ་དངོས་ཐུགས་བསྐྱེད་ཀྱི་བྱིན་རླབས་ལ་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་རྩོམ་ཡིག་འདི་སླེབས་པ་ལ་དགའ་སོང་། དྲ་འབུ་དག་ལ་ཁ་ཡ་བྱེད་དགོས་དོན་མེད།
འདི་ན་དེ་འདྲ་ཞིག་འདུག་གདའ། ཚང་མས་གསན་རོགས།
ཕྱི་ཚེས ༡༩ ཉིན་བཀའ་བློན་པད་མ་ཆོས་འབྱོར་ལ་ཁམས་སྐད་སྡེ་ཚན་གྱིས་བཅའ་འདྲི་ཞུས་པའི་ནང་དུ།
དྲི་བ། ད་རེས་ཀྱི་ཚོགས་འདུ་དེ་དང་རིན་པོ་ཆེ་ལགས་ཀོ་རི་ཡར་ཕེབས་པ་གཉིས་ལ་འབྲེལ་བ་མེད་པ་རེད་དམ།
བཀའ་བློན། གང་ལྟར་རིན་པོ་ཆེ་ཕ་གི་ལ་ཕེབས་པ་དེ་ངོ་བོ་ག་འདྲ་ཞིག་གི་ཐོག་ནས་ཕེབས་པ་ཡིན་དེ་ངས་ཞུ་ཚོད་ཐིག་གི་མ་རེད་པཱ། རིན་པོ་ཆེ་མཚན་སྙན་གྲགས་ཆེན་པོ་རེད། གཙུག་ལག་སློབ་ཁང་རེད། བླ་ཆེན་དེ་འདྲ་ལ་མཇལ་འཕྲད་གནང། གསུང་བཤད་གནང་ཡོད་པ་རེད་མ་གཏོགས། ཚོགས་འདུའི་དུས་ལ་རིན་པོ་ཆེ་མགོ་ནས་གཞུག་བར་དུ་རྩ་བ་ནས་ཞབས་བཅར་གནང་ཡོད་པ་མ་རེད། ཚོགས་འདུ་དེ་དང་འབྲེལ་བ་ཡོད་པ་ཡིན་ན། ཚོགས་འདུ་དེའི་ནང་རྩ་བ་ནས་ཕེབས་ཡོད་པ་མ་རེད།
སྐུ་ངོ་ཐུགས་རྗེ་ཆེ། ལགས་སོ་ཐུགས་རྗེ་ཆེ།
སྤྱིར་འཛམ་གླིང་སྤྱི་འགྲོས་ལྟར་བྱས་ན། དྲ་འབུའི་ལམ་ནས་རང་མིང་འདོན་མི་ཐུབ་མཁན་རྣམས་ནི་གད་སྙིགས་ཀྱི་གྲས་སུ་བརྩི་སྲོལ་ཡོད་པ་ལྟར། རྒྱ་ནག་དང་ཨ་རི་སོགས་སུ་དྲ་འབུའི་རིགས་འདི་གད་སྙིགས་སུ་འཕེན་པའི་གོམས་སྲོལ་ཆགས་ཟིན་པ་རེད། ཡིན་ནའང། བོད་དང་དེ་ལས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན་དྲ་བའི་གླེང་སྟེགས་འདི་སྟོང་ལོ་གསར་པ་ཚེས་ནས་བྱུང་བ་ཡིན་སྟབས། དུས་ཡུན་ཅང་མ་འགོར་བར་ཁ་འཕང་ནས་ངས་ཀྱང་དྲ་འབུ་དག་ལ་ལན་ཅུང་ཙམ་བཟློ་ན་བསམས།།
༡ ངས་རིན་པོ་ཆེ་མཆོག་ཅིའི་ཕྱིར་ཀོ་རི་ཡའི་ཆོས་ཚོགས་སུ་ཕེབས་མ་ཐུབ་པ་དང། ངོ་བོ་ཅི་ཞིག་གི་ཐོག་ཕེབས་པ། དེ་དང་འབྲེལ་ནས་འཛམ་གླིང་ནང་པའི་ཆོས་ཚོགས་འདིའི་གྲུབ་སྟངས་ཚོགས་ལུགས་དང་བཅས་པ་རོབ་ཙམ་ངོ་སྤྲོད་བྱས་པ་འདིས་མི་རྣམས་ཀྱི་གཉིད་སད་པའི་རྟགས་མཚན་མངོན་གྱུར་ལ་སོང། བདེན་པ་བརྗོད་པའི་སྤོབས་པ་དེ་དེ་བས་ཀྱང་རི་བོ་རྡོ་ལ་རྡིར་གྱི་གངས་བྲག་བརྩེགས་མའི་རི་རྩེ་ནས་ཇོ་མོའི་གླང་མའི་རྩེ་རུ་སླེབས་སོང་ཞེས་ན་རྫུན་དུ་འགྲོ་ས་མ་རེད།
༢ སློབ་དཔོན་ཟམ་གདོང་རིན་པོ་ཆེས་བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་ཆགས་འཇིག་གི་སྐབས་མཚམས། སྟོན་མཆོག་༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་སྲས་ཀྱི་ཐུ་བོ་བདག་གིར་བཞེས་ནས། བསྟན་སྲིད་སྐྱོབ་པའི་མཛད་འཕྲིན་ནང་༧རྒྱལ་བ་རང་ལྟར་གྱི་མཛད་རྣམ་བསྐྱངས་དང་སྐྱོང་བཞིན་པ་ཉི་ཤར་སྤར་མོས་ཁེབས་ཐབས་བྲལ་གཤིས། ངེད་ལ་སེང་གེ་ངོ་མའི་ངར་སྐད་བསྒྲགས་པ་ལྟར་༧རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ཞེས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཚིག་འགྲོས་འདིར་དྲངས་ཏེ་བློ་ཐག་ཆོད་པོས་བརྗོད་སྤོབས་སྐྱེ་བ་དེ་རེད།
༢ གནས་ཡུལ་རྒྱ་གར་གྱི་ས་ཐོག་ཏུ་འཁོད་པའི་སྐྱབས་བཅོལ་འཚོ་བའི་འགོ་ཚུགས་པ་ནས་བཟུང། བོད་ཀྱི་ཆོས་རིག ཤེས་ཡོན། རྩ་ཁྲིམས། འཛིན་སྐྱོང། བོད་རྒྱའི་འབྲེལ་ལམ་དང་བཅས་པར་བྱས་རྗེས་རླབས་ཆེན་བཞག་ཡོད་པས་མ་ཟད། འཇིག་རྟེན་ཡོངས་གྲགས་ཀྱི་ཆེ་རྒུ་རྣམས་ཀྱི་དབུས་སུ་གནད་དོན་གང་ཅིར་བགྲོ་ལ་ཅི་མི་སྙམ་པའི་མཁྱེན་དཔྱོད་གཟི་དཔལ་འབར་བ་ཞིག་ཡོད་སྟབས། དེང་གི་ནོ་ཝེ་ཞི་བདེའི་དེད་དཔོན་རྣམས་ནས་ཀྱང་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་མཁྱེན་དཔྱོད་གཟིགས་རྒྱང་ལ་ཤེས་ནས་མགོ་བོ་དབང་མེད་དུ་བཀུག་ནས་རབ་ཏུ་མཆོག་ཏུ་བརྩི་བཀུར་བྱེད་བཞིན་ཡོད། ཡིན་ནའང། སློབ་དཔོན་ཁོང་གི་མཛད་པ་གནང་སྟངས་ནི། ཁྱབ་བསྒྲགས་དང་གཏམ་གྲགས་ཁོ་ན་དོན་དུ་གཉེར་བའི་དེང་དུས་སྲིད་དོན་པར་གྲགས་པ་རྣམས་དང་ཡེ་ནས་འདྲ་བོ་མེད་སྟབས། འཇིག་རྟེན་འདིར་ཁོང་ལ་འབུལ་གཏན་འཁེལ་བའི་གཟེངས་རྟགས་དང་མཁས་པའི་དབང་པོའི་ཕྱག་ཁྱེར་སོགས་མང་པོ་ཞིག་དམིགས་མེད་དབྱིངས་སུ་བསྟིམས་ཡོད་པ་རྣམས་དྲ་འབུ་ཕྱོགས་ལྷུང་ཅན་རྣམས་ཕར་ཟད། བོད་མི་གཞན་རྣམས་ལའང་རྒྱུས་མངའ་མེད་ཤེས་ཆེ་བ་ནི་ཅི་འདྲའི་ཕང་སེམས་གཟུང་དུ་མེད་པ་ཞིག་མ་རེད་དམ།
