ལོ་གཉིས་ཙམ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་ལ་རེ་འདུན་ཞུས་པ་ལྟར། དེ་སྔ་རྒྱ་གར་དབུས་གཞུང་གི་ཐད་ཀའི་སྟངས་འཛིན་འོག་ཡོད་པའི་བོད་པའི་གཏན་སློབ་ ༧༡ ཙམ་ཉེ་ཆར་དབུས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག
རྒྱ་གར་གསར་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་རྒྱ་གར་དབུས་ཤེས་ཡོན་ལྷན་ཁང་གིས་ད་སྔ་ཁོང་ཚོའི་ཐད་ཀའི་སྟངས་འཛིན་འོག་ཡོད་པའི་བོད་པའི་གཏན་སློབ་ (CST) ཁག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱ་རྒྱུའི་ཐག་གཅོད་བྱས་ཡོད་འདུག་ལ། སློབ་གྲྭ་དེ་དག་ ༡༩༥༩ ལོར་༧གོང་ས་མཆོག་གིས་དབུས་བོད་མི་ཚོ་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་རྗེས། རྒྱ་གར་གཞུང་གིས་སྐྱབས་བཅོལ་བོད་མི་ཚོར་སློབ་སྦྱོང་སྤྲོད་ཕྱིར་ཟུར་དུ་བོད་པའི་སློབ་གྲྭ་གསར་རྒྱག་མགོ་འཛུགས་བྱས་ཡོད་པ་དང་། ད་ཆར་རྒྱ་གར་གྱི་མངའ་སྡེ་ཨ་རུ་ནཱ་ཅལ་དང་ཨོ་རུ་སཱ། སི་ཀེམ། ཧི་མཱ་ཅལ། ཀཱར་ནཱ་ཊ་ཀཱ ནུབ་བྷེན་གྷལ། མཱ་ཧ་རཱ་ཤཱི་ཊི་རཱ། ཆཱ་ཊེ་སི་གྷར་སོགས་ཀྱི་ནང་དུ་རྒྱ་གར་དབུས་གཞུང་གི་ཐད་ཀའི་སྟངས་འཛིན་འོག སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་པར་གྱི་དམའ་རིམ་དང་གཞི་རིམ། གཞི་རིམ་གོང་མ་བཅས་སློབ་གྲྭ་གྲངས་ ༧༡ ཙམ་གྱི་ནང་བོད་རིགས་སློབ་མ་ ༨༠༠༠ ཙམ་ཡོད་འདུག
ཟླ་སྔོན་མའི་ཕྱི་ཚེ་ ༢༩ ཉིན་རྒྱ་གར་ (Indian Express) སྟེང་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་ནང་བོད་མིའི་སློབ་གྲྭ་མང་པོ་ཞིག་གསར་འཛུགས་བྱས་ཡོད་པ་ལས་མང་ཆེ་བ་རྒྱ་གར་གཞུང་གི་སྟངས་འཛིན་འོག་ཡོད་སྟབས། ལོ་གཉིས་ཙམ་གྱི་གོང་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་ལ་སྙན་ཞུ་ཕུལ་ཏེ། རྒྱ་གར་གཞུང་གི་སྟངས་འཛིན་འོག་ཡོད་པའི་བོད་པའི་གཏན་སློབ་ཁག་དབུས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་ཡོང་རྒྱུའི་རེ་འདུན་བཏོན་ཡོད་ཅིང་། ཐོག་མའི་ཆར་རྒྱ་གར་གཞུང་གིས་ངོས་ལེན་བྱས་མེད་ཀྱང་། རྗེས་སུ་སྐབས་དེའི་རྒྱ་གར་ཕྱི་སྲིད་དྲུང་ཆེ་ལྕམ་ནེ་རཱུ་པཱ་མཱ་ (Nirupama Rao) ལགས་ཀྱིས་རྒྱ་གར་དབུས་ཤེས་ཡོན་ལྷན་ཁང་ལ་སློབ་གྲྭ་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་དགོས་པའི་དགོངས་ཚུལ་བཏོན་སྟབས། རྒྱ་གར་དབུས་ཤེས་ཡོན་ལྷན་ཁང་གིས་བོད་མིའི་གཏན་སློབ་ ༧༡ ཡོད་པ་རྣམས་དབུས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱ་རྒྱུ་ངོས་བཞེས་གནང་ཡོད་འདུག
གནང་ཚུལ་ནང་མུ་མཐུད་དུ་བཀོད་དོན། རྒྱ་གར་གཞུང་གི་ཐག་གཅོད་ནང་། བོད་མིའི་སྒྲིག་འཛུགས་རང་ངོས་ནས་སློབ་གྲྭ་ཁག་མང་པོ་ཞིག་གསར་རྒྱག་གིས་ད་ཆར་སློབ་གྲྭ་དེ་དག་ནང་སློབ་ཕྲུག་ ༡༧༠༠༠ ལྷག་ཡོད་ཅིང་། སློབ་གྲྭ་དེ་དག་གི་འཛིན་སྐྱོང་ཡག་པོ་ཡོད་པ་མ་ཟད། རྒྱུགས་འབྲས་ཀྱང་རྒྱ་གར་དབུས་གཞུང་གི་ཐད་ཀའི་སྟངས་འཛིན་འོག་ཡོད་པའི་བོད་པའི་གཏན་སློབ་ཁག་ལས་བཟང་པ་ཡོད་སྟབས། རྒྱ་གར་གཞུང་གི་སྟངས་འཛིན་འོག་ཡོད་པའི་བོད་པའི་གཏན་སློབ་ཁག་ལས་སློབ་གྲྭ་ ༣༣ གང་མགྱོགས་དབུས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱ་རྒྱུ་དང་། གཞན་དག་རིམ་བཞིན་རྩིས་སྤྲོད་བྱ་འཆར་ཡིན་འདུག
སློབ་གྲྭ་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འོག་བསླེབས་རྗེས་དམའ་རིམ་དང་གཞི་རིམ་སློབ་གྲྭའི་སློབ་ཚན་ཁག་བོད་ཡིག་ནང་འཇོག་རྒྱུ་དང་། གཞི་རིམ་གོང་མའི་སློབ་ཚན་ཁག་དབྱིན་ཡིག་ནང་འཇོག་རྒྱུ། ཡིག་རྒྱུགས་དང་སློབ་གྲྭའི་ཟུར་སྦྱོང་རིག་གནས་ཁག་སི་བྷི་ཨེ་སི་ཨེ་ (CBSE) དང་། རྒྱ་གར་རྒྱལ་ཡོངས་ཤེས་རིག་ཉམས་ཞིབ་དང་སྦྱོང་བརྡར་འགན་འཛིན་ལྷན་ཁང་ (NCERT) གཉིས་ཀྱི་འོག་འགྲོ་དགོས་པ། སློབ་གྲྭ་དེ་དག་ནང་དེ་སྔོན་ནས་ཡོད་པའི་རྒྱ་གར་དགེ་རྒན་ཚོས་མུ་མཐུད་སློབ་ཁྲིད་བྱ་རྒྱུ་བཅས་བྱས་ཡོད་འདུག
གོང་གི་གནས་ཚུལ་དེའི་སྐོར་ལ་རྒྱ་གར་གྱི་སྲིད་དོན་དཔྱད་བརྗོད་པ་ཚོས་ལྟ་ཚུལ་སྣ་ཚོགས་བཏོན་ཡོད་པ་ལས། རྒྱ་གར་ནེ་རོ་གཙུག་ལག་སློབ་ཆེན་ (JNU) གྱི་སློབ་དཔོན་ཟུར་པ་སྐུ་ཞབས་བྷམ་བྷི་རེ་ (C.P. Bhambhri) ཡིས། རྒྱ་གར་གཞུང་གིས་བོད་པའི་རྩ་དོན་བརྒྱུད་རྒྱ་དཀར་ནག་བར་གྱི་རྫ་མ་ཚ་བོ་བཟོ་བཞིན་ཡོད་པ་དེས་རྒྱ་ནག་ལའང་བརྡ་ལན་ཞིག་རག་ངེས་ཡིན་ཚུལ་དང་། རྒྱ་གར་ནི་སྣ་འཛོམས་ཤེས་རིག་འཕེལ་རྒྱས་ཀྱི་སྲིད་ཇུས་འཛིན་མཁན་ཞིག་ཡིན་ཞིང་། བོད་པའི་རིག་གཞུང་ཡང་རྒྱ་གར་གྱི་སྣ་འཛོམས་ཤེས་རིག་གི་གྲུབ་ཆ་ཞིག་ཡིན་སྟབས། རྒྱ་གར་དབུས་གཞུང་གིས་རྩ་དོན་ཞིག་གི་ཐད་ནས་སློབ་གྲྭ་དེ་དག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱ་དགོས་ངེས་ཤིག་ཡིན་སྐོར་སོགས་བརྗོད་འདུག
ཡང་སློབ་གྲྭ་དེ་གའི་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་མཱོ་ཧན་ཊེ་ (Manoranjan Mohanty) ཡིས་ “རྒྱ་གར་གཞུང་གིས་བཙན་བྱོལ་བོད་གཞུང་ངོས་ལེན་མེད་སྟབས། སློབ་གྲྭ་དེ་དག་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱ་རྒྱུ་ལས་རྒྱ་གར་གཞུང་གི་སྟངས་འཛིན་འོག་གནས་ན་ལེགས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྙན་ཞུ་ལ་ངོས་ལེན་བྱས་ཚེ། རྒྱ་དཀར་ནག་གི་ཕྱི་འབྲེལ་ལ་དོ་ཕོག་བཟོ་ངེས་”ཞེས་བརྗོད་འདུག
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་པའི་གཏན་སློབ་ཁག་གི་སྟངས་འཛིན་ཐད་ཀར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བྱ་ཆོག་རྒྱུ་དང་། སློབ་གྲྭ་དེ་དག་གི་འགྲོ་གྲོན་མཐུན་འགྱུར་མུ་མཐུད་རྒྱ་གར་དབུས་གཞུང་གིས་གནང་རྒྱུའི་རེ་སྐུལ་ཞུས་ཡོད་འདུག གོང་གསལ་གནས་ཚུལ་ཁག་གི་སྐོར་ལ་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་མཆོག་ལ་ཐེངས་མང་འབྲེལ་བ་ཞུས་ཏེ། ཞིབ་ཕྲའི་གནས་ཚུལ་ངོ་སྤྲོད་ཡོང་བའི་འབོད་སྐུལ་ཞུས་ཀྱང་ཞལ་བཞེས་གནང་མ་སོང་།
གསར་འགོད་པ། བནྡེ་སྐྱབས།
དོན་གྲུབ་བཀྲ་ཤིས་ཀྱིས་དཔྱད་བརྗོད་བྱས་པ་ནོར་འདུག གཏན་སློབ་ཁག་བོད་གཞུང་ལ་རྩིས་སྤྲོད་ཀྱང་། འགྲོ་སོང་རྒྱ་གར་གཞུང་གིས་གཏོང་གི་རེད། བོད་མིས་འཛིན་ཆ་ཚང་བྱས་ཡོད་པའི་རིག་གཞུང་གི་སྡེ་ཚན་མང་པོར་རྒྱ་གར་གཞུང་གིས་འགྲོ་སོང་གཏོང་གི་ཡོད་པ་མ་ཟད། བོད་གཞུང་གི་རྒྱུན་གྲོན་གྱི་འགྲོ་སོང་ཆེད་དུ་ཡང་རྒྱ་གར་གཞུང་གིས་མི་ཉུང་བ་སྤྲོད་ཀྱི་ཡོད།
སློབ་གྲྭ་འདི་དག་ང་ཚོས་ཚུར་བླངས་པ་ཡིན་ན་ལེགས་ཆ་དང་ཞན་ཆ་གཉིས་ཀ་ཡོད་པ་རེད།
ལེགས་ཆའི་ཕྱོགས་ནས་སློབ་གྲྭའི་ཤེས་ཡོན་སྒྲིག་གཞི་དང་འཛིན་སྐྱོང་སྟངས་འཛིན་ཡོངས་རྫོགས་ང་ཚོའི་ལག་ཏུ་ཡོད་སྟབས། ཕྱོགས་གང་ཐད་ནས་སྟངས་འཛིན་དོ་དམ་བྱ་བདེ་བ་ཡོད་པ་རེད། གཅིག་བྱས་ན་སློབ་ཕྲུག་ཚོའི་ཤེས་ཡོན་དང་། ལྷག་པར་དུ་བོད་རང་གི་ཡུལ་སྲོལ་གོམས་གཤིས་ཐོག་སྔར་ལས་ཕྲན་བུ་ཡར་རྒྱས་འགྲོ་སྲིད་པ་རེད།
ཞན་ཆའི་ཐད་ནས་མ་འོངས་པར་སློབ་གྲྭ་འདིའི་འཛིན་སྐྱོང་གི་འགྲོ་གྲོན་ཡོང་རྫོགས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཏོང་དགོས་ཆགས་གི་རེད་ལ། སློབ་གྲྭ་འདི་དག་ནང་གི་རྒྱ་གར་བའི་ལས་བྱེད་དང་དགེ་རྒན་བསྐོ་བཞག་གི་ཐད་ནས་དཀའ་ངལ་ཡང་མི་ཉུང་བ་ཞིག་འཕྲད་སྲིད་པ་རེད།
གནས་ཚུལ་འདི་ནི་རྒྱ་གར་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཞིག་ལ་མཚོན་ན་གཏམ་བཟང་ཞིག་རེད། གང་ཡིན་ཟེར་ན། ལོ་རབས་མང་པོའི་རིང་ལ་གཏན་སློབ་ཀྱི་སློབ་མ་རྣམས་ནི་བོད་གཞུང་དང་རྒྱ་གར་དབུས་གཞུང་གཉིས་ཀྱི་དབར་ལ་རྐང་རྩེད་སྤོ་ལོ་བཞིན་དུ་ཕར་གཡུག་ཚུར་གཡུག་བྱེད་ནས་གྱོང་གུན་དང་འཐུས་ཤོར་ཆེན་པོ་ཞིག་ཕྱིན་ཡོད།
ངོ་མ་གཏམ་བཟང་རེད། མཛད་ཇུས་འདི་དུས་ལ་བབས་པ་དང་རང་གི་རིག་གཞུང་རང་དབང་ལུང་པ་ནང་དར་སྤེལ་གཏོང་ཐུབ་པ་སྨྲ་མི་དགོས། མི་དབང་༧བཀའ་ཁྲི་མཆོག་དང་། དབུས་བཀའ་ཤག་གཉིས་ལ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་མ་ཟད་ད་བོད་པ་རྩམ་བཟན་རང་དབང་ལུང་པ་ནང་་ཡོད་པ་རྣམས་གཉིད་ལས་གྲོལ་ཏེ་རིག་གཞུང་ མི་རིགས་ལེགས་བྱང་བསྲུང་སྐྱོབ་བྱེད་པའི་དུས་ལ་སླེབས་ཤག། བོད་ནང་གི་ཉིན་རེ་འཚོ་བ་ཧ་གོ་ཚར་བ་གཞི་ལ་བཞག་ནས་དེ་ལྟ་བུའི་སྙིང་སྟོབས་ཀྱིས་ནུས་པ་མེད་ཀྱང་ལས་དོན་འདི་འདྲ་ཞིག་བྱེད་གལ་ཆེ་བ་བཅས།
གནས་ཚུལ་སྤེལ་བ་དང་། རྒྱ་གར་གཞུང་གི་ཚུར་སྤྲད་པ་བཅས། དབུས་བོད་མིའི་བསྒྲིགས་འཛུགས་ཀྱིས་འཇོན་ཐང་ཚང་མ་ལ་ཐུགས་རྗེ་ཆེ།
བོད་རང་བཙན། བོད་རྒྱལ་ལོ།
ངོ་མ་གཏམ་བཟང་རེད། དུས་བབ་ཚང་གིས་གཏམ་བཟང་བསྣམས་ཡོང་བར་ཐུགས་རྗེ་ཆེ། གནས་ཚུལ་འདི་འགག་རྩ་ཆེན་པོ་ཞིག་ཆགས་ཡོད་པ་རེད། བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྦྱོང་འཐུས་ཤོར་དུ་འགྲོ་གཞི་གཙོ་བོ་ཞིག་རྒྱ་གར་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པའི་གཏན་སློབ་འདི་དག་ཆགས་ཡོད་པར་མང་པོ་ཞིག་གིས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། མ་འོངས་པར་བཙན་བྱོལ་བོད་གཞུང་གི་འོག་ཏུ་ཚུར་བླངས་པ་ཡིན་ན་ང་ཚོའི་ཤེས་ཡོན་སློབ་གསོར་རེ་བ་ཆེན་པོ་ཞིག་བསླེབ་ངེས་རེད།