དེ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་བཅས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་གཞུང་འབྲེལ་མཛད་སྒོ་ཞིག་འཚོགས་སོང་།
དེ་རིང་ཞོགས་པ་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་ངྷ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འདི་ལོའི་སྐུའི་འཁྲུངས་སྐར་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་དེ་ལ་དྭགས་ཁུལ་ནས་མགོ་འཛུགས་གནང་བའི་བདེན་པའི་མེ་ལྕེ་སྐོར་སྐྱོད་ངྷ་སར་འབྱོར་བའི་གཞུང་འབྲེལ་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་བཅས་ཀྱིས་དབུས་གཞུང་ཞབས་ལས་བྱེད་དང་། ངྷ་ས་ས་གནས་མགོ་འཛིན་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་བཅས་མཉམ་ཞུགས་གནང་སོང་།
མཛད་སྒོའི་ཐོག་མར་བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཆེད་དུ་མྱ་ངན་གུས་འདུད་དང་། དེ་རྗེས་བོད་ཀྱི་ཟློ་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས། ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་སྐབས་ཀྱི་བརྒྱུད་རིམ་ངོ་སྤྲོད་གནང་ཞིང་། དེ་ནས་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གསུམ་ལ་ས་གནས་མགོ་འཛིན་གྱིས་བདེན་པའི་མེ་ལྕེ་བརྒྱུད་སྤྲོད་གནང་སོང་།
དེའི་རྗེས་བཀའ་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་ངོས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་དབུ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་དེའི་དགོས་འདུན་ཁག་ལ་རྒྱབ་སྐྱོར་ཡོད་པ་དང་། རྒྱ་གཞུང་གིས་བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་རྒྱབ་ཏུ་ཕྱི་སྡོད་བོད་མི་དང་ཏཱ་ལའི་རུ་ཚོགས་ཡོད་ཚུལ་སྐྱོན་འཛུགས་བྱེད་ཀྱིན་པའི་བདེན་པ་མ་ཡིན་པ་དེ་གང་ཐུབ་ཅི་ཐུབ་ཀྱིས་ཁ་གསལ་བཟོ་དགོས་པ། རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ནི་བོད་མི་ཙམ་མིན་པར་ཨེ་ཤ་ཡ་དང་ཡུ་རོབ། ཨ་རབ། ཨ་རི་སོགས་ཀྱི་ནང་བྱུང་མྱོང་པ་ལྟར། བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་པའི་རྒྱུ་རྐྱེན་ནི། འདས་པའི་ལོ་ ༥༠ ལྷག་རིང་རྒྱ་གཞུང་གི་མཁྲེགས་འཛིན་སྲིད་ཇུས་འོག་བོད་མི་ཚོ་འདུག་འདོད་མེད་པའི་འུ་ཐུག་གི་ཆབ་སྲིད་རང་བཞིན་གྱི་ངོ་རྒོལ་ཞིག་ཡིན་པ། བོད་ནང་གི་རང་ལུས་མེར་བསྲེགས་ངོ་རྒོལ་གྱིས་བཙན་བྱོལ་བོད་མི་ཚོར་ཁོང་ཚོའི་ཚེ་སྲོག་བློས་གཏོང་གི་ངོ་རྒོལ་དང་མངོན་འདོད་དེ་མ་བརྗེད་པའི་ཐོག རྒྱལ་སྤྱིའི་སྤྱི་ཚོགས་ལ་གསལ་བཤད་བྱ་དགོས་པའི་བརྡ་ལན་སྤྲོད་ཀྱི་ཡོད་སྐོར་གསུངས་སོང་།
དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་བཟོ་ལྷན་ཚོགས་ཤིག་ཆགས་ཡོད་ཀྱང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་དུ་ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་མཚན་བཅས་ཀྱི་ཐད་ནས། སྤྱི་འཐུས་རྣམས་ཁྲིམས་བཟོ་མཁན་ཡིན་བསམ་ཏེ་བསྡད་ན་འགྲིག་གི་མེད་པ་གསལ་བོ་ཡིན་སྟབས། བོད་ནང་གི་ཛ་དྲག་གནས་བབ་དང་བོད་མིའི་འཐབ་རྩོད་ཀྱི་མཐའ་མའི་རྒྱལ་ཁ་མ་ཐོབ་བར་དུ། སྤྱི་འཐུས་ལྷན་ཁང་གི་ཚོགས་མི་སུ་ཡིན་རུང་སོ་སོའི་ནུས་པ་བཏོན་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་དང་། རྒྱ་གར་སོགས་ཕྱོགས་གང་སར་ལས་འགུལ་སྤེལ་དགོས་པ་དང་། ཐེངས་འདིའི་བདེན་པའི་མེ་ལྕེ་ལས་འགུལ་ནི་ཟླ་བ་མང་པོའི་རིང་ནས་གྲོས་བསྡུར་ཐག་གཅོད་བྱུང་བ་ཞིག་ཡིན་ཞིང་། ལས་འགུལ་འདི་བོད་མི་འདུས་སྡོད་ས་གནས་ཡོད་ཚད་ནང་བསླེབ་ཐུབ་པ་ཙམ་མ་ཟད། ཕྱི་སྡོད་བོད་མི་ཚང་མ་ལས་འགུལ་འདིའི་ནང་མཉམ་ཞུགས་བྱ་ཐུབ་པའི་གོ་སྐབས་སྐྲུན་ཡོད་པ། བདེན་པའི་མེ་ལྕེ་སྐོར་སྐྱོད་ས་གནས་གང་དུ་འབྱོར་སྐབས་ཚང་མས་འགན་ཁུར་ཏེ་མངའ་སྡེ་གཞུང་དང་ས་གནས་གཞུང་། མི་མང་བཅས་ལ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་། རྒྱབ་སྐྱོར་འཚོལ་ཐབས། མཚན་རྟགས་བསྡུ་རུབ། གསར་འགོད་གསལ་བསྒྲགས་སོགས་ཀྱི་གོ་སྐབས་དག་དམ་འཛིན་བྱ་དགོས་སྐོར་བཅས་གསུངས་སོང་།
དེ་བཞིན། ཁོང་གིས་དེང་སྐབས་རྒྱ་གཞུང་གིས་ཕྱི་སྡོད་བོད་མི་ཚོར་དངུལ་དངོས་དང་ལས་གནས་སོགས་ཀྱི་ཐད་ནས་བསླུ་བྲིད་གཏོང་པའི་སྲིད་ཇུས་ཞིག་འཛིན་བཞིན་པ་ལྟར། ལྷ་ས་གྲོང་ཁྱེར་སྲིད་གྲོས་(Municipal Council) ནང་ཆེད་དུ་ཕྱི་སྡོད་བོད་མིའི་ཆེད་རྐུབ་སྟེགས་ ༥ གསར་གཏོད་བྱས་ཡོད་པ་ལྟ་བུའི་ཇུས་ངན་ལ་བཙན་བྱོལ་བོད་མི་ཚོས་གཟབ་ནན་བྱ་དགོས་པ་དང་། གལ་སྲིད་ཇུས་ངན་དེ་ལེགས་གྲུབ་བྱུང་པ་ཡིན་ན་ས་གནས་གཅིག་ཙམ་མིན་པར་བོད་ཀྱི་ས་ཁུལ་གཞན་དག་ཏུའང་སྲིད་ཇུས་དེ་ཁྱབ་སྤེལ་བྱ་སྲིད་པའི་སྐོར་བཅས་གསུངས་ཡོད།
གསར་འགོད་པ། བནྡེ་སྐྱབས།
ཀླུ་སྨྱོན་གྱིས་བཤད་པ་བདེན། བྱིའུ་ཁུག་རྟ་དང་། ཟླ་ཚེ། རྨོ་བསྟན། ལྷ་མོ་སྐྱབས། དང་ཤར་ཡོན་རྒྱམ་བཅས་ཀྱི་ཐོབ་སྐལ་ཡིན་སྟབས་གཞན་པས་འཚང་ཁ་མ་རྒྱག་ན་བཟང་།
རྐུབ་སྟེགས་དེ་ཚོ་ནི་བོད་མི་རྒྱུ་རྔམ་ཅན་ཚོ་བེད་སྤྱོད་གཏོང་བྱེད་ཙམ་ལས། རྐུབ་སྟེགས་དེའི་སྟེང་ནས་བོད་མི་རིགས་ལ་ཕན་པའི་ལས་ཀ་གང་ཡང་བྱེད་མི་ཐུབ་པ་ཐག་ཆོད་རེད། དེས་ན་དེ་གོ་སྐབས་ཡིན་པར་བསམ་པ་ནི་རྒྱ་གཞུང་ལ་རྒྱུས་མངའ་གང་ཡང་མེད་པའི་རྟགས་རེད།
དུས་བབ་གསར་འགོད་པ་བནྡེ་སྐྱབས་ལགས།
གོང་གི་གསར་འགྱུར་དེའི་ནང་དུ་༼ཕྱི་སྡོད་བོད་མི༽་ཞེས་པ་ཐེངས་བཞི་ལ་བཀོད་འདུག ༼ཕྱི་སྡོད་བོད་མི༽་ཞེས་པ་འདི་རྒྱ་ནག་དམར་ཕྱོགས་གཞུང་གི་སྐད་ཆ་ལུང་དྲངས་པ་ཡིན་ནམ། ཡང་ན་གསར་འགོད་པ་རང་གི་ངག་གིས་བརྗོད་པ་ཡིན། གལ་སྲིད་ལུང་དྲངས་པ་ཡིན་ན་དེ་གསར་འགོད་པའི་ངག་ཚིག་མིན་པ་གསལ་བྱེད་ཀྱི་ཚིག་ཕྲད་དང་བརྡ་མཚོན་འགོད་དགོས་པ་དང་། ཐད་ཀར་དུ་དྲངས་པའམ་བརྒྱུད་ནས་དྲངས་པ་གང་ཡིན་དབྱེ་བ་འབྱེད་དགོས་སྙམ། གོང་གི་གསར་འགྱུར་དུ་༼ལྟ་བུ༽ཞེས་པ་ཞིག་མ་གཏོགས་ལུང་འདྲེན་གང་ཡིན་གསལ་ཁ་སྟོན་བྱེད་ཅང་མི་འདུག
དམིགས་བསལ་དུ། ༼ཕྱི་སྡོད་བོད་མི་ཚང་མ་ལས་འགུལ་འདིའི་ནང་མཉམ་ཞུགས་བྱ་ཐུབ་པའི་གོ་སྐབས་སྐྲུན་ཡོད་པ།༽ཞེས་པ་འདིའི་ནང་གི་༼ཕྱི་སྡོད་བོད་མི༽ཞེས་པ་ནི་སྤྱི་འཐུས་ཚོགས་གཙོ་རང་གི་ངག་ཚིག་ཡིན་པ་ལྟ་བུ་འདུག་པས། དེ་ཡིན་ན་བོད་མི་མང་གི་བསམ་ཚུལ་སྟོན་པའི་ཐ་སྙད་དམ་ཚིག་གྲུབ་ཡིན་པར་ཁྱབ། སྤྱི་འཐུས་ཚོགས་གཙོ་མི་མང་གི་ཚབ་ཡིན་པས་དེའི་ཐ་སྙད་ཀྱང་བོད་མི་མང་གི་ངག་ཡིན་པ་ཁས་ལེན་དགོས། དེ་འདྲ་ཡིན་ན། ༼ཕྱི་སྡོད་བོད་མི༽ཞེས་པ་འདི་ངས་ཁས་མི་ལེན་ཏེ། འདི་རྒྱ་ནག་དམར་ཤོག་གཞུང་གིས་བོད་མི་ཚོ་རྒྱ་ཁོངས་ཡིན་པར་སྟོན་པའི་ཆབ་སྲིད་ཀྱི་བརྡ་ཆད་ཡིན་པས་སོ།།
ང་ཕྱི་སྡོད་བོད་མི་མིན། ང་བཙལ་བྱོལ་བོད་མི་ཡིན། ང་བཙན་པོའི་གཉའ་གནོན་ལས་བྱོལ་དུ་འོངས་པ་ཡིན། གལ་སྲིད་སྤྱི་འཐུས་ཚོགས་གཙོས་བོད་མི་ཚོ་ཕྱི་སྡོད་བོད་མི་ཡིན་པར་ཁས་འཆེས་ནས་རྒྱ་ནག་གཞུང་གི་ལངས་ཕྱོགས་མཚོན་པའི་ཆབ་སྲིད་བརྡ་ཆད་དེ་བརྗོད་ཡོད་ན། ཁོ་རང་གིས་ངའི་ཚབ་མཚོན་མི་ཐུབ། བཙལ་བྱོལ་བོད་མི་ཟེར་བ་འདི་ནི་ད་གཟོད་ངའི་གནས་བབ་དང་རྒྱུ་མཚན་མཚོན་པའི་བརྡ་ཆད་ཡིན།
གང་ལྟར་རྒྱ་ནག་གི་༼ཕྱི་སྡོད་བོད་མི༽་ཞེས་པའི་བརྡ་ཆད་འདི་ལ་རྒྱ་ཡིག་ཏུ་ཅིན་ཝེ་ཙང་པོ༼境外藏胞༽ཞེས་ཟེར་བས། དེའི་དོན་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེའམ་ཧྭ་ཞ་མི་རིགས་ཀྱི་མེས་རྒྱལ་གྱི་ཁོངས་སུ་གཏོགས་པའི་བོད་མི་ཕྱི་རྒྱལ་དུ་གནས་པ་ཚོ་ལ་ཟེར་གྱིན་འདུག རྒྱ་ནག་གཞུང་གི་གསར་འགྱུར་དེར་༼ཕྱིར་ལོག་བོད་རིགས་སྤུན་ཟླ་༽འམ། རྒྱ་སྐད་དུ归国藏胞་ཟེར་བ་འདུག་ཀྱང་། བོད་ཡིག་གི་འགྱུར་དེས་རྒྱ་ཡིག་གི་དོན་ཇི་བཞིན་མཚོན་མི་འདུག རྒྱ་ཡིག་གི་དོན་ནི། རྒྱལ་ཁབ་ཏུ་ཕྱིར་ལོག་པའི་བོད་རིགས་སྤུན་ཟླ་ཟེར་དགོས། འདི་ནི་རྒྱ་ནག་གི་ཆབ་སྲིད་ཀྱི་ལངས་ཕྱོགས་སྟོན་པའི་བརྡ་ཆད་གནད་འགག་ཅིག་ཡིན་པ་དེ་འོན་པ་མ་གཏོགས་མི་གོ་མཁན་གང་ན་ཡོད།
དྲ་གྲོགས་ཚོས་ཀྱང་༼ཕྱི་སྡོད་བོད་མི༽ཞེས་པ་འདི་དང་བཙན་བྱོལ་བོད་མི་ཞེས་པའི་ཐད་ནས་བསམ་ཚུལ་རེ་བརྗོད་ན་ལེགས་། ང་ཚོས་དོ་སྣང་མ་བྱས་ཚེ། རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་ཐབས་ལ་རྨོངས་པ་དག་གིས་བོད་མི་ཚོ་མིག་གཉིས་ཡོད་བཞིན་དུ་གཡང་ལ་འཁྲིད་པ་མ་ཡིན་ནམ།
གལ་སྲིད་རྐུབ་སྟེགས་དེ་རིགས་བཀའ་བློན་ཁྲི་ཟུར་ཁག་ཅིག་གིས་འཛིན་ཐུབ་པ་ཡིན་ན། དབུ་མའི་ལམ་ལེགས་འགྲུབ་ཡོང་བར་བསྐུལ་འདེད་གཏོང་ཐུབ་ཀྱི་རེད། ད་གོ་སྐབས་དེར་འཇུ་དགོས་པ་མ་རེད་དམ།
ད་ནི་དབུ་མའི་ལམ་རྒྱ་བོད་མཉམ་གནས་ལ་ཡིད་ཆེས་བྱེད་མཁན་ཚོར་གོ་སྐབས་སྤྲད་པ་རེད། ད་གོ་སྐབས་འཆོར་གི་མ་འཇུག་རོགས།