༤ དབུས་བོད་མིའི་སྒྲིག་འཛུགས་ཁྲིམས་ཀྱིས་དབང་བསྒྱུར་བ་དང་མང་གཙོའི་ལམ་དུ་ཤར་བསྐྱོད་བྱས་པ། བོད་ཀྱི་ཆོས་བརྒྱུད་རྣམས་ཀྱི་སྒྲིག་འཛུགས་སྲ་བརྟན་ཡོང་ཆེད་བསྟན་པ་དེ་འཛིན་དང་བཅས་པར་གདམས་པའི་ལེགས་བཤད། ༧གོང་ས་མཆོག་གི་སྲིད་དབང་རྩིས་སྤྲོད་བདེ་ལེགས་ངང་འགྲུབ་བཞིན་པ། ༧གང་གི་ཡང་སྲིད་ཕྱི་མ་རྣམས་ཀྱི་ཕེབས་ཕྱོགས། བོད་རྒྱའི་འབྲེལ་མོལ་བརྒྱུད་དངོས་ཡོད་དང་མཐུན་ལ། རྒྱུ་མཚན་ཚད་ལྡན་གྱིས་བོད་མི་རྣམས་ཀྱི་མངོན་འདོད་ཅི་ཡོད་འཇིག་རྟེན་ཧྲིལ་བོར་མངོན་སུམ་མཛད་པ་བཅས་ཀྱི་འཕྲིན་ལས་ཀྱི་ཆ་ཕྲ་མོ་ཙམ་ཞིག་ཡིད་ལ་ཤར་སྒོམ་བྱས་པས་ཀྱང། ༧རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ལྟར་བྱོན་པ་རིག་པའི་སྒྲུབ་བྱེད་རྦབ་ཆུ་བཞིན་འབབ་པ་འདི་ནི་བདེན་པ་རྣམ་པར་རྒྱལ་བའི་གཟི་མདངས་དངོས་དེ་རེད།
༥ ལར་ནས་ཡུན་རིང་ཁོ་བོས་རིགས་གཅིག་རྐང་འཛིན་ལྟ་བུའི་ལམ་ནས་བཙན་བྱོལ་བོད་མིའི་མི་ལོ་ ༥༠ ལྷག་གི་བྱུང་རབས་ཀྱི་ནང་སྙིང་བསློགས་དང་སློག་བཞིན་པ་དེའི་ཆ་ནས་བཤད་ཀྱང། ཅི་ལྟར་༧ཀུན་གཟིགས་བཅུ་པ་ཆེན་པོར་བོད་ནང་ཕྱོགས་དང་ཕྱོགས་སུ་ཀ་ཆེན་ཁ་ཤས་ཡོད་པ་ལྟར། ༧རྒྱལ་བ་རིན་པ་ཆེ་ལའང་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལས་ལྷག་གི་ཀ་ཆེན་ཞིག་མེད་པ་ད་ལྟའི་ཆར་ཚིག་ཐག་བཅད་ནས་སྨྲ་ཐུབ་པ་ཞིག་རེད།
༦ ཁོ་བོ་གང་དུ་རིག་པ་དང་བཅས་པའི་གནས་ལུགས་ཡོད་ན། དེའི་རྗེས་སུ་འབྲངས་རྒྱུ་ནི་མི་རུ་སྐྱེ་བ་དང་མི་རུ་གསོས་པ་གཉིས་ཀའི་དམ་ཚིག་ཡིན་པས་ན། ཕྱོགས་ལྷུང་དང་ང་དང་ཁྱེད་ཀྱི་ཀུན་སློང་ལྟགས་རྒྱབ་དུ་བཞག་ནས་སྐད་ཆ་འདི་དག་བཤད་པ་མིན་ལ། དེ་ནི་བདེན་པ་རྣམ་པར་རྒྱལ་བའི་བོད་མི་རིགས་ཀྱི་མཚོན་དོན་དེ་ཉག་ཅིག་གི་ཆེད་དུའང་ཡིན་ནོ་ཞེས་ཞར་བྱུང་དུ་སྨྲས་པ་ལགས་སོ།། སརྦ་མངྒ་ལམ།
རྩོད་པའི་རལ་གྲི་སོ་ཉིས་འདིས། སུའི་སྲོག་གཅོད་མིན་ཐེ་ཚོམ་ཞིག གཟུར་གནས་གཏམ་ནི་གང་ཡིན་པ། སུ་ཡིས་བརྗོད་ཀྱང་ཡི་རང་གནས།
མི་ཉག་བཙན་པོ།
ཆགས་སྡང་ཕྱོགས་ལྷུངས་དང་མྱོས་ཆང་བཏུང་བའི་མི་སྣ་ཁྱོད་ཡང་དེ་ལས་ལྷག་ཅིག་རེད་འདུག་ག།
ཁྱོད་ལྟར་ན། ཤེས་འཇོན་དང་ལྷག་བསམ་དྲང་བདེན། ཞུམས་མེད་སྙིང་སྟོབས་དང་སྤོབས་པ། གནའ་རབས་དེང་རབས་ལུགས་གཉིས་ལ་མཁས་པ། ནང་དོན་རིག་པ་དང་དེང་གི་རིག་པ་ལ་མཁས་པ། ཤེས་ཕོད་བསམ་ཕོད་ལས་ཕོད་གདེང་ཚོད་ཡོད་པ་དངོས་ཡོད་ཡིན་ན། ཁྲི་པ་ལས་ཐོག་དུས་ཡུན་གཉིས་རིང་འཇོན་ཐང་དང་ནུས་མཐུ་ཡོད་ཚད་མི་བཏོན་པར་ཡོད་ཚད་རྒྱར་བསྟུན་གྱིས་མགོ་འབུལ་ལུས་འབུལ་ཅ྄ིའི་ཕྱིར་བྱས་པ་རེད། དེ་དུས་རྟ་ཕོར་རྒྱུགས་ཤེད་ཡོད་ན་བྱང་ཐང་སྟོང་པ་སྟོང་རྐྱང་རེད། འོན་ཀྱང་དེ་ལས་ལྡོག་ཏེས་བོད་ཀྱི་རྩ་དོན་ནི་མུག་ཤི་ཐེབས་གྲབས་དང་ཛ་དྲག་ཇེ་ཆེ་རེད་ལ། ལས་འགུལ་ནི་ཡོད་ཚད་བསྟུན་མཁས་ཀྱིས་ཁ་ནས་རང་བཙན་ཡང་ལབ་མི་ཆོག་པའི་བཀའ་རྒྱ་དང་། བྱང་ཆུབ་སེམས་མཆོག་དང་ཞལ་འདོན་དགུ་སྐྱོར་གྱིས་གཤིན་པོའི་རྗེས་འཇུག་འདྲ་རྐྱང་རྐྱང་ངང་ལས་ཐོག་གཉིས་བསྐྱལ་བ་མ་རེད་པས། གཟུར་གནས་བློ་ལྡན་ཡིན་ན་དེ་ཚོ་མི་ཤེས་པ་ཅི་རེད།
ཤར་ཕྱོགས་ཁུག་རྟའི་གསུང་པ་དེ་དངོས་བདེན་རེད་འདུག ལྷོ་ཀོ་རི་ཡའི་ནང་ཚོགས་བཞིན་པའི་འཛམ་གླིང་ནང་པའི་ཚོགས་ཆེན་ལ་ཚོགས་ཞུགས་གནང་མཁན་བོད་པའི་སྐུ་ཚབ་ཚོར་རྒྱ་ནག་གིས་རྙོག་གླེང་བཤད་རྗེས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཚོགས་ཞུགས་གནང་རྒྱུ་དང་བཀའ་སློབ་གནང་རྒྱུ་ཕྱིར་འཐེན་གནང་དགོས་བྱུང་འདུག་པའི་སྐོར། ལྷོ་ཀོ་རི་ཡའི་ནང་ཡོད་པའི་བོད་ཁང་གི་འགན་འཛིན་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་སུ་རྣམ་རྒྱལ་ཤཱསྟྲིས་བཅར་འདྲི་ཞུས་པ་ཞིག་ཨ་རིའི་རླུང་འཕྲིན་ཟླ་་༦ པའི་ ཚེས་ ༡༢ ཉིན་གྱི་གསར་འགྱུར་ཐོག་གསན་རྒྱུ་འདུག་པ་ལགས་ན་དེ་དོན་དགོངས་འཇགས་ཡོད་པ་ཞུ།
ཤར་ཁུག་ལགས།
ངས་འདྲི་རྒྱུར་ཟམ་གདོང་རིན་པོ་ཆེ་ཚོགས་ཆེན་སྟེང་བཞུགས་ཡོད་པ་རེད་མེད་པ་རེད། གལ་སྟེ་བཞུགས་མེད་ན་གཞུང་འབྲེལ་སྐུ་ཚབ་ཆོས་དོན་བཀའ་བློན་ཚོགས་ཞུགས་གནང་ཐུབ་དེ་ཟམ་གདོང་བླ་མའི་མཛད་རྗེས་ལས་བྱུང་བ་རེད་པས། ཡང་ན་ཆོས་ཚོགས་ཀྱི་ཁྲིམས་གཞི་ལག་བསྟར་ལས་བྱུང་བ་རེད་པས། ཡང་ན་ཀོ་རི་ཡའི་བླ་ཆེན་རྣམས་དང་ཆོས་ལུགས་ཀྱི་མཐུས་ཚབ་མང་ཆེ་བའི་རྒྱབ་སྐྱོར་ལས་བྱུང་བ་རེད། མ་ཟད། རྒྱ་ཚབ་རང་འགུལ་གྱིས་ཕྱིར་འབུད་བྱས་པ་དེ་ཟམ་གདོང་བླ་མ་ཚོགས་བཞུགས་གནང་བ་ལས་བྱུང་བ་རེད། ཡང་ན་ཆོས་ཚོགས་ཀྱི་ཁྲིམ་གཞི་ལག་བསྟར་དང་བླ་ཆེན་དང་མཐུས་ཚབ་རྣམས་ཀྱིས་རྒྱབ་སྐྱོར་ལས་བྱུང་བ་རེད། ལན་གསལ་པོ་གསུངས་རོགས།
དེ་ནས་རྒྱལ་བ་གཉིས་པ་ཟེར་བ་དེ་ཁྱེད་ཀྱིས་ཆོས་ལུགས་བྱེ་བྲག་པ་དང་གང་ཟག་བྱེ་བྲག་པར་བཤད་ཀྱིན་ཡོད་ན་ནི། རྒྱལ་བ་གཉིས་པ་ལས་ལྷག་རྒྱལ་བ་ཐུབ་པ་ལས་ལྷག་ཅིག་ཡོད་ཟེར་ན་ཡང་ངས་དགག་བྱ་སྤུ་ཙམ་ཡང་མེད་ལ་ཇུས་ཏོག་ཀྱང་མེད། འོན་ཀྱང་གཞུང་འབྲེལ་ཆབ་སྲིད་དང་བོད་སྤྱི་ལ་ཨུ་ཚུགས་ཀྱིས་དྲུད་ཡོང་ན་ངས་ངོ་རྒོལ་མཐའ་གཅིག་ཏུ་ཡོད་ལ་ནམ་ཡང་ངོས་ལེན་མེད། རྒྱུ་མཚན་གོང་གི་མཆན་ནང་གསལ་པོ་བཀོད་ཡོད་ལ་ཁོང་གིས་མཛད་རྗེས་ཚང་མ་ཁྲི་བྱང་བླ་མའི་བཀའ་བསྒྲུབ་པ་མ་གཏོག་བོད་སྤྱི་པའི་རྩ་དོན་ལ་མི་དགོངས་པ་དེ་ཡིན། མ་ཟད་ཆོས་ལུགས་མི་སྣ་ཆབ་སྲིད་ཀྱི་སྡིང་ཆའི་གང་ཕེབས་བཞུགས་མང་དྲག་ཡོང་གི་འདུག། ང་ཚོའི་ཆབ་སྲིད་ཀྱི་བསྒྲུབ་བྱ་མཐའ་དག་ཆོས་ལུགས་དང་བསྲེས་ནས་སྡོམ་ཁྲིམས་བསྲུང་རྒྱུ་མང་དྲག་ཡོང་གི་འདུག་ལ་སྐྱ་མིན་སེར་མིན་ཆོས་མིན་སྲིད་མིན་རྐྱང་རྐྱང་ཆག་ཡོང་གི་འདུག།
དེ་དང་ཆབས་ཅིག། ད་ཆ་དགའ་ལྡན་ཕོ་བྲང་སྲིད་གཞུང་རྒྱལ་ཁ་དང་གཟི་རྗིད་ངང་མཇུག་སྒྲིལ་ཚར་བ་རེད་ལ། གཞུང་གསར་པ་སེང་གེ་སྒྲིག་འཛུགས་ཚང་གིས་སྐྱོང་གི་ཡོད་པ་རེད། འོན་ཀྱང་ཤར་ཁུག་ཁྱེད་ཀྱིས་དགའ་ལྡན་ཕོ་བྲང་སྲིད་གཞུང་སྐབས་ཀྱི་ཟམ་གདོང་བླ་མའི་བྱས་རྗེས་རྐྱང་རྐྱང་གླེང་ནས། གཞུང་གསར་པ་སེང་གེ་སྒྲིག་འཛུགས་ཚང་གི་སྐྱོན་ཆུང་ཡོད་ཚད་དྲ་ལམ་དུ་དྲུད་ཡོང་སྟངས་འདི། ཁྱོད་ཀྱིས་ལྷག་བསམ་ཟོལ་མེད་ཀྱིས་སེང་གེ་ཚང་ལ་ཕྱར་གྲུ་མཉམ་འདེགས་རེད་པས། ཡང་ན་ཁྱོད་གནས་དབྱུངས་བཏང་བའི་རྙིང་ནད་རེད་གསལ་པོ་གསུངས་དང་། ངས་སྐྱོན་བརྗོད་བྱས་མི་ཆོག་ནམ་ཡང་བཤད་ཀྱི་མེད་ལ་སྐྱོན་བརྗོད་དང་ཐེར་འདོན་དགག་བྱ་སོགས་ནི་ཡར་རྒྱས་ལ་སྐུལ་འདེད་དང་དམངས་གཙོའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། རེད་དེ་ཕྱོགས་གཅིག་ལ་བསྟོད་རྐྱང་དང་ཕྱོགས་གཅིག་སྨད་རྐྱང་བྱེད་པ་ནི་ཕྱོགས་ལྷུང་གི་གཏམ་ཁོ་ནའོ།
གྲོགས་པོ་ཤར་ཕྱོགས་ཁུག་རྟ་ལགས་ནས་རྒྱུ་མཚན་ཁོངས་ལྡན་གྱི་བདེན་
གཏམ་སྤེལ་བར་ཞེ་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཆགས་སྡང་ཕྱོགས་ལྷུང་གི་གཅོང་ནད་ཐེབས་པ་དང་མྱོས་ཆང་མཐོང་
བའི་མི་སྣ་དེ་དག་ལ་བདེན་པར་ར་སྤྲོད་བྱས་ཐབས་མེད་མོད་གཟུ་གནས་བློ་
ལྡན་གྱི་མི་རྣམས་ལ་བདེན་པ་ར་སྤྲོད་གནང་བར་དེ་བས་བཀའ་དྲིན་ཆེ་ལགས
དུས་རྟག་ཏུ་བོད་མི་རིགས་ནང་ཁུལ་དཀྲུགས་ཤིང་དང་བོད་མིའི་རྩ་དོན་ལ་
གནོད་བྱས་མཁན་རྣམས་ཀྱིས་མུ་ཐུད་རྙོག་གླེང་སྤེལ་ཀྱང་ནུས་པ་མེད་།
ཤེས་ཡོན་དང་འཇོན་ཐང། ལྷག་བསམ་དང་དྲང་བདེན། ཞུམ་མེད་སྙིང་སྟོབས་དང་སྤོབས་པ། གནའ་རབས་དང་དེང་རབས་ལུགས་གཉིས་པ་མཁས་པ།
ནང་དོན་དང་དེང་གི་རིག་གཉིས་ཀ་ལ་མཁས་པ།
ཤེས་ཕོད་པ་དང་བསམ་ཕོད་པ། ལས་ཕོད་པ་དང་གདེང་ཚོད་ཡོད་པ།
༸གོང་ས་མཆོག་གི་དགོངས་པ་མ་ནོར་བ་རྟོགས་ཐུབ་མཁན། ༸་གོང་ས་མཆོག་གིས་བཀའ་བཞིན་མ་ནོར་བ་སྒྲུབ་ཐུབ་མཁན།
བོད་བཙན་བྱོལ་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་གཏན་འབེབ་ནས་དམངས་
གཙོ་མཚན་ཉིད་ཡོས་སུ་ཚང་བ་ཞིག་སྒྱུར་བ་ལ་༸་གོང་ས་མཆོག་གིས་བཀའ་དགོངས་ལམ་སྟོན་གཞི་བཟུང་གིས་ལེགས་གྲུབ་བྱུང་བ་ནི་ཟམ་གདོང་བླ་
བཀའ་དྲིན་རེད་ཅེས་བརྗོད་ཆོག
དགོངས་དག་གོང་གི་ཤར་ཁུག་ལགས་ཀྱིས་ཅེས་པ་ཡན་ཆད་དུས་བབ་གསར་འགྱུར་ནང་བཀོད་འདུག
༼ཐེངས་འདིའི་གླེང་རྙོག་བརྒྱུད་རིམ་ཁྲོད་ཆོས་རིག་བཀའ་བློན་མཆོག་གིས་བཟོད་སྲན་གུ་ཡངས་གནང་པའི་ཐད། ཚོགས་འདུ་གོ་སྒྲིག་པའི་ངོས་ནས་བོད་མིའི་སྐུ་ཚབ་ཆོས་རིག་བཀའ་བློན་མཆོག་ལ་དགོངས་སེལ་བསྔགས་བརྗོད་དང་འབྲེལ། བཀའ་བློན་མཆོག་གི་གནམ་གྲུའི་གླ་ཆ་དང་ཚོགས་དོད་བཅས་ཆག་ཡང་ཞུ་རྒྱུ་ཡིན་པ་སྙན་གསན་ཞུས་ཡོད་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་ནས་ཕེབས་པའི་ཚོགས་བཅར་བ་དག་གིས་ཀྱང་བོད་མིའི་སྐུ་ཚབ་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ཡོད་འདུག
འདི་ལོ་ལྷོ་ཀོ་རི་ཀར་ཚོགས་པའི་འཛམ་གླིང་ནང་པའི་རྒྱལ་སྤྱིའི་ཆོས་ཚོགས་ཐེངས་ ༢༦ པའི་སྟེང་། འཛམ་གླིང་རྒྱལ་ཁབ་ཁག་ ༤༩ ནས་ཚོགས་ཞུགས་སྐུ་ཚབ་མི་གྲངས་ ༡༠༠༠ ལྷག་ཕེབས་ཡོད་པ་དང་། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་ལྷོ་ཀོ་རི་ཡའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན། ཆོས་རིག་བློན་ཆེན་དང་། གནད་ཡོད་བླ་མ་ཁག་གིས་གསུང་བཤད་གནང་རྗེས་རིག་གཞུང་གཞས་སྣ་ཁྲབ་སྟོན་ཞུས་ཡོད་པ་རེད། ཐེངས་འདིའི་འཛམ་གླིང་ནང་པའི་ཚོགས་ཆེན་ཐོག་རྒྱ་མིའི་སྐུ་ཚབ་ ༡༧ འབྱོར་ཡོད་ཀྱང་། མཐར་མཇུག་རྒྱ་ནག་དམར་གཞུང་གི་སྟངས་འཛིན་བཀའ་བཀོད་ལྟར་ཕྱིར་ལོག་ཡོད་འདུག༽ཅེས་དང་། ཡང༼རྒྱའི་སྐུ་ཚབ་ཚོ་ཡར་རྒྱུག་མར་རྒྱུག་ཀྱིས་ཀོ་རི་ཡའི་བླ་ཆེན་ལ། བོད་པའི་སྐུ་ཚབ་ཚོགས་འདུར་ཞུགས་ཚེ་ཁོ་ཚོ་ཕྱིར་འཐོན་རྒྱུ་ཡིན་སྐོར་བརྗོད་པར། བླ་ཆེན་གྱིས་ཁྱེད་ཚོ་འགྲོ་ན་འདུག་ན་ཁྱེད་རང་ཚོས་ཐག་གིས་ཆོད། ང་ཚོའི་ངོས་ནས་བོད་པའི་སྐུ་ཚབ་ཕྱིར་འབུད་རོགས་ལབ་རྒྱུ་མིན་ཞེས་གསུངས་འཕྲལ། རྒྱའི་སྐུ་ཚབ་ཚང་མ་ཚོགས་ཁང་ནས་ཐོན་ཡོད་པ་མ་ཟད། ཚོགས་ཁང་གི་ཕྱི་ལོགས་སུ་གོ་སྒྲིག་ཚོགས་ཆུང་གི་འབྲེལ་ཡོད་མི་སྣ་ཚོ་དང་རྩོད་རྙོག་ཡུན་རིང་བྱས་མཐར། ཐེངས་འདིའི་ཚོགས་ཆེན་སྟེང་གི་རྒྱལ་ཁབ་ ༤༩ ཡོད་པ་ལས། ཧོང་ཀོང་དང་སིང་གྷ་པོར། ཐེ་ལན་ཌི་གསུམ་མ་གཏོགས། གཞན་པའི་སྐུ་ཚབ་ཚང་མས་བོད་མིར་རྒྱབ་སྐྱོར་གནང་ཡོད་སྟབས། ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོར་རྒྱ་ནག་གི་སྐུ་ཚབ་ཡོངས་ཕྱིར་ལོག་དགོས་བྱུང་ཡོད་འདུག༽ཅེས་དང་། ཤར་ཁུག་ལགས་ཀྱིས༼ཡིན་ནའང་། སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་མགྲོན་གྱི་ངོ་བོར་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཏུ་ཕེབས་ཡོད་པ་དང་། རྒྱ་གཞུང་གི་གནོན་ཤུགས་དང་གོ་སྒྲིག་ཚོགས་ཆུང་གི་བར་ལ་གླེང་རྙོག་རིམ་པར་བྱུང་རྗེས། མཐའ་མ་དེར་རིན་པོ་ཆེ་མཆོག་ཚོགས་ཆེན་དུ་ཕེབས་པ་ཡིན་ན། ཚོགས་ཆེན་གྱི་ཚོགས་གཙོ་དང་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་ཚོགས་ཆེན་དུ་བཅར་མི་ཐུབ་རྒྱུའི་གནས་བབ་བཟོས་པ་དང་། གལ་སྲིད་དེ་ལྟར་བྱུང་ན་ཚོགས་ཆེན་ཚོགས་མི་ཐུབ་པར་བརྟེན་རིན་པོ་ཆེ་ཕྱིར་འཐེན་གནང་འདུག འོན་ཀྱང་ཚོགས་འདུ་ཙམ་མ་གཏོགས། ཞལ་ལག་གི་སྐབས་དང་བར་གསེང་བཅས་སུ་ཧོང་ཀོང་དང་སིང་ག་པོའི་མིན་པའི་འཐུས་མི་མང་ཆེ་བ་རིན་པོ་ཆེའི་སར་ཆེད་བཅར་གྱིས་མཇལ་འཕྲད་ཞུས་འདུག༽ཅེས་གསུངས་འདུག་པས་དོན་དངོས་ག་འདྲ་ཡིན་ནམ། གསལ་བཤད་ཅིག་གནང་རོགས། གཞན་དོན་མེད་དུ་གཅིག་གིས་གཅིག་ལ་ངན་འདོགས་དང་ཕྱོགས་ལྷུང་གི་སྐད་ཆ་རྐྱང་རྐྱང་བཤད་བསྡད་ན་ཕན་འབྲས་གང་ཡང་མི་འདུག མི་འདི་ཚོས་ཁག་དཀྲི་ས་ཅུང་ཙམ་རགས་ཚེ་བཙོག་རུ་བཙོག་ཚད་བསྐྱུགས་ཡོང་གི་འདུག
རྣམ་པ་ཚོ་ད་དུང་གསལ་བོ་མ་ཆགས་པ་ཡོད་ན། དྲི་བ་གནང་རོགས། ཕྲན་ནས་མཚོ་སྣ་རིན་པོ་ཆེར་ཁ་པར་ལམ་ནས་བཅར་འདྲི་བྱས་པ་ཞིབ་ཚགས་ཤིག་ཡོད་པས་མ་གསལ་བ་ཡོད་ན་འདྲི་རྐྱང་གནང་རོགས། མཚོ་སྣ་རིན་པོ་ཆེ་དང་ཆོས་རིག་བཀའ་བློན་ཆོས་ཚོགས་ཀྱི་མཛད་སྒོའི་སྐབས་རྐུབ་སྟེགས་མཉམ་དུ་བསྡད་པ་དང། དེ་ནས་ཅང་མ་འགོར་བར་དྲུང་ཆེས་མཚོ་སྣ་རིན་པོ་ཆེ་ཁོང་གི་བསྡད་སར་མངགས། དེ་ནས་ཅུང་ཙམ་མ་འགོར་བར་ཆོས་རིག་བཀའ་བློན་ཕྱི་ལ་ཐོན་སོང་བ། དེ་བཞིན་མཚོ་སྣ་རིན་པོ་ཆེ་ལགས་ཀྱང་ཕྱི་ལ་ཐོན་དགོས་ཆགས་སྐབས། མཚོ་སྣ་རིན་པོ་ཆེ་དང། འབྲས་སྤུངས་རི་རྒྱ་རིན་པོ་ཆེ། སུའུ་ཌན་གྱི་མཚོ་སྣ་རིན་པོ་ཆེའི་གྲོགས་པོ་ཞིག ཆོས་རིག་བཀའ་བློན་བཅས་ཟམ་གདོང་རིན་པོ་ཆེའི་གཟིམ་ཤག་ཏུ་བཅར་ནས་རིན་པོ་ཆེ་ཉིད་ནས་༧རྒྱལ་བ་རིན་པོ་ཆེའི་གསུང་འཕྲིན་སྒྲོག་རྒྱང་གནང་རྒྱུའང་ཡོང་གི་མེད་ཁར། ང་ཚོའང་ཕྱི་ལ་ཐོན་དགོས་ཆགས་སོང་བས། ད་ཅི་ལྟར་བྱ་མིན་ཐད་བཀའ་འདྲི་གྲོས་བསྡུར་བྱས་སྐབས། རིན་པོ་ཆེས་ཁྱེད་རྣམས་ཆོས་ཚོགས་ཀྱི་ཐོ་འགོད་བྱས་པའི་ཁྲིམས་མཐུན་ཚོགས་མི་རེད། རྒྱ་མིའི་ག་རེ་ལབ་མིན་ལ་མ་བལྟས་པར་བཅར་དགོས་ཀྱི་རེད་ཅེས་གསུངས་བས་དེ་བཞིན་ཨུ་ཚུགས་རྒྱབ་འདུག མཚོ་སྣ་རིན་པོ་ཆེའི་སུའུ་ཌན་གྱི་གྲོགས་པོ་དེ་དང་རྒྱ་མིའི་ཆོས་ཚོགས་འཐུས་མིའི་བར་རྩོད་པ་ཞེ་དྲག་ཤོར་བ་སོགས་མང་པོ་འདུག །
ཧཧཧཧཧ། ཆོས་རིག་བཀའ་བློན་རྒད་པོ་ཧོན་ལོག་དེའི་བཤད་པ་དེ་ཡ་མཚན་ཞིག་རེད་བསམས་བསྡད་ཡོད། ཏག་ཏག་རེད་འདུག རིན་པོ་ཆེ་ཕེབས་ཡོད་ས་རེད་ཅེས་གསལ་བོ་མ་ཤེས་མདོག་མདོག ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ང་གཅིག་པུ་ཡིན་ཞེས་སྐྱག་རྫུན་གཉིས། དེ་བཞིན་ཟམ་གདོང་རིན་པོ་ཆེ་ངོ་བོ་གང་འདྲ་ཞིག་ཏུ་ཕེབས་ཡོད་མེད་ཧ་གོ་མེད་ཟེར་བ་བཅས་ནི་ཡག་པོ་མ་རེད་ལ། སྐུ་སྒེར་ཡིག་ཚང་གི་གནང་སྒོ་ཞིག་ཆོས་རིག་ལས་ཁུངས་ནས་མི་མཁྱེན་ཟེར་ན་ག་རེ་རེད། འདི་དག་དྲང་པོ་མ་རེད།།།
༧གངས་ཅན་ལྗོངས་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་༧སྟོན་མཆོག་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་བསྟན་པ་ལ། རྒྱལ་བ་རང་ལྟར་བྱོན་པའི་སྲས་ཀྱི་ཐུ་བོ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ལས་གཞན་མེད་པ་ཞེ་དྲག་གསལ་བོ་རེད། ངས་སེང་གེའི་ངར་སྐད་ལྟར་༧རྒྱལ་བ་རིན་པོ་ཆེར་ངོམ་ཆོག་ཆོག་ཅིག་ཡོད་པ་ནི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མ་གཏོགས་གཞན་ཡོད་ཨང་ཅེས་པ་འདི་ཉིད་དོན་ལ་གནས་པ་ཞིག་ཡིན། གལ་སྲིད་སུ་ཞིག་གིས་ཕྱོགས་གང་ནས་༧རྒྱལ་བ་རིན་པོ་ཆེར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་ལས་ལྷག་ཅིག་ཡོད་པའི་དཔང་རྟགས་རིག་པས་བསག་བཅད་བརྡར་སྟེ་ང་དང་མཉམ་དུ་བཤམས་ཐུབ་པ་ཡིན་ན། ཉིན་མོ་དེར་རྒྱ་ཆེའི་མི་མང་གི་མདུན་དུ་ང་དང་བགྲོ་གླེང་མཁན་དེའི་ཞབས་ལ་བདག་གི་མགོ་བོས་ལན་གསུམ་ཕྱག་འཚལ་ངེས་ཤིང། ད་བར་ངས་བཤད་པ་དང་བྲིས་པ་ཐམས་ཅད་རྫུན་མ་ཡིན་པའི་ཐ་ཚིག་ཀྱང་བསྒྲགས་ཐུབ་པ་ཡིན། དེ་མིན། ཕྱོགས་ལྷུང་གདོན་གྱིས་བློ་མིག་ཟོས་པ་དག་ལ་ཕན་དུ་རེ་བ་ཆེར་མེད་ཀྱང། བདེན་པ་རྣམ་པར་རྒྱལ་བ་འདི་བསྐལ་བ་འཇིག་ནའང་འགྱུར་མེད་དུ་གནས་པས་སྤོབས་པ་དང་བཅས་རྒྱལ་བ་གཉིས་པར་བཅད་པའི་ངེད་ཀྱི་བཞེད་ཕྱོགས་ལ་མི་མཐུན་པ་ཆེ་ཕྲ་ཡོངས་ལ་ཅོ་འདྲི་བ་ཡིན་ནོ།།
སྐྱག་འབུ་འདི་ཚོས་ཁ་ཁོམ་སོང་ན་འདྲ་མི་འདྲ་བཤད་ཀྱི་འདུག་དོན་དངོས་གནས་ཟམ་རིན་པོ་ཆེ་ཚོགས་ཆེན་སྟེང་ཕེབས་ཡོད་དམ་མེད་གསལ་ཁ་ཅིག་བཟོ་རོགས། དེ་མིན་མི་མང་ལ་མགོ་སྐོར་མ་གཏོང་རོགས་ཐུགས་རྗེ་གཟིགས་ཁྱེད་ཅག་སུས་ཁ་ལ་ཉན་ཧ་གོ་གི་མི་འདུག།
ཡང་བྱིའུ་ཁུག་རྟས་ཐན་སྐད་གཅིག་གིས་སྲིན་བྱ་འགའ་གཉིད་ལས་དཀྲོགས་པར་བྱས་སྟེ་ཧཱ་ཧཱ་ཞེས་སྒྲོགས་ཀྱིན་འདུག།
བོད་ཚབ་ངོ་མ་ཆོས་རིགས་བཀའ་བློན་མཆོག་ནས་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་དང་དུས་བབས་གསར་འགོད་པས་བཅར་འདྲི་དང་ལེན་གནང་སྐབས་(སྤྱིར་ཟམ་གདོང་རིན་པོ་ཆེ་ལྷོ་ཀོ་རི་ཡའི་ཚོགས་འདུ་ཚོགས་ས་དེར་ཕེབས་ཡོད་པ་རེད། ཁོང་དེ་གར་བླ་ཆེན་གཙུག་ལག་སློབ་གྲྭ་དེ་འདྲས་གདན་འདྲེན་ཞུས་ཏེ་བཅར་འདྲི་དང་བཀའ་སློབ་གནང་ཡོད་ས་རེད་མ་གཏོགས། ནང་པའི་ཚོགས་ཆེན་སྟེང་སྐུ་དངོས་སུ་ཕེབས་ཡོད་པ་མ་རེད། དེའི་ནང་ལ་བོད་པའི་སྐུ་ཚབ་ང་གཅིག་པུ་རེད།) ཅེས་གསལ་པོ་གསུངས་འདུག་པས་ཁྱོད་ཀྱིས། འདི་ལྟར། (ཡ་མཚན་པ་ཞིག་ལ་ཆོས་རིགས་བཀའ་བློན་གྲེས་སྲོང་པདྨ་ཆོས་འབྱོར་ལགས་ནས། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་དང་དེ་བཞིན་དུས་བབས་གསར་འགོད་པར། ཕལ་ཆེར་རིན་པོ་ཆེ་མཆོག་ཀོ་རི་ཡར་ཕེབས་ཡོད་མེད་ཀྱང་གསལ་པོ་མི་ཤེས་པ་ལྟ་བུའི་བཀའ་གནང་འདུག་ཞེས་དང་། ད་དུང་ཁོ་བོས་ཚོགས་ཆེན་དེའི་ཚོགས་གཙོ་དང་སྤྱི་ཁྱབ་དྲུང་ཆེས་བོད་མིའི་སྐུ་ཚབ་ཚོར་ཆེད་མངགས་སྣེ་ཤེན་པར་མངགས་པ་རྣམས་དང་འབྲེལ་བ་ཞུས་པ་ཡིན།) ཞེས་པ་འདིས་རྫུན་རྐུབ་དང་པོ་དེ་རྡོལ་འདུག་ལ། སྣེ་ཤེན་པར་འབྲེལ་བ་ཞུས་པ་ཟེར་བ་དེ་ཡང་ཡ་མཚན་མ་རེད་པས། ད་དུང་ཁྱོད་ཀྱིས་ཆོས་ཚོགས་ཀྱི་ངོ་བོ་དང་དེའི་རྩ་ཁྲིམས་སོགས་ལ་ཆོས་རིགས་བཀའ་བློན་སོགས་ཐུགས་རྒྱུས་མངའ་མེད་དབང་གིས་ཅུང་ཙམ་མིན་རྦད་དེ་ཆོས་ཚོགས་ནས་ཕྱིར་ཐོན་དགོས་ཆགས་འདུག། ཞེས་ཁྱོད་ཀྱིས་བོད་ཚབ་ངོ་མ་ཆོས་རིགས་བཀའ་བློན་སོགས་ལ་མཐོང་ཆུང་ཚད་མེད་བཏང་འདུག་ལ། སྐབས་དེ་དུས་བོད་ཚབ་ཕྱིར་མི་ཐོན་པར་རྒྱ་ཚབ་ཡར་རྒྱུགས་མར་རྒྱུགས་བྱས་ནས་ཀོ་རི་ཡའི་བླ་ཆེན་ལ། བོད་ཚབ་ཕྱིར་འབུད་མ་བྱས་ན་རྒྱ་ཚབ་ཚོ་ཕྱིར་ཐོན་བྱེད་ཀྱི་ཡིན་ལབ་པར། བླ་ཆེན་གྱིས་ཁྱོད་ཚོ་འགྲོ་ན་འདུག་ན་ཁྱོད་ཚོ་རང་གི་ཐག་གཅོད། ང་ཚོའི་ངོས་ནས་བོད་ཚབ་ཕྱིར་འབུད་རོགས་ལབ་ཀྱི་མིན་ཞེས་གསུངས་ཕྲལ་རྒྱ་ཚབ་ཚང་མ་ཚོགས་ཁང་ནས་ཕྱིར་ཐོན་པ་བོད་ཚབ་ཀྱིས་གསལ་པོ་གསུངས་འདུག་པས། ཁྱོད་ཀྱི་རྫུན་རྐུབ་གཉིས་པ་དེ་རྡོལ་བ་རེད་ལ། ཚོགས་ཆེན་དུ་བཞུགས་མཁན་ཟམ་གདོང་བླ་མ་རེད། ཡང་ན་ཆོས་རིག་བཀའ་བློན་རེད། ཚོགས་ཆེན་ནས་ཕྱིར་ཐོན་མཁན་ཟམ་གདོང་བླ་མ་རེད། ཡང་ན་ཆོས་རིག་བཀའ་བློན་རེད། མ་གཞི་ནས་ལྷོ་ཀོ་རི་ཡར་ཚོགས་པའི་ནང་པའི་ཚོགས་ཆེན་སྟེང་ཁྱོད་ཁུག་རྟ་ཞུགས་པ་རེད་པས། ཡང་ན་ཆོས་རིག་བཀའ་བློན་མཆོག་ཞུགས་པ་རེད། རྒྱ་ཚབ་རྣམས་ཕྱིར་འབུད་ཐད་གཙོ་བོ་ཀོ་རི་ཡའི་བླ་ཆེན་རྣམས་དང་སྐུ་ཚབ་ཕལ་ཆེ་བའི་རྒྱབ་སྐྱོར་དང་ལྷག་པར་དུ་གྲ་སྒྲིག་ཚོགས་པས་རྩ་ཁྲིམས་ལ་གཞི་བཅོལ་ནས་བོད་ཚབ་ཕྱིར་འབུད་མ་བྱས་པར་རྒྱ་ཚབ་རྣམས་རང་འགུལ་གྱིས་ཕྱིར་འབུད་བྱས་པར་ཁྱོད་ཚོ་འུར་བསྟོད་ལ་དགའ་བ་རྣམས་ཀྱིས་ཟམ་གདོང་བླ་མས་འཇོན་རབས་དང་ནུས་རབས་བཤད་པ་དེ་རྫུན་རྐུབ་གསུམ་པ་དེ་རྡོལ་བ་མ་རེད་པས། དེ་གཅིག་ཡིན།
དེ་ནས་ང་ཚོ་བོད་ལ་༧རྒྱལ་བ་གཅིག་མ་གཏོགས་མེད། དེ་ནི་ཆོས་ཕྱོགས་ནས་བཤད་ན་བོད་མི་རིགས་ཀྱི་ལྷ་སྐལ་ཡིན་ལ། ཆབ་སྲིད་དང་ལོ་རྒྱུས་ནས་བཤད་ན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མགྲིན་དབྱངས་གཅིག་ཏུ་གྱེར་བའི་ཆབ་སྲིད་རང་བཞིན་ལྡན་པ་དང་ལོ་རྒྱུས་རང་བཞིན་ལྡན་པའི་མི་སྣ་གལ་ཆེན་ཞིག་ཡིན། འོན་ཀྱང་ཟམ་གདོང་བླ་མ་རྒྱལ་བ་གཉིས་པ་གང་འདྲ་སེ་ཆགས་པ་རེད། སུས་ངོས་འཛིན་བྱས་པ་རེད། ཆོས་ཕྱོགས་ནས་བཤད་ཀྱི་ཡོད་པ་རེད། ཡང་ན་ཆབ་སྲིད་ཀྱི་ངོས་ནས་བཤད་ཀྱི་ཡོད། ཆོས་ཕྱོགས་ནས་བཤད་ན་ཟམ་གདོང་བླ་མ་དགེ་ལུགས་པའི་བླ་མ་ཡིན་ཙང་ས་དཀའ་རྙིང་གསུམ་དང་གཡུང་དྲུང་བོན་བཅས་པས་ངོས་ལེན་ནམ་ཡང་ཡོད་རྒྱུ་མ་རེད། ཆབ་སྲིད་ཕྱོགས་ནས་བཤད་ཀྱི་ཡོད་ན་ཁོང་གིས་གཡོན་ཐལ་ཅན་གྱི་སྲིད་ཇུས་ལ་སྐྱོན་བརྗོད་དང་དགག་བྱ་ཇི་ཙམ་འདུག་ཁྱོད་ཀྱིས་གསལ་པོ་ཤེས་ཀྱི་རེད་པ། འོ་ན་རྒྱལ་བའི་སྐུ་ཚབ་གནང་ཙང་རྒྱལ་བ་གཉིས་པ་ཞེས་ལབ་ན། རྒྱ་རི་ཚང་དང་སྐལ་བཟང་རྒྱལ་མཚན་ལ་སོགས་པའི་སྐུ་ཚབ་ཚོགས་པ་རྣམས་ཀྱང་རྒྱལ་བ་གསུམ་པ་བཞི་པ་ཡིན་ཆོག་ལ་རྒྱལ་བའི་སྐུ་ཚབ་ཡིན་པས་ཕྱིར། དེས་མ་ཟད་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྒྱལ་བའི་མཚན་གནས་རྗེས་འབྲེལ་གྱིས་དོན་གཅོད་རྣམས་ཀྱང་རྒྱལ་བ་ལྔ་པ་དྲུག་པ་སོགས་རྫོགས་མཐའ་མེད་པར་འགྱུར་དགོས་པས། སྐད་ཆ་སོམས་ནས་ཤོད། རྩམ་པ་ལྡད་མས་མིད་ན་ཡག་པོ་ཡོད་པ་རེད། སོ་སོའི་དད་པ་དང་དག་སྣང་ཡིད་ཆེས་ཙམ་གྱིས་རྗེས་སུ་འབྲངས་ནས་བཙན་གྱིས་དྲུད་ཡོང་ན་ཏག་ཏག་བསྡད་ཀྱི་མ་རེད་དོ།
ཤར་ཁུག་གིས་རྫུན་རི་འདྲ་ཞིག་གཏམ་གྱིན་འདུག དངོས་དོན་ལ་སྨྱོན་མཁན་སྐབས་འཚོལ་བ་དག་ལ་མ་གཞི་གནས་ལུགས་བཤད་སའི་ཡུལ་དུ་མ་གྱུར་མོད། ཡིན་ནའང་། རྫུན་གཡོ་ཁྲ་གསུམ་འཁྲབ་སྟོན་ལ་མགོ་མི་འཁོར་བའི་ཆེད། གསལ་བཤད་ཅིག་ཞུ་འདོད་བྱུང་། ༼ཆོས་རིག་བཀའ་བློན་བགྲེས་སོང་པད་མ་ཆོས་འབྱོར་ལགས་ནས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་དང་དེ་བཞིན་དུས་བབ་གསར་འགོད་པར། ཕལ་ཆེར་རིན་པོ་ཆེ་མཆོག་ཀོ་རི་ཡར་ཕེབས་ཡོད་མེད་ཀྱང་གསལ་བོ་མ་ཤེས་པ་ལྟ་བུའི་བཀའ་གནང་འདུག༽ཞེས་འདི་ནི་ཤར་ཁུག་གི་གཏམ་དང་པོ་རེད། ཚང་མས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་བཅར་འདྲིར་ཉོན་དང་གསལ་བོ་གསལ་རྐྱང་རེད།
༼ཚོགས་ཆེན་གྱི་ཚོགས་གཙོ་དང་སྤྱི་ཁྱབ་དྲུང་ཆེ་རྣམ་གཉིས་ཚོགས་ཆེན་དུ་བཅར་མི་ཐུབ་རྒྱུའི་གནས་བབ་བཟོས་པ༽ ཞེས་པ་འདིའང་གནམ་ལ་མི་ཤོངས་པའི་རྫུན་གཏམ་གཉིས་པ་རེད། འདི་འདྲ་ཞིག་འཛམ་གླིང་ནང་པའི་མཐུན་ཚོགས་ཀྱི་ངོས་ནས་བརྗོད་མྱོང་ཡོད་པ་མ་རེད། རྒྱལ་སྤྱིའི་གསར་ལམ་ཁག་གང་དུའང་ཐོན་ཡོད་པ་མ་རེད། ཟམ་གདོང་བླ་མས་སྒོམ་རྟོག་ལ་འཁྲུངས་ཏེ་ཤར་ཁུག་ལ་བཀའ་ལུང་བསྩལ་བ་ཡིན་ན་ནི་ཤེས་མ་སོང་། དེ་བཞིན། འཛམ་གླིང་ནང་པའི་མཐུན་ཚོགས་རང་གི་ངོས་ནས་ཚོགས་གཙོ་དང་དྲུང་ཆེ་གཉིས་ཚོགས་བཅར་མི་ཐུབ་པའི་གནས་བབ་ཅིག་བཟོ་ས་འགྲོ་གི་མ་རེད་བཟོ་དགོས་དོན་ཡོད་པ་མ་རེད་ལ། མཐུན་ཚོགས་ཀྱི་ངོས་ནས་ཐེངས་འདིའི་རྒྱ་གཞུང་གི་བྱེད་བབ་ལ་ཕྱི་གསལ་ནང་གསལ་གྱི་སྐྱོན་བརྗོད་ཐེར་བྱས་པ་ལས་ཀྱང་གཏོགས་ཐུབ། ཟམ་གདོང་བླ་མར་ཧུའུ་ཅིན་ཐའོ་ཡིས་གསང་བའི་བཀའ་རྒྱ་བཏང་སྟེ། ཤར་ཁུག་དྲིལ་བསྒྲགས་མགྲིན་པར་གྱུར་བ་ཡིན་ན་ནི་མི་ཤེས།
སྤྱིར་གནས་ཚུལ་འདིའི་ཐད་གླེང་སློང་ཡོང་དོན་གཙོ་བོ་ནི། ཟམ་གདོང་བླ་མས་༸གོང་ས་མཆོག་གི་མཚན་ཁྱེར་དེ་འཛམ་གླིང་ནང་པའི་ཆོས་ཚོགས་སུ་བསྐྱོད་པ་བདེན་ཚེ། ཕར་ཕྱིན་རྗེས་ཚོགས་ཆེན་དུ་མ་བཅར་པར་ཕྱི་ལོག་ནས་འཁྱམ་འཁྱམ་བྱས་བསྡད་དེ་ནི། ཁོས་སྒེ་གཟུར་ཏེ་རང་སྣང་གང་ཤར་བྱས་པ་ཞིག་ཡིན་ནམ། ཡང་ན། ༸གོང་ས་མཆོག་ལ་སྙན་གསན་ཞུས་ཏེ་དགོངས་ཁྲོལ་ཐོབ་པ་ཞིག་ཡིན་མིན་དེ་དོགས་གཞི་ཅན་གྱི་གླེང་གཞི་དང་པོ་རེད། ཟམ་གདོང་བླ་མས་ནང་པའི་ཚོགས་ཆེན་ཐོག་རྒྱ་གཞུང་གིས་དབང་ཡོད་རྫུན་སྒྲོག་གིས་བོད་པའི་ཕྱོགས་ཀྱི་ནང་པའི་འཐུས་ཚབ་རྣམས་ཕྱིར་གཏོང་རྩིས་བྱས་སྐབས། དཀའ་ངལ་གདོང་ལེན་མ་བྱས་པར་ཝ་རྔ་མ་ཤུལ་ཏེ་རྒྱའི་འདོད་དོན་ཡིད་བཞིན་འགྲུབ་ཆེད་ཁུ་སིམ་མེར་མཐོང་མེད་ཐོས་མེད་དུ་གྱུར་དོན་དེ་ནི། དོན་གྱིས་ཟམ་གདོང་བླ་མས་རང་མིང་རང་ཁེ་དང་བོད་མི་རིགས་ཀྱི་བདེན་དོན་གཉིས་ལས་གང་ཞིག་ཚོང་གཉེར་བྱེད་ཀྱིན་ཡོད་མེད་ཀྱི་དོགས་གཞི་ཅན་གྱི་གླེང་གཞི་གཉིས་པ་རེད།
བོད་གཞུང་དྲ་རྒྱའི་ཟམ་གདོང་བླ་མའི་ཚོགས་ཆེན་ཚོགས་སའི་ཚོགས་ཁང་གི་སྒོ་འགྲམ་དུ་འཁྲབ་སྟོན་གྱི་འདྲ་པར་ཞིག་བླངས་ཏེ། སྔ་བ་སྔོན་མ་བྱས་ནས་བོད་གཞུང་དྲ་བའི་སྟེང་ཐོན་པ་དེ་ནི། ཟམ་གདོང་བླ་མའི་རང་ཉིད་ཐེངས་འདིར་གང་ཡང་མ་འཇོན་པར་ཝ་རྔ་མ་ཤུལ་ལེ་རང་དབང་ལུང་པ་ནས་ཀྱང་བྲོས་བྱོལ་བྱས་པའི་མིང་ཆད་ངན་པ་གཡོལ་ཆེད་མི་མང་ལ་འཁྲབ་སྟོན་བྱས་པ་ཞིག་ཡིན་མིན་དེ་དོགས་གཞི་ཅན་གྱི་གླེང་གཞི་གསུམ་པ་རེད།
དེ་སྔོན་བདེན་པའི་ཨུ་ཚུགས་ཞེས་ཁ་སྟོང་ནང་ནས་ཚིག་སྟོང་རི་འདྲ་ཞིག་བསྒྲགས་པ་དང་། གོམས་བགྲོད་བྱ་རྒྱུ་ཡིན་ཞེས་བཙན་བྱོལ་མི་མང་ལ་འཁྲབ་སྟོན་ངོ་གནོང་ཞིག་བྱས་པ། དེ་བཞིན། ཤར་ཁུག་གིས་རྡོ་གདན་ནས་གསུམ་དུས་ཉིན་ཁོ་རང་མེར་བསྲེགས་གཏོང་གི་ཡིན་ཞེས་ཁྱི་ལབ་གནམ་ལ་མི་ཤོངས་བ་ཞིག་བརྒྱབ་བཅས་ནི། སྐབས་འཚོལ་བ་དག་གི་འཁྲབ་སྟོན་བྱེད་སྟངས་ཙམ་ཡིན་པས་ན། མི་མང་མགོ་གཡོགས་མགོ་སྐོར་གྱི་འཁྲབ་སྟོན་དག་ལ་མི་མང་གིས་བསམ་ཞིང་དཔྱད་དེ་ལྟ་དགོས་སོ། ཐེངས་འདིར་ཤར་ཁུག་གིས་རྩོམ་ཡིག་འདི་འབྲི་དགོས་པའི་ཀུན་སློང་ཡང་རང་ཁེ་སྒྲུབ་བྱེད་ཀྱི་འཁྲབ་སྟོན་ཉག་གཅིག་ཅི་ཡང་མ་ཡིན་ནོ།
རྩོམ་སྒྲིག་པ་མཆོག་འདྲ་ས་མི་འདུག ཤར་ཕྱོགས་ཁུག་རྟའི་སྐད་ཆ་འདི་དག་བདེན་པ་ཡིན་ཚེ། ཉེ་ལམ་གནས་ཚུལ་འདིའི་སྐོར་ལ་མི་མང་པོ་ཞིག་གིས་ཡར་བཤད་མར་བཤད་མང་པོ་བྱས་ཀྱང་དོན་ལ་གནས་པ་གཅིག་ཀྱང་བྱུང་མི་འདུག དུས་བབ་རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་མཆོག་གིས་ཟམ་གདོང་རིན་པོ་ཆེ་མཆོག་ཐུགས་ཀྱི་ངང་རྒྱུད་རིང་བས་ཚོགས་འདུ་གོ་སྒྲིག་པ་ཚོའི་རེ་འདུན་དང་ལེན་གནང་སྟེ་ཕྱིར་འཐེན་བྱས་པ་ཡིན་སྲིད་པ་དང་། ཆོས་རིག་བཀའ་བློན་མཆོག་གིས་མགོ་འཚོས་རུང་མ་འཚོས་རུང་ཆབ་སྲིད་ཀྱི་གནས་ཚུལ་ཞིག་ལ་བསམ་བློ་བཏང་སྟེ་ཨུ་ཚུགས་ཀྱིས་ཚོགས་ཞུགས་གནང་བ་ཡིན་སྲིད་སྐོར་ཚོད་དཔག་གནང་འདུག་པ་ཕལ་ཆེར་ཏག་ཏག་འཁེལ་ཡོད་ས་རེད།
༄༅། ། མ་ཧཱ་པཎྜི་ཏ་སློབ་དཔོན་ཟམ་གདོང་རིན་པོ་ཆེའི་ཞབས་བརྟན་དད་ལྡན་ཁྱེའུའི་སྨོན་པ་ཞེས་བྱ་བ་བཞུགས་སོ།
གངས་ཅན་ལྗོངས་ལ་བཀའ་དྲིན་ཆེ་བའི་མགོན།།
གངས་ཅན་ལྗོངས་ཀྱི་ལྷ་མི་ཀུན་གྱི་མགོན།།
རྒྱལ་བ་དོན་གྱི་བདག་པོའི་སྲས་གཅིག་པུ།།
མ་ཧཱ་པཎ་ཆེན་ཟམ་གདོང་སྤྲུལ་སྐུར་འདུད།།
སྙིགས་མའི་རང་མདངས་ཆེས་ཆེར་བདོ་བའི་དུས།།
གངས་ཅན་ལྗོངས་ལ་༧རྒྱལ་བློན་ཚུལ་དུ་བྱོན།།
བསྟན་སྲིད་ཉག་ཕྲའི་སྲི་ཞུར་རླབས་ཆེན་པོ།།
སྒྲུབ་པའི་ཐོན་མི་གཉིས་པ་ཁྱེད་ལ་འདུད།།
རྒྱ་དམར་ཀླ་ཀློའི་དཔུང་གིས་བརྩེ་མེད་དུ།།
གངས་ལྗོངས་ཡོངས་རྫོགས་ཁྱུར་མུད་གཏོང་བའི་སྐབས།།
གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
སྐུ་ཚེ་གང་བོར་དགུང་དུ་འདེགས་ལ་འདུད།།
ལྟ་ངན་མུན་པའི་ཚོགས་རྣམས་མཐར་བྱེད་ཅིང།།
ལོག་མཐོང་བྱིས་པའི་ཚོགས་རྣམས་སྐྲག་བྱེད་པ།།
བསམ་སྦྱོར་ངན་པར་བྱམས་བརྩེའི་ལམ་སྟོན་པ།།
རིག་པའི་དཔའ་བོ་ཟམ་གདོང་བླ་མར་འདུད།།
༧རྒྱལ་བ་དོན་གྱི་བདག་པོའི་ཕྱག་གཡས་བཞིན།།
བཙན་བྱོལ་གཞུང་མང་མང་གཙོའི་ལམ་དུ་བསྒྱུར།།
བསྒྱུར་བའི་གཞི་ལྡན་ཁྲིམས་ཀྱི་སྲོག་ཤིང་བཙུགས།།
དྲང་བདེན་རྣམ་པར་སྐྱོང་ལ་སྙིང་ནས་འདུད།།
བསྟན་པའི་གཞི་རྩ་འདུལ་བའི་བསླབ་ཁྲིམས་བཙུན།།
བཟང་པོའི་སྤྱོད་པའི་འདོད་ཆུང་ཆོག་ཤེས་བརྟན།།
དྲང་བདེན་ཐབས་ཀྱིས་སྐྱོང་བའི་མི་དབང་ཞེས།།
ས་གསུམ་དབང་དུ་བསྒྱུར་བ་ཁྱེད་ལ་འདུད།།
འཇིག་རྟེན་གཏམ་གྲགས་བདུད་ཀྱི་གཡབ་མོར་བརྩི།།
མི་རྣམས་དགའ་བའི་པེད་ཤག་བཙོག་པར་གཟིགས།།
གཞན་དོན་ཉམས་ལེན་མཐའ་འཁྱོངས་མཛད་པ་ཡི།།
མ་ཧཱ་མཁས་པའི་དབང་བོ་ཁྱེད་ལས་སུ།།
དེ་ལྟ་ནའང་རེ་ཤོས་ལོག་སྒྲིབ་ཀྱིས།།
མ་རིག་མུན་པའི་གཡང་དུ་འཆོང་འགྲོ་བ།།
བསམས་ཚེ་བོད་ཀྱི་བསོད་བདེ་སྐམ་པ་ལ།།
སྙིང་གི་སྐྱོ་བ་མ་ཁོག་ཤེད་ཀྱིས་བཞུར།།
ཡིན་ཡང་བདེན་པ་རིན་བྲལ་སྲོག་གི་ཀ།
ས་ཡི་གོ་ལའི་སྙིང་དུ་ཟུགས་ཡོད་པས།།
ནམ་ཞིག་མ་རིག་མུན་པའི་ཚོགས་རྣམས་ཀྱིས།།
དྲི་བྲལ་ཟེར་མ་མཐོང་བའི་སྨོན་ལམ་འདེབས།།
༧རྒྱལ་མཆོག་སྐུ་ཚེ་ཞལ་བཞེས་ལྟར་བརྟན་ཅིང།།
མ་ཧཱ་མཁས་མཆོག་རྡོ་རྗེ་ཁམས་སུ་བརྟན།།
དཀར་ཕྱོགས་གཟུགས་མེད་ཚོགས་ཀྱི་གྲོགས་དང་བཅས།།
གངས་ཅན་སྐྱེ་དགུའི་མགོན་དུ་བརྟན་བཞུགས་གསོལ།།
འདི་ཙམ་འབྲི་འདོད་ཡིད་ལ་འཆར་བ་དེས།།
སེམས་ཅན་རྒྱུད་ཀྱི་མ་རིག་རབ་གསལ་སྟེ།།
བདེན་པར་འབྲངས་པའི་རིག་པའི་རྣམ་དཔྱོད་ལ།།
རྟག་ཏུ་མ་ཉམས་སྤྱོད་པའི་སྨོན་ལམ་འདེབས།།
གསལ་བཤད་འདི་བཀླགས་འཕྲལ་ཡིད་སྐྱོ་བའི་མཆུ་མ་དང་བཅས་༧སློབ་དཔོན་རིན་པོ་ཆེ་བཀའ་དྲིན་དྲན་བཞིན་ཤར་མར་བྲིས།། ༢༠༡༢། ༦། ༢༥། དགུང་མོར་ནུབ་ཕྱོགས་ནས།།
ཡང་འདིར་རྫུན་གཏམ་བསྒྲིགས་འདུག ཆོས་རིག་བཀའ་བློན་གྱིས་རིན་པོ་ཆེ་ཀོ་རི་ཡར་ཕེབས་ཡོད་པ་རེད་ལ། མཐོ་སློབ་ཏུ་བཀའ་སློབ་གནང་བ་དང་། མི་སྣར་མཇལ་འཕྲད་གནང་ཡོད་པ་རེད་གསུངས་ཡོད་པ་ལས། ཕེབས་ཡོད་མེད་གསལ་པོ་ཧ་མ་གོ་སྐོར་གསུངས་མི་འདུག འདིའི་རིགས་ལ་རྩོམ་སྒྲིག་པས་ཐུགས་སྣང་དང་སྟངས་འཛིན་བྱེད་རྒྱུ་གལ་ཆེ། སྤྱིར་ལས་བྲེལ་གྱིས་དོན་སྣང་མ་བྱུང་བ་ཡིན་ངེས་རེད།
ཟམ་གདོང་རིན་པོ་ཆེ་ཚོགས་ཆེན་དེར་ཕེབས་མ་ཐུབ་པའི་བརྒྱུད་རིམ་དེ་ཡང་ཡང་དག་ཅིག་མ་རེད།
རྫུན་གཏམ་མང་པོ་བསྒྲིགས་ནས་ཕན་ཐོགས་མི་འདུག སྤྱིར་བཏང་བོད་མི་གནད་ཡོད་མང་པོ་ཟིག་གིས་རྒྱ་མཐོང་དུས་ཞེད་སྣང་སྐྱེས་པ་དང་། ངོ་དགའ་ཁོ་ན་བྱེད་ཀྱི་ཡོད་པས། ཟམ་གདོང་རིན་པོ་ཆེ་ཡང་རྒྱ་ལ་ཕོག་ཐུག་མི་འགྲོ་ཆེད་ཚོགས་ཐོག་ནས་ཕྱིར་འཐེན་གནང་བ་ཡིན་སྲིད།
ད་ཡིན་ན་ཧ་གོ་ཡས་རྩ་བ་ནས་མིན་འདུག དེ་འདྲ་ཡིན་ན་ཆོས་རིག་བཀའ་བློན་མཁྱེན་བཞིན་དུ་སུ་མགོ་བསྐོར་གཏོང་གི་ཡོད་དམ